དབྱར་མགོ་མའི་ཐེམ་ཆེན་རྩྭ་ཐང་ནི་ད་དུང་དགུན་ཉལ་ལས་མ་སད་པར་སྐྱ་ཐིང་ངེར་སྣང་ཡང་། ལས་ལ་བརྩོན་པར་དགའ་བའི་མི་རྣམས་ཀྱིས་རང་སའི་ལས་རྐང་སྟེང་དེ་ལ་དེ་བསྟུན་གྱིས་ཕྱུག་བསྒྱུར་གྱི་ལམ་བུ་རེ་འཚོལ་བར་བྲེལ་ནས་ཡོད། ལ་ལས་རི་ཁ་ན་ཟོག་ལུག་གི་ཁ་གྲངས་རྩི་བཞིན་དགའ་བའི་འཛུམ་མདངས་ལྷུག་པོར་གྲོལ་ཞིང་། ལ་ལས་མཁོ་དངོས་གང་འཛོམས་བསྡུ་གསོག་བརྒྱབ་སྟེ་གདོང་ལ་རེ་བས་ཁེངས་བཞིན་དབྱར་རྩྭ་དགུན་འབུ་རྐོ་བའི་ལམ་ལ་ཆས་བཞིན་ཡོད།ཡང་ལ་ལས་ཏང་དང་རྒྱལ་ཁབ་ཀྱིས་བཏོན་པའི་དམངས་ཕན་སྲིད་ཇུས་ལ་བརྟེན་ནས། རང་ས་རང་ཡུལ་ན་མཉམ་ལས་ཁང་གཉེར་བའི་ལས་ཀར་བརྩོན་ཏེ་ས་གནས་ཀྱི་དཔལ་འབྱོར་ལ་གང་ནུས་ཀྱིས་སྐུལ་འདེད་དང་མང་ཚོགས་སྔར་ལས་མང་པོར་སྐུལ་ཁྲིད་བྱེད་བཞིན་ཡོད་དེ། དཔེར་ན་མཚོ་ནུབ་ཤེལ་དཀར་ཕྱུགས་ཐོན་ཆེད་ལས་མཉམ་ལས་ཁང་མཉམ་འབྲེལ་ལྷན་ཁང་ནི། བོད་རིགས་བུད་མེད་དཀྱུས་མ་གསུམ་གྱི་ལྷག་བསམ་གྱིས་བཏེགས་པའི་ཕྱུག་བསྒྱུར་ལམ་གྱི་ས་ཚིགས་དང་པོ་རེད།
ཟླ5པའི་ཚེས15ཉིན་གྱི་ཕྱི་དྲོར། ང་ཚོ་བཅར་འདྲི་ཚན་ཆུང་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ལུའོ་ཝུན་ཅུན་གྱི་འགྲོ་རོགས་འོག་མཚོ་ནུབ་ཤེལ་དཀར་ཕྱུགས་ཐོན་ཆེད་ལས་མཉམ་ལས་ཁང་མཉམ་འབྲེལ་ལྷན་ཁང་དུ་ཕྱིན་པ་ན། གདོང་ལ་དཀར་ཤ་རྒྱས་པའི་བོད་རིགས་བུད་མེད་གསུམ་གྱིས་མཛེས་པའི་འཛུམ་དང་བཅས་ང་ཚོ་མདུན་ནས་བསུས་བྱུང་། “མཉམ་འབྲེལ་ལྷན་ཁང་འདི་ནི་ད་ལོའི་ཟླ3པར་ངེད་གསུམ་པོས་རང་རང་སོ་སོའི་མིང་འོག་གི་མཉམ་ལས་ཁང་གསུམ་པོ་གཅིག་ཏུ་བསྡུས་ནས་བཙུགས་པ་ཡིན། འདི་ནི་ཐེམ་ཆེན་རྫོང་གི་བུད་མེད་ཆེད་ལས་མཉམ་ལས་ཁང་ཐོག་མ་ཡིན་ལ། ཨ་ཁུ་བཟོ་བ་གཉིས་ཀ་མ་གཏོགས་ལས་བཟོ་བ་གཞན་ཚང་མ་འབྲོག་མོ་རྐྱང་རྐྱང་ཡིན”ཞེས་མཉམ་འབྲེལ་ལྷན་ཁང་གི་སྤྱིའི་འགན་འཁུར་པ་དར་འཕེལ་མ་ཡིས་གདོང་ལ་འཛུམ་གྱིས་ཁེངས་བཞིན་མཚམས་སྦྱོར་བྱས།
རྒྱུས་ལོན་པ་ལྟར་ན། ད་ལྟའི་མཉམ་འབྲེལ་ལྷན་ཁང་འདི་ནི་དེ་སྔོན་ཚེ་རིང་སྒྲོན་དཀར་གྱིས་གཉེར་བའི་པུ་དབྱངས་ཕྱུགས་ཐོན་འཁེལ་འཐག་ཐོན་རྫས་ཆེད་ལས་མཉམ་ལས་ཁང་དང་ཡོན་མེ་ཡིས་གཉེར་བའི་གཡུ་ཁྱུང་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་། དར་འཕེལ་མ་ཡིས་གཉེར་བའི་གངས་ཅན་བུ་མོ་ཕྱུགས་ཐོན་ཆེད་ལས་མཉམ་ལས་ཁང་གསུམ་ལྷན་གཅིག་ཏུ་བསྡུས་ཏེ་མཉམ་འབྲེལ་བྱས་ནས་བཙུགས་པ་ཡིན་ལ། ད་སྔ་གཙོ་བོ་ལག་ཤེས་བཟོ་ལས་དང་མར་ཆུར། ཞོ། འོ་མ་སོགས་ལ་ལྷད་མེད་ལས་སྣོན་བྱེད་ཀྱིན་ཡོད་པར་མ་ཟད། བོད་ལྭ་བཟོ་བ་དང་འབྲོག་ཁྱིམ་སྤྲོ་སྐྱིད་ཁང་སོགས་དཀྱུས་གཅིག་ཏུ་གཉེར་བའི་སྣ་འཛོམས་ཅན་གྱི་མཉམ་ལས་ཁང་ཞིག་རེད།
གསར་འགོད་པས་ཁོ་ཚོར་མཉམ་ལས་ཁང་གསུམ་པོ་ལྷན་གཅིག་ཏུ་བསྲེས་པའི་རྒྱུ་རྐྱེན་གཙོ་བོ་དེ་གང་ཡིན་ནམ་ཞེས་དྲིས་པ་ན། “མི་གཅིག་གི་སྟོབས་ཤུགས་ལས་མི་གསུམ་གྱི་སྟོབས་ཤུགས་ཆེ་ཞིང་། རང་རང་ས་ནས་ལས་ན་ནུས་པ་ཆེན་པོ་ཐོན་མི་ཐུབ་ལ། དཀའ་ཁག་སྣ་ཚོགས་ལ་འཕྲད་ནའང་ཐག་གཅོད་བྱེད་དཀའ་མོ་རེད”ཅེས་ཁོ་མོ་ཚོའི་གསུམ་པོའི་ཁྲོད་ལོ་ན་ཆེས་གཞོན་པའི་ཚེ་རིང་སྒྲོན་དཀར་གྱིས་དེ་ལྟར་བཤད།
དར་འཕེལ་མ་དང་ཚེ་རིང་སྒྲོན་དཀར་གཉིས་ཀྱིས2012ལོ་ནས་མཉམ་ལས་ཁང་སྒྲུབ་མགོ་ཚུགས་ཤིང་། ད་རག་བར་དུ་ལོ་ངོ་བདུན་ཙམ་འགོར་ཡོད་པས་ཉམས་མྱོང་ཕུན་སུམ་ཚོགས་པ་ལྡན་པ་སྨོས་མེད་རེད། ཡིན་ཡང་ལས་གྲོགས་ཡོན་མེ་ལ་མཚོན་ན་དེ་འདྲ་ཞིག་མིན་ཏེ། མོ་ནི་ད་ལོར་ལོ་ན49ལ་སོན་ཞིང་སློབ་གྲྭའང་འགྲིམས་མ་མྱོང་ཞིང་། སྔོན་ཆད་རི་ཁ་ནས་ཟོག་ནོར་འཚོས་ཏེ་འཚོ་བ་སྐྱེལ་བའི་འབྲོག་མོ་རྣལ་མ་ཞིག་ཡིན་མོད། འོན་ཀྱང་དུས་ཀྱི་འགྲོས་དང་བསྟུན་ནས་མོས་སྤྱི་ཚོགས་དཔལ་འབྱོར་ཉིན་རེ་བཞིན་འཕེལ་རྒྱས་སུ་འགྲོ་བཞིན་པ་ངང་གིས་ཚོར་ཞིང་། ཕྱུགས་ཟོག་ཁོ་ནར་བརྟེན་ནས་ཡོང་སྒོ་བཙལ་བ་ཙམ་གྱིས་འཚོ་བར་འགྱུར་བ་ཆེན་པོ་གཏོང་དཀའ་བར་བསམས་ནས། རང་ཁྱིམ་གྱི་ལུག200དང་ནོར30ལྷག་ཡོད་པ་ཚང་མ་བཙོངས་ཏེ། རྫོང་མཁར་ལ་ཡོང་ནས་ན་ནིང་གི་ལོ་མཇུག་ཏུ་སྒོར་ས་ཡ་གཅིག་དང་འབུམ་ལྔའི་མ་དངུལ་བཏང་སྟེ་གཡུ་ཁྱུང་ཕྱུགས་ཐོན་ཆེད་ལས་མཉམ་ལས་ཁང་ཐོ་འགོད་བྱས་ཏེ་དངོས་སུ་བཙུགས་ཤིང་། ད་ལོའི་ཟླ3པར་མཉམ་གཉེར་ལས་གྲོགས་དར་འཕེལ་མ་དང་ཚེ་རིང་སྒྲོན་དཀར་གཉིས་དང་ལྷན་དུ་ད་ལྟའི་མཉམ་འབྲེལ་ལྷན་ཁང་འདིར་ཞུགས་པ་རེད།
མཉམ་ལས་ཁང་འདི་བཙུགས་ནས་ཟླ་ངོ2ལྷག་ལས་འགོར་མེད་པ་དང་ད་སྔ་བསྡོམས་པས་ལས་བཟོ་བ37ཡོད་ལ། ད་དུང་ཟླ6པར་སྒོ་འབྱེད་རྩིས་ཡོད་པའི་འབྲོག་ཁྱིམ་སྤྲོ་སྐྱིད་ཁང་གི་ལས་མི་ཡོངས་བརྩིས་ན་ཧ་ལམ་མི50ཙམ་ཡོད་པ་རེད། ང་ཚོ་ལག་ཤེས་བཟོ་ལས་ཐོན་སྐྱེད་ཁང་དུ་བལྟ་རུ་ཕྱིན་པ་ན། བུད་མེད་བཅུ་ལྷག་ཅོག་ཙེ་ཆེན་པོ་གཉིས་ཀྱི་ཁར་རུབ་ནས་རང་རང་གི་ལས་ལ་བློ་རྩེ་གཅིག་སྒྲིམ་གྱིས་འཇུག་བཞིན་འདུག དེ་ལས་འགའ་ཞིག་གིས་སྐུད་འཐེན་ཐང་ག་དང་འགའ་ཞིག་གིས་བོད་ལུགས་གཙགས་དྲུབ་བཟོ་བཞིན་ཡོད། རྒྱུས་ལོན་བྱས་པ་ལྟར་ན། བུད་མེད་དེ་དག་གི་གྲས་ན་རང་ས་གནས་ཀྱི་དབུལ་ཕོངས་ཁྱིམ་ཚང་ནས་ཐོན་པ་དང་དབང་པོ་སྐྱོན་ཅན། དབུལ་སྐྱོར་གནས་སྤོར་བྱས་རྗེས་ལས་ཀ་ཤོར་བའི་བུད་མེད་སོགས་ཡོད་ལ། མཉམ་ལས་ཁང་གིས་ཡུལ་གཞན་ནས་ཆེད་ལས་དགེ་རྒན་གདན་དྲངས་ཏེ་ཁོ་ཚོར་ལས་སྔོན་གསོ་སྦྱོང་སྤེལ་བར་མ་ཟད། ད་ལྟའང་མཉམ་ལས་ཁང་གིས་རིན་མ་བླངས་པར་ཁོ་ཚོར་རྒྱུ་ཆ་འདོན་སྤྲོད་བྱེད་བཞིན་ཡོད་ལ། ཁོ་ཚོས་རྒྱུ་ཆ་དེ་དག་ལས་སྣོན་བྱས་རྗེས་མཉམ་ལས་ཁང་གི་གཅིག་གྱུར་གྱི་གོང་ཚད་ལྟར་ཕྱིར་འཚོང་བྱེད་བཞིན་ཡོད་པས། ལས་བཟོ་བ་རང་རང་གི་མགྱོགས་ཚད་དང་ཐོན་རྫས་ཡི་སྤུས་ཀ་ལ་བལྟས་ནས་དེ་མཐུན་གྱི་གླ་ཕོགས་སྟེར་གྱིན་ཡོད་པ་རེད། ལས་བཟོ་བ་ཀུན་བཟང་སྐྱིད་ལ་མཚོན་ནའང་གཅིག་ནས་དབུལ་ཕོངས་ཁྱིམ་ཚང་ནས་ཡིན་པ་དང་། གཉིས་ནས་དབང་པོ་སྐྱོན་ཅན་ཡང་ཡིན་པས། རང་ལ་འཚམ་པའི་ལས་ཀ་ཞིག་རེག་རྒྱུ་ཤིན་ཏུ་དཀའ་མོད། ད་ལྟ་ཤེལ་དཀར་མཉམ་འབྲེལ་ལྷན་ཁང་གིས་མོ་ལ་འདི་འདྲའི་གོ་སྐབས་ཡག་པོ་ཞིག་བསྩལ་པར་ཁ་མིན་སེམས་ཀྱིས་དགའ་སྤྲོ་སྐྱེ་བཞིན་ཡོད་པ་མོའི་གདོང་གི་འཛུམ་མདངས་ལས་ཀྱང་ཤེས་ཐུབ།
བཅར་འདྲི་མཇུག་རྫོགས་ལ་ཉེ་སྐབས། ང་ཚོས་མཉམ་ལས་ཁང་གི་སྤྱིའི་འགན་ཁུར་པ་དར་འཕེལ་མ་ལ་མ་འོངས་པའི་འཆར་གཞིའི་སྐོར་དྲིས་པ་ན། མོས་སྤོབས་པའི་གདངས་དང་བཅས“སྔོན་ཆད་ཡིན་ན་འབྲོག་མོ་ཚོས་འོ་མ་བཞོ་ཤེས་པ་དང་ལུག་འཚོ་ཤེས་པ་ཙམ་གྱིས་ཆོག་མོད། འོན་ཀྱང་དེང་སྐབས་ཕྱིའི་སྤྱི་ཚོགས་ཁོར་ཡུག་ལ་འགྱུར་ལྡོག་བྱུང་བ་དང་བསྟུན་ནས། དེ་མཐུན་གྱི་ཁ་རྒྱབ་གསོ་ཐབས་རེ་བཙལ་རྒྱུ་ནི་ཁ་ཚ་དགོས་གཏུག་གི་གནས་སུ་གྱུར་ཡོད། རྗེས་མ་ཡིན་ནའང་རང་ནུས་ཅི་ལྕོགས་ཀྱིས་རང་ས་གནས་ཀྱི་བུད་མེད་སྔར་ལས་མང་པོར་ལས་རྐང་འདོན་སྤྲོད་བྱེད་ཅི་ཐུབ་དང་། བུད་མེད་ལག་ཤེས་བཟོ་ལས་པ་གང་མང་ཞིག་སྐྱེད་སྲིང་བྱེད་ཅི་ཐུབ་བྱེད་རྒྱུ་ཡིན”ཟེར།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།