འཇམ་དཔལ་གྲགས་པ་དང་ལས་གྲོགས་རྣམས་ཀྱིས་ཕྱིར་འཚོང་བྱེད་པའི་ཐོན་རྫས་ལེགས་སྒྲིག་བྱེད་བཞིན་པ།
རྡོ་རྗེ་དོན་འགྲུབ་ཀྱིས་རྡོ་བརྐོས་ཐོན་རྫས་ལས་བཞིན་པ།
གནད་འཁེལ་དབུལ་ཐར་མཁྲེགས་གཏོར་གྱི་གནད་འགག་གི་སྐབས་སུ། རྒྱལ་ཁབ་དབུལ་སྐྱོར་གསར་སྤེལ་གྱི་རྫོང་གཙོ་བོ་ཡིན་པ་དང་། གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གིས་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དེ་དབུལ་ཐར་བྱེད་པའི་ཐབས་ལམ་གཙོ་བོར་བྱས་ཏེ། ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་དབུལ་ཕོངས་ཀྱི་མི་རྣམས་དབུལ་ཐར་བྱེད་པར་སྣེ་ཁྲིད་བྱེད་བཞིན་ཡོད།
ཉེ་ལམ། གསར་འགོད་པ་རྩེ་ཁོག་རྫོང་ཞིང་ཆེན་རིམ་པའི་གནད་འཁེལ་དབུལ་སྐྱོར་ཐོན་ལས་ར་བར་ཐོན་པ་ན། “གནད་འཁེལ་དབུལ་ཐར་བྱས་ཏེ། མཉམ་དུ་འབྱོར་འབྲིང་ཕྱོགས་སུ་བསྐྱོད”ཞེས་པའི་ཡིག་འབྲུ་དེ་དག་མིག་ལམ་དུ་མངོན་པ་དང་། རྡོ་བརྐོས་ཐོན་སྐྱེད་འཁོར་ཁང་ནས་མི་རིགས་ཀྱི་རྒྱན་གོས་ལས་སྣོན་ཁང་སོགས་སུ་འཚེམ་འཁོར་དང་ཐོ་བ་སོགས་ཀྱི་སྒྲ་ཆད་མེད་དུ་གྲགས་འོང་།
རྩེ་ཁོག་རྫོང་ཧོར་རྡོ་བརྐོས་རིག་གནས་ཐོན་ལས་གསར་སྤེལ་ཚད་ཡོད་ཀུང་སིའི་རྡོ་བརྐོས་འཁོར་ཁང་དུ། རྡོ་རྗེ་དོན་འགྲུབ་ཀྱིས་བློ་སེམས་རྩེ་གཅིག་གིས་འགྲུབ་ལ་ཉེ་བའི་རྡོ་བརྐོས་བརྩམས་ཆོས་ཤིག་བརྐོ་བཞིན་འདུག
རྡོ་རྗེ་དོན་འགྲུབ་ནི་ཡིག་ཚགས་བྱང་བུ་ཡོད་པའི་དབུལ་ཕོངས་ཁྱིམ་ཚང་ཞིག་ཡིན་པ་དང་། ཁོས་རྩེ་ཁོག་རྫོང་ཧོར་གྲོང་རྡལ་ཧོར་སྡེ་བ་རུ་འཚོ་བ་རོལ་བཞིན་ཡོད། དེ་སྔོན་ཁོས་རྩྭ་ས་དང་ནོར་ལུག་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད་ལ། ད་ལྟ་རྡོ་བརྐོས་ཀྱི་ལས་ཀ་གཉེར་ནས་ལོ་གཉིས་ཙམ་འགོར་སོང་། རྡོ་བརྐོས་ལག་རྩལ་ལ་བརྟེན་ན་ཟླ་རེར་གླ་ཕོགས་ཡོད་ལ། ཁྱིམ་དུ་ནོར་ལུག་ཉོས་པས་འཚོ་བ་ལེགས་བཅོས་བྱུང་།
རྩེ་ཁོག་རྫོང་ཧོར་རྡོ་བརྐོས་རིག་གནས་ཐོན་ལས་གསར་སྤེལ་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་མགོན་པོ་རྣམ་རྒྱལ་གྱིས་བཤད་རྒྱུར། ཁོ་ཚོས་འདོན་སྤྲོད་བྱས་པའི་ལས་གནས་བཅོ་ལྔའི་ཁྲོད་ཀྱི་ལས་གནས་བཅུའི་ལས་བཟོ་བ་ནི་དབུལ་ཕོངས་ཁྱིམ་ཚང་གི་ཡིན་ལ། ལས་བཟོ་བའི་ཟླ་རེའི་གླ་ཕོགས་ཆ་སྙོམས་བྱས་ན་སྒོར་སྟོང་གཉིས་ཡན་ཡིན་པ་དང་། ལོ་རེར་ཟླ་བཅུ་ཡས་མས་སུ་ལས་ཆོག་ཟེར།
རྩེ་ཁོག་རྫོང་འབྲོག་མོ་སྣུམ་ལོག་མའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་རུ་ཐོན་པ་ན། འགྲེམ་སྟོན་ཚོམས་ཆེན་དུ་བོད་ལྭ་ཧ་ཅང་མཛེས་པ་ཞིག་བཤམ་ཡོད་པ་དང་། ཐོན་སྐྱེད་འཁོར་ཁང་དུ་བཟོ་གྲྭའི་འགོ་གཙོ་དུང་མོ་མཚོ་ཡིས་བྱང་ཆ་ལྡན་པའི་སྒོ་ནས་བོད་ལྭ་འདྲལ་བཞིན་འདུག་ལ། དྲས་ཚར་བའི་རས་སྣ་ལས་བཟོ་བ་རྣམས་ཀྱིས་ལས་སྣོན་བྱེད་བཞིན་ཡོད།
འབྲོག་མོ་སྣུམ་ལོག་མའི་ཀུང་སིའི་འགོ་གཙོ་སྒྲོལ་མ་མཚོ་ཡིས་བཤད་རྒྱུར། དུང་མོ་མཚོ་ནི་རྩེ་ཁོག་རྫོང་ཉིན་ཕྱུག་ཞང་དཀར་ལྡང་སྡེ་བའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་རིན་ཡིན་ལ། ཡིག་ཚགས་བྱང་བུ་ཡོད་པའི་དབུལ་ཕོངས་ཁྱིམ་ཚང་ཞིག་ཡིན་པ་དང་། ཁོ་མོས་ཚེམས་བཟོའི་ལག་རྩལ་ལ་བརྟེན་ནས། རང་སྡེ་བ་དང་ཉེ་འགྲམ་གྱི་སྡེ་བའི་བུད་མེད་དྲུག་གི་སྣེ་ཁྲིད་དེ་གནས་འདིར་ཡོང་ནས་འཚོ་ཐབས་བཙལ་བ་དང་། ཡོང་སྒོ་ཟླ་གཅིག་ལ་སྒོར་སྟོང་ལྔ་ནས་དྲུག་ལེན་ཐུབ། བཅར་འདྲི་བྱེད་སྐབས། དུང་མོ་མཚོ་ཡི་གདོང་ལ་བདེ་སྐྱིད་ཀྱི་འཛུམས་ཀྱིས་ཁེངས་ཡོད།
གཡང་དཀར་འབའ་སྒྲ་ནོར་ལུག་བལ་ཁུལ་ཐོན་ལས་ཚད་ཡོད་ཀུང་སི་ནི་འཇམ་དཔལ་གྲགས་པས་གསར་དུ་བཙུགས་པ་ཡིན་ལ། ཕྱུགས་ཟོག་གསོ་སྤེལ་ལ་བརྟེན་ནས་ལུག་བལ་གྱི་ཉལ་ཐུལ་དང་ལྷམ་གདན། སྐེ་དཀྲིས་སོགས་ཐོན་ལས་ལས་སྣོན་བྱས་ཏེ་ཕྱིར་འཚོང་བྱེད་བཞིན་ཡོད་ལ། ཐོན་རྫས་མཚོ་སྔོན་དང་བོད་ལྗོངས། སི་ཁྲོན་སོགས་ས་གནས་ཀྱི་བོད་ཁུལ་ལ་བཙོང་སྟེ་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད་པ་དང་། ཧར་པིན་གྲོང་ཁྱེར་དུ་ཡང་དགའ་བསུ་ཆེན་པོ་བྱེད་བཞིན་ཡོད།
གསར་འགོད་པས་རྒྱུས་ལོན་པ་ལྟར་ན། འཇམ་དཔལ་གྲགས་པ་དང་རྩེ་ཁོག་རྫོང་ཉིན་ཕྱུག་ཞང་གསེར་ལུང་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ལ་གོང་འོག་གི་་གནས་སྐོར་ཐོན་ལས་སྦྲེལ་མཐུད་བྱས་ཡོད་པ་དང་། ལོ་རེར་ཁོའི་ཁེ་ལས་ཀྱི་ཐོན་སྐྱེད་ཁྲོད་བལ་གྱི་དགོས་མཁོ་ཡོད་ཚེ་ཚང་མ་མཉམ་ལས་ཁང་གིས་འདོན་སྤྲོད་བྱེད་བཞིན་ཡོད་ལ། ལོ་རེར་མ་བཅོས་རྒྱུ་ཆ་ཉོ་བའི་གྲོན་དངུལ་ཕལ་ཆེར་སྒོར་འབུམ་གཉིས་སུ་སླེབས་ཡོད་པས། མཉམ་ལས་ཁང་གི་ཁོངས་མིར་ཡོང་སྒོ་བགོ་བཤའ་རྒྱག་པའི་མ་དངུལ་སྣ་གཅིག་གིས་ཇེ་མང་དུ་སོང་ཡོད་ཅིང་། དེ་བཞིན་དུ་དབུལ་ཕོངས་ཁྱིམ་ཚང་གི་ཡོང་སྒོའང་ཇེ་མང་དུ་སོང་།
ཡུལ་བབས་དང་བསྟུན་ནས་ཁྱད་ལྡན་ཁྱད་སྟོབས་ཐོན་ལས་འཕེལ་རྒྱས་སུ་བཏང་བ་དང་། ནུས་ཤུགས་ཡོད་དགུས་དབུལ་སྐྱོར་མཁྲེགས་སྐྱོར་ལས་དོན་ལས་རྒྱལ་བར་བརྩོན་ལེན་བྱས། རྩེ་ཁོག་རྫོང་སྐྱེ་ལྡན་ཕྱུགས་ལས་ཐོན་ལས་དཔེ་སྟོན་ས་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དཔལ་མཁར་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། མིག་སྔར། རྩེ་ཁོག་རྫོང་དབུལ་སྐྱོར་ཐོན་ལས་ར་བས་ཁེ་ལས་ཁྱིམ་ཚང་བཞི་ལ་ཚོང་འགུག་དངུལ་འདྲེན་བྱས་པ་དང་། མཉམ་ལས་ཁང་དྲུག་ཏུ་ཞུགས། ལོ་གཅིག་གི་སྤྱིའི་ཐོན་རིན་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བཞི་ས་ཡ་ལྔ་རུ་སླེབས་ཡོད་པ་དང་། ལས་ཞུགས་ཀྱི་ལས་གནས་ཉིས་བརྒྱ་རེ་ལྔ་འདོན་སྤྲོད་བྱས་ལ། དེའི་ཁྲོད་དབུལ་ཕོངས་ཁྱིམ་ཚང་བརྒྱ་དང་ཉེར་བདུན་ཡོད། རྫོང་ཡོངས་སུ་ཁེ་ལས་དང་མཉམ་ལས་ཁང་དུ་ཞུགས་པའི་ཁྱིམ་ཚང་དྲུག་བརྒྱ་ལྔ་བཅུ་དང་མི་གྲངས་སྟོང་གཉིས་སུམ་བརྒྱ་བཅུ་ཡོད་ལ། དབུལ་ཕོངས་མི་གྲངས་ལ་ཁེ་ཕན་འབྲེལ་མཐུད་ཀྱི་ལམ་ལུགས་བཙུགས།
དེ་དང་ཆབས་ཅིག དབུལ་སྐྱོར་ཐོན་ལས་ར་བས“དཔེ་སྟོན་ས་ཁུལ་དང་མཉམ་ལས་དང་། དབུལ་སྐྱོར་ཁེ་ཕན་ཐོབ་པའི་ཁྱིམ་ཚང”ལ་འཁོར་སྐྱོད་རྣམ་པ་བེད་སྤྱོད་བྱས་ཏེ། དབུལ་ཕོངས་ཁྱིམ་ཚང་ལ་དབུལ་སྐྱོར་བྱས་པ་དང་། 2018ལོར་དབུལ་སྐྱོར་མ་དངུལ་བསྡོམས་པས་སྒོར་འབུམ་ལྔ་དང་ཁྲི་ལྔ་བཏང་ལ། ཁེ་ཕན་ཐོབ་པའི་དབུལ་ཕོངས་ཁྱིམ་ཚང་སུམ་བརྒྱ་ང་ལྔ་ཡོད།
གཞན་བརྟེན་ནས་རང་བརྟེན་དང་། རྩྭ་ཐང་ལ་བརྟེན་པ་ནས་རྩྭ་ཐང་ནས་ཕྱི་རུ་བསྐྱོད་པ། དབུལ་སྐྱོར་གྱི་སྲིད་ཇུས་བཟང་བོ་རྩེ་ཆུ་ས་གཞི་རུ་ཡོངས་སུ་ཁེབས་ཡོད་ལ། ཁྱད་ལྡན་ཐོན་ལས་ཐོན་སྐྱེད་ལམ་ཐིག་སྟེང་གི་འཕྲུལ་ཆས་ཀྱི་འཁོར་སྒྲ་དེ་དབྱངས་རྟ་སྙན་མོ་ཞིག་དང་འདྲ་ལ། བདེ་སྐྱིད་ཀྱི་ལམ་དུ་སྙེག་བཞིན་པའི་རྩྭ་ཐང་གི་བུ་བུ་མོ་ཡོངས་ཀྱི་འཚོ་བ་སྔར་ལས་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་བཞིན་ཡོད།
ལོ་ཙཱ་བ། ཤ་བོ་རིན་མཚོ།