མཚོ་ལྷོ་ཁུལ་གུང་ཧོ་རྫོང་ཐེ་གེ་ཞང་ཧོ་ལོ་སི་གོང་མ་སྡེ་བ་ནི་ཚྭ་རྔ་འགག་གི་འགྲམ་དུ་ཆགས་ཡོད་པ་དང་། ང་ཚོ་ལྗང་མདོག་གི་སྡོང་གསེང་དུ་གནས་པའི་སྡེ་བ་འདིར་ཐོན་པ་ན། སྡེ་བ་འདི་ལ་གསོན་ཤུགས་ཚད་མེད་ཅིག་རྒྱས་འདུག
ལོ་ངོ་མང་པོའི་རིང་ལ། ཧོ་ལོ་སི་གོང་མ་སྡེ་བས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་དང་། ཡུལ་སྲོལ་དཔལ་ཡོན་འཛུགས་སྐྲུན་ལ་ཧུར་ཐག་གིས་ཡར་སྐུལ་བྱེད་པ་དེ་སྐར་ལྔ་རིམ་པའི་དཔལ་ཡོན་ཁྱིམ་ཚང་དང་། ཆེས་མཛེས་པའི་ཁྱིམ་ཚང་དཔྱད་འདེམས་བྱ་འགུལ་དང་ཟུང་འབྲེལ་བྱས་ཏེ། རྒྱ་ཆེའི་མང་ཚོགས་ཀྱིས་ཁྱིམ་ཚང་གི་ཀུན་སྤྱོད་བཟང་པོ་དར་སྤེལ་དང་། དཔལ་ཡོན་ཁྱིམ་སྲོལ་བརྒྱུད་སྒྲོག་བྱེད་པར་སྣེ་ཁྲིད་བྱས་པས། སྔ་གཞུག་ཏུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི“མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་དཔེ་སྟོན་སྡེ་བ”དང་། གུང་ཧོ་རྫོང་དཔལ་ཡོན་སྡེ་བ་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ།
ལས་དང་རྐྱེན་གང་ཞིག་ལ་བརྟེན་ནས་སྡེ་བ་ཆུང་ཆུང་འདིར་གཟི་བརྗིད་ཀྱི་མཚན་སྙན་འདི་འདྲའི་མང་པོ་ཐོབ་པ་ཡིན་ནམ། གཤམ་གྱི་བཅར་འདྲི་བརྒྱུད་དེ་ང་ཚོར་ཤེས་རྟོགས་ཟབ་མོ་ཞིག་བྱུང་བ་ནི་ཞིང་སྡེའི་ཏང་ཀྲི་པུའུ་ནི་ཏང་གི་ཞིང་སྡེའི་གཞི་རིམ་རྩ་འཛུགས་ཅིག་དང་། ཞིང་སྡེའི་ཏང་ཡོན་བྱ་འགུལ་གྱི་གཡུལ་ས་གཙོ་བོ་ཡིན་ལ། མི་དམངས་མང་ཚོགས་དབུལ་ཐར་ཕྱུག་བསྒྱུར་བྱས་ནས་འབྱོར་འབྲིང་གི་ལམ་དུ་ཞུགས་པའི་སྟོབས་ཤུགས་གཙོ་བོར་སྣེ་ཁྲིད་བྱེད་པ་ཞིག་ཀྱང་ཡིན་པས། ཞིང་སྡེའི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་ཁྲོད་ནུས་པ་གཙོ་བོ་འདོན་སྤེལ་བྱས་ཞེས་པའི་སྐད་ཆའི་ཚིག་དོན་ཟབ་མོ་ཡང་རྟོགས་བྱུང་།
སྡེ་མི་བསོད་ནམས་ཚེ་རིང་གི་ཁྱིམ་མི་སྔ་གཞུག་ཏུ་ཚེ་ལས་འདས་པ་དང་། ཁེར་རྐྱང་དུ་ལུས་པའི་ཁོ་རང་འཚོ་བར་ཡིད་ཆེས་མེད་པར་གྱུར། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་འགོ་ཁྲིད་པས་སྡེ་མིའི་སྣེ་ཁྲིད་དེ་ཁོར་ཁང་པ་གསར་པ་ལས་པ་དང་། ཕྱོགས་མང་པོ་ནས་འབྲེལ་འདྲིས་བྱས་ཏེ་ཁོའི་ཁང་པ་ལས་སྤྱད་ཀྱི་མ་དངུལ་ཐག་གཅོད་བྱས།
ཁང་པ་གསར་པ་ལས་ཚར་བ་དང་། མི་རྐྱང་ཁོ་རང་ཡང་བསྐྱར་འཚོ་བར་ཡིད་ཆེས་ཀྱིས་ཁེངས་པར་གྱུར། ཁོས་བཤད་རྒྱུར། སྐབས་འགར་འཚོ་བ་ནི་ཁོ་ལ་གདུག་རྩུབ་ཆེ་ཡང་། ཁོ་རང་ཡིད་ཆད་བཞིན་མེད། རྒྱུ་མཚན་ནི་ཉེ་འགྲམ་གྱི་སྡེ་བའི་མི་རྣམས་ཀྱི་རོགས་སྐྱོར་ཡོད་པས། ཁོ་རང་དཀའ་ཁག་ལས་ཐར་ནས་མཛེས་སྡུག་གི་འཚོ་བ་ཞིག་བསུ་ཐུབ་པར་ཡིད་ཆེས་ཡོད་ཟེར།
ཡི་ཤེས་བཟང་པོ་ནི་བོད་སྨན་ཁྱིམ་རྒྱུད་ཞིག་ནས་སྐྱེས་པའི་སྡེ་བའི་སྨན་པ་ཡིན་པ་དང་། ཁོས་སྡེ་བའི་ནང་རྒྱུན་ལྡན་ནད་ཀྱི་གསོ་བཅོས་བྱེད་བཞིན་ཡོད་པ་ལས་གཞན། ད་དུང་སྤྱི་སྤྱོད་འཕྲོད་བསྟེན་ཞབས་ཞུའི་ལས་གཞི་བཅུ་བཞིའི་འགན་ཁུར་ཡོད། ཉིན་རེར། ཁོ་རང་རྣང་ཞིང་གི་བྱ་བར་བྲེལ་བ་ཆེ་བ་ལས་གཞན། སྡེ་བའི་ནང་གི་མི་རྣམས་ཀྱི་ནད་ལ་ལྟ་བཞིན་ཡོད། སྡེ་མིས་ཡིད་ཆེས་ཟབ་མོ་ཐོབ་ཡོད་པའི་རྐྱེན་གྱིས་སྡེ་བའི་སྨན་ཁང་དུ་དུས་རྒྱུན་ནད་ལ་ལྟ་རུ་ཡོང་བའི་ནད་པ་རྒྱུན་ཆད་བཞིན་མེད་ལ། དེའི་ཁྲོད་མང་ཆེ་བ་ནི་ཉེ་འགྲམ་ཁྱིམ་མཚེས་སྡེ་བའི་མི་རེད།
སྡེ་མི་ཀྲང་ཧྥ་ཡུན་ཐེ་གེ་ཞང་དང་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་རོགས་སྐྱོར་འོག་ཏུ། ནོར་ལུག་འཚོ་གསོའི་ལམ་དུ་ཞུགས། ལོ་འགའི་འབད་བརྩོན་བརྒྱུད་དེ། ཁྱིམ་དུ་ཁང་པ་གསར་བ་ལས་པ་དང་། རླངས་འཁོར་ཆུང་ཆུང་ཞིག་ཀྱང་ཉོས་ལ། འཚོ་བ་ཤིན་ཏུ་སྐྱིད། སྔོན་ལ་ཕྱུག་པོར་གྱུར་བའི་ཀྲང་ཧྥ་ཡུན་ནི་སྡེ་བའི་ནང་ཕྱུག་པོར་གྱུར་བའི་མི་ཞིག་ཡིན་པའི་ཆ་ནས། སྡེ་བའི་ནང་གི་མི་རྣམས་ཀྱི་སྣེ་ཁྲིད་དེ་ནོར་ལུག་འཚོ་གསོ་དང་། ཕག་གསོ་སྤེལ་བྱས་པས། སྡེ་བའི་ནང་གི་མི་རྣམས་ཀྱིས་སྒོར་མོ་བཙལ་བའི་ལམ་བུ་སྔར་ལས་ཇེ་ཡངས་ནས་ཇེ་ཡངས་སུ་གྱུར།
ད་ལྟ་འཆམ་མཐུན་དར་རྒྱས་ཀྱི་ཧོ་ལོ་སི་གོང་མ་སྡེ་བ་ནི་དོན་ངོ་མའི་སྟེང་ནས་བཤད་ན་སྔོན་ཆད་གནད་དོན་ཡོད་པའི་སྡེ་བ་ཞིག་རེད། དེ་ནི་ཚྭ་རྔ་འགག་ཆུ་མཛོད་ཁུལ་གྱི་སྡོད་དམངས་གནས་སྤོ་བཀོད་སྒྲིག་བྱས་པའི་སྡེ་བའི་གྲས་སུ་གཏོགས་པས། འགལ་བ་དང་རྩོད་གླེང་རྒྱུན་དུ་འབྱུང་བཞིན་ཡོད་པ་དང་། སྡེ་བས་ལས་བྱེད་པས་བྱ་བ་སྒྲུབ་རྒྱུར་དཀའ་ངལ་ཤིན་ཏུ་ཆེ་བ་རེད།
དབང་ཕྱུག་ནི་ཧོ་ལོ་སི་གོང་མ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིན། ཉིས་སྟོང་བཅུ་གཅིག་ལོའི་ཟླ་དགུ་བར་ཧྲུའུ་ཅི་རུ་བདམས་པ་དང་། ཁོས་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཁོངས་མི་ཁྲིད་དེ། ཁྱིམ་རེ་རེར་སོང་ནས་འཚམས་འདྲི་བྱས། གུས་པ་ཡོད་པ་དང་། རང་བཞིན་བཟང་པོའི་སྒོ་ནས་སྡེ་མི་རྣམས་ལ་སེམས་གཏམ་གླེང་ཞིང་། ཁོ་ཚོའི་ཐོན་སྐྱེད་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས། སྡེ་བ་ཡོངས་ཀྱི་ཁྱིམ་ཚང་ཉིས་བརྒྱ་ལྷག་ལ་རེ་རེ་བཞིན་རྟོག་དཔྱོད་བྱས་རྗེས། སྡེ་བ་རིམ་པའི་འཕེལ་རྒྱས་ཀྱི་བསམ་འཆར་དང་མང་ཚོགས་ཀྱི་རེ་བ་མང་པོ་འབྱོར་བ་དང་། སྡེ་བ་རིམ་པ་འཕེལ་རྒྱས་སུ་གཏོང་བར་ཚོད་འཛིན་ཐེབས་པའི་གནད་དོན་གཙོ་བོ་ཁོང་དུ་ཆུད་པར་བྱས་ཤིང་། མང་ཚོགས་ཀྱི་རེ་བ་ཤེས་པར་བྱས་ཏེ། སྡེ་བ་རིམ་པའི་དཔལ་འབྱོར་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པར་མང་ཚོགས་ཀྱི་རྒྱབ་བརྟེན་བསྐྲུན།
ཧོ་ལོ་སི་གོང་མ་སྡེ་བས་ཁྱིམ་མཚེས་བར་གྱི་འགལ་བ་སོགས་གནད་དོན་ལ་དམིགས་ནས་གསར་སྐྲུན་གྱི་རྣམ་པས་དྲ་མིག་ཅན་གྱི་དོ་དམ་དང་། ཞིབ་ཚགས་ཅན་གྱི་ཞབས་ཞུ་ལ་ཡར་སྐུལ་བཏང་སྟེ། སྡེ་མི་ཡོད་ཚད་ལ་ཆ་འཕྲིན་ཡིག་ཚགས་བཙུགས། དུས་མཚུངས་སུ། ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོའི་རོགས་སྐྱོར་འོག་ཏུ། འཚོ་བའི་རྣམ་པར་རིམ་བཞིན་འགྱུར་ལྡོག་བྱུང་། ལོ་ངོ་གསུམ་གྱི་སྔོན་ལ། སྡེ་བ་ཡོངས་ཀྱིས་དངུལ་ཁང་གི་མ་དངུལ་སྒོར་ཁྲི་དྲུག་བརྒྱ་དང་བཅུ་བརྩོན་ལེན་བྱས་པ་དང་། དེས་མང་ཚོགས་བརྒྱ་དང་བཅུ་ལ་ཕན་ཐོགས་བྱུང་།
བུ་ཆུང་ཐར་ནི་ཧོ་ལོ་སི་གོང་མ་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཡིན་པ་དང་། ཁོས་བལྟས་ན། ཏང་རྩ་འཛུགས་ཞིང་སྡེ་རུ་སྡོད་པའི་ནུས་པ་གཙོ་བོ་ནི་རྒྱ་ཆེའི་མང་ཚོགས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་བྱེད་པར་སློབ་གསོས་ཁྲིད་སྟོན་བྱེད་རྒྱུ་དེ་རེད། ལོ་འདི་དག་གི་རིང་ལ། སྡེ་བའི་ནང་དུ་རྣང་ཞིང་མཛེས་པ་དང་། སྡེ་བ་མཛེས་པ། འཚོ་བ་མཛེས་པའི“མཐོ་སྒང་གི་མཛེས་པའི་ཞང་གྲོང་”འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལ་དམིགས་ནས། སྡོང་བོ་འཛུགས་པ་དང་། གསོ་སྤེལ་བྱེད་པ། ངལ་གསོ་བྱེད་ས། ལྟད་མོར་ལྟ་ས་སོགས་ཁྱད་ཆོས་ལྡན་པའི་མཐོ་སྒང་གི་མཛེས་པའི་སྡེ་བ་བསྐྲུན་ནས། ལམ་རྒྱ་བསྐྱེད་པ་དང་སྲ་བསྒྱུར་བྱེད་པ་ཡོངས་འགྲུབ་བྱས་པ་དང་། སྲང་ལམ་ཇེ་ཡག་ཏུ་བཏང་ནས། མི་ཕྱུགས་གཉིས་ཀྱི་འཐུང་ཆུ་སོགས་གནད་དོན་རབས་དང་རིམ་པ་ཐག་གཅོད་བྱས་པ་དེས་མ་གཞི་སྦགས་བཙོག་ཡིན་པའི་ཁོར་ཡུག་ལེགས་བཅོས་བྱས་པ་དང་། སྡེ་བའི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་། དེ་དང་ཆབས་ཅིག་ཏུ། སྡེ་བའི་ནང་རིག་རྩལ་ལ་དགའ་མཁན་རྣམས་རྩ་འཛུགས་བྱས་ཏེ། གཞོན་དར་རིག་རྩལ་རུ་ཁག་ཅིག་བཙུགས་ལ། ཞབས་བྲོ་རང་གིས་བསྒྲིགས་ནས་མི་རིགས་མཐུན་སྒྲིལ་དང་། དཔལ་ཡོན་གསར་སྐྲུན་དར་སྤེལ་བྱེད་པ་སོགས་བརྗོད་བྱ་ཡིན་པའི་ལེ་ཚན་འཁྲབ་སྟོན་བྱས་ཏེ། རིག་རྩལ་གྱི་ལམ་ནས་མང་ཚོགས་ལ་སློབ་གསོ་གཏོང་བའི་བྱ་འགུལ་སྤེལ།
ཧོ་ལོ་སི་གོང་མ་སྡེ་བའི་འགྱུར་ལྡོག་ལས་ང་ཚོར་འདི་ལྟ་བུའི་སྡོམ་ཚིག་ཐོབ་པ་སྟེ། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་ཁྲོད། ཏང་ཡོན་གྱི་སྔོན་ཐོན་མིག་དཔེའི་ནུས་པ་འདོན་སྤེལ་བྱེད་པ་དང་། ཚོགས་པས་འཐབ་འཛིང་གི་ནུས་པ་གཅིག་བསྡུས་དང་། སྤྱི་ཚོགས་དོ་དམ་གསར་སྐྲུན་བྱེད་པ། གོམས་སྲོལ་བསྒྱུར་བའི་བྱ་འགུལ་སྤེལ་ཏེ། མང་ཚོགས་དཔལ་ཡོན་ལྡན་པའི་ཕྱོགས་སུ་ཁྲིད་པ་དེར་འཕེལ་རྒྱས་ཀྱི་སྦས་ཤུགས་ཆེན་པོ་མངོན་པ་དང་། སྡེ་བ་རིམ་པའི་ཐོན་ལས་རྣམ་པར་གསོན་ཤུགས་རྒྱས་སུ་བཅུག་ལ། སྡེ་བའི་ཐུན་མོང་དཔལ་འབྱོར་ཇེ་ཆེར་བཏང་བ་ལས་ས་ཁུལ་གཅིག་གི་འཆམ་མཐུན་གྱི་འཕེལ་རྒྱས་ཆེན་པོར་སྐུལ་འདེད་བཏང་ཡོད་པ་རེད།
ལོ་ཙཱ། ཚེ་རིང་སྒྲོལ་མ།