སོ་རྒྱ་སྡེ་བར“ཉི་མ་མེ་ཏོག”རྣམ་པར་བཞད།
2019.09.25 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 32

ཟོན་ཐར་རྒྱལ་གྱིས་གུ་རུ་རྒྱལ་མཚན་ལ་མཐེ་བོང་བསྟན་ནས་བཀའ་དྲིན་ཞུས་པར་མ་ཟད། “གུང་ཁྲན་ཏང་གི་དགེ་མཚན་ནི་བརྗོད་ཀྱིས་མི་ལང”ཟེར།

སྔོན་ཆད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་དུ་ཞོར་ལས་ལ་ཡོང་བའི་མི་རྣམས་ཀྱིས་གྲོང་རྡལ་དུ་ཡོད་པའི་སོ་རྒྱ་སྡེ་བ་གླེང་ཚེ། ཚང་མས“ཨ་ཡ་མཚན། སོ་རྒྱ་སྡེ་བ་རུ། ན་གཞོན་དང་ལོ་ལོན་སུ་ཞིག་ཡིན་རུང་། ལག་ཟུང་ཕུ་ཐུང་དུ་བསྣོལ་ཞིང་། རྒྱབ་གྱང་རྩར་བསྙེས་ནས་ཉི་མར་ལྡེ་བར་བྱེད། ང་ཚོའི་ལྷོ་ཕྱོགས་ས་ཁུལ་ལ་མཚོན་ན། སྣང་ཚུལ་འདི་ངོ་མས‘ཁྱད་མཚར་བའི་དོན་ཞིག’ཡིན་ངེས། ང་ཚོའི་ས་ཆ་རུ། ཐ་ན་ལོ་བདུན་ཅུ་ལ་སོན་པའི་ཨ་ཕྱི་ཡང་རྒྱ་སྲང་དུ་ཚོང་རྒྱག་ཏུ་འགྲོ་བཞིན་ཡོད”ཅེས་བཤད་འོངས། བར་སྐབས་ཤིག་ལ། སོ་རྒྱ་སྡེ་བའི་མིང་གཞན་ལ“ཉི་མ་མེ་ཏོག”གི་སྡེ་བ་ཞེས་གཅིག་ནས་གཅིག་བརྒྱུད་དེ་གང་སར་ཁྱབ།

དཔེ་འཇོག་འདི་ལྟ་བུས་མཚོན་པ་ནི། སོ་རྒྱ་སྡེ་བའི་སྡེ་དམངས་རྣམས་ནི“ཉི་མ་མེ་ཏོག”རེ་རེ་དང་འདྲ་བར། ཉི་མ་གང་ལ་འཁོར་ན། སྡེ་དམངས་རྣམས་དེའི་རྗེས་བསྙེགས་ནས། རྒྱབ་གྱང་རྩར་བསྙེས་ཏེ་ཉི་མར་ལྡེ་བཞིན་ཁ་བརྡ་གློད་པ་དེ་རེད།

ད་ལྟ། སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གུ་རུ་རྒྱལ་མཚན་གྱི་སྣེ་ཁྲིད་དང་སྡེ་དམངས་རྣམས་ཀྱིས་འབད་བརྩོན་བྱས་པ་བརྒྱུད། སྡེ་དམངས་རྣམས་ཡང་མིན་ན་ཕྱི་རུ་ཞོར་ལས་སུ་འགྲོ་བ་དང་། ཡང་མིན་ན་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ། ཚང་མ་དབུལ་ཐར་ཕྱུག་འགྱུར་བྱུང་ཡོད། ད་ལྟ། སོ་རྒྱ་སྡེ་བ་གླེང་ཚེ། མི་རྣམས་ཀྱིས་ད་དུང་ཡང“ཉི་མ་མེ་ཏོག”གི་སྡེ་བ་ཞེས་འབོད་རྒྱུར་དགའ་མོད། འོན་ཀྱང་། འཕྱ་སྨོད་ཀྱི་གོ་དོན་ལྡན་པའི“མཚང་མིང”དེ་མིང་དོན་མཚུངས་པའི“མཚན་སྙན”དུ་འཕོ་འགྱུར་བྱུང་ཡོད།

སྔར་བཞིན“ཉི་མ་མེ་ཏོག”ཡིན་མོད། འོན་ཀྱང་སྔོན་ཆད་དང་ད་ལྟའི་སྡེ་དམངས་རྣམས་ཀྱི་འཚོ་བའི་གནས་བབ་ནི་གཏན་ནས་མི་འདྲ།

ད་ལོར་ལོ་ན་ང་ལྔ་ལ་སོན་པའི་ཟོན་ཐར་རྒྱལ་ཡང་དེ་ལྟ་བུའི“ཉི་མ་མེ་ཏོག”རྐང་གཅིག་ཡིན་ཏེ། རྒྱབ་གྱང་རྩར་བསྙེས་ཏེ་ཉི་མར་ལྡེ་བ་ནས་རང་སྟོབས་རང་སྤེལ་གྱིས་ཐོན་ལས་གཉེར་བས། འཚོ་གནས་ཀྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ཉབ་བེ་ཉོབ་བེ་ནས་ཧུར་བརྩོན་ཡར་སྐྱེད་ལ་གོམས་ཤིང་། འཚོ་གནས་ཀྱི་སེམས་ཁམས་ལ་འགྱུར་ལྡོག་བླ་ལྷག་བྱུང་།

ཁོ་ཚང་ལ་བཟའ་མི་དྲུག་ཡོད་ལ། 2007ལོར་གཡུལ་གཅོག་སྐབས་འདྲུད་འཐེན་འཁོར་ལོ་ལས་ལྷུང་སྟེ། ནད་གཞུག་འགའ་བསྐྱེད་ཡོད་པ་དང་། ལོ་ན་ང་གཉིས་ལ་སོན་པའི་ཆུང་མ་བཀྲ་ཤིས་མཚོ་ལའང་གློ་ཡུའི་གཉན་ཚད་བྱུང་། སྟབས་མི་ལེགས་པ་ཞིག་ལ། བཙས་ནས་ཡུན་རིང་འགོར་མེད་པའི་ཚ་མོ་ཆུང་ཆུང་པདྨ་ཆོས་སྒྲོན་ལ་ཡང་གློ་ཚད་བྱུང་བ་རེད། དུས་དེ་ཉིད་ལ། མཐོ་དྲགས་པའི་སྨན་རིན་དང་། ཁྱིམ་ན་ངལ་རྩོལ་པ་མེད་པའི་ཁར། ཁྱིམ་མི་ཚོའི་ཁ་ཡང་གསོ་དགོས་སྟབས། ས་ཞིང་ཁོ་ནར་བརྟེན་ཡོད་པའི་ཁྱིམ་མི་གང་བོ་རེ་ཞིག་འུ་ཐུག་ཐབས་ཟད་ཀྱི་གནས་སུ་ལྷུང་།

གནས་བབ་དེས་ཟོན་ཐར་རྒྱལ་ཅི་བྱ་གཏོལ་མེད་དུ་བཏང་བ་དང་། དངོས་ཡོད་གནས་ཚུལ་ལ་གཡོལ་ཆེད། ནམ་ཟླ་ཅུང་ཙམ་བཟང་ཚེ། ཁོ་རང་ཕྱི་རོལ་དུ་ཉི་མར་ལྡེ་རུ་འགྲོ་བ་རེད། ཉི་མ་རེ་རེ་དེ་ལྟར་འཁྱོལ་ཐབས་བྱས་ཏེ། དཀའ་ཁག་ལ་གདོང་གཏོད་འདོད་མེད་ལ་གཏོད་ཀྱང་མི་ཕོད།

2014ལོར། ལོ་ཞེ་གཉིས་ཡིན་པའི་གུ་རུ་རྒྱལ་མཚན་སོ་རྒྱ་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དུ་བདམས་ཐོན་བྱུང་། ཁོས་བཤད་རྒྱུར“ཀྲུའུ་རིན་དུ་བསྡད་ན། སྡེ་དམངས་ལ་དོན་དངོས་དང་དོན་བཟང་སྒྲུབ་དགོས། ངས་ངེས་པར་དུ་སྡེ་དམངས་རྣམས་སྐུལ་ཁྲིད་བྱ་རྒྱུ་ཡིན།”2015ལོར། ཁྱིམ་ཚང་གི་གནས་ཚུལ་གཞིར་བཟུང་ནས། ཟོན་ཐར་རྒྱལ་ནི་གནད་ཁེལ་དབུལ་སྐྱོར་གྱི་ཚགས་བཙུགས་བྱང་སྒྲིག་དབུལ་ཕོངས་ཁྱིམ་ཚང་ལ་དཔྱད་བསྡུར་གཏན་འབེབས་བྱས། དེ་དང་ཆབས་ཅིག གུ་རུ་རྒྱལ་མཚན་ཐོན་པ་དེས། ཟོན་ཐར་རྒྱལ་ལའང“བགྲོད་ལམ་ཡག་པོ”ཞིག་བསྟན་པ་སྟེ། དེ་ནི་གསོ་སྤེལ་ལས་རིགས་འཕེལ་རྒྱས་སུ་གཏོང་རྒྱུ་དེ་རེད།

སྔོན་ཆད་གུ་རུ་རྒྱལ་མཚན་ནི་ལུག་རྫི་ཞིག་ཡིན་པ་དང་། 2013ལོར་ཁོས་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ཞིག་བཙུགས་ཤིང་། ཁོ་ལ་དེའི་ཕྱོགས་ཀྱི་ལག་རྩལ་དང་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་ཐོག མཉམ་ལས་ཁང་བཙུགས་པ་ལས་དེ་བས་ཀྱང་དེའི་ཕྱོགས་སུ་རྒྱུས་ལོན་དང་ཚོང་རར་སྦྲེལ་མཐུད་བྱེད་པའི་གོ་སྐབས་བསྩལ།

2016ལོར། ཟོན་ཐར་རྒྱལ་ལ་ལུག་ཉོ་བྱེད་ཀྱི་སྒོར་མོ་མེད་སྟབས། གུ་རུ་རྡོ་རྗེ་ཡིས་རང་གི་ཚོང་ཁང་གྱན་གཉིས་པོ་གུང་ཧོ་རྫོང་ཞིང་ཚོང་དངུལ་ཁང་དུ་གཏའ་མར་བཞག་པ་ན། དངུལ་ཁང་གིས་ཟོན་ཐར་རྒྱལ་ལ་དངུལ་བུན་སྒོར་ཁྲི་ལྔ་བསྐྱིས་པ་རེད། ཁོས་སྒོར་མོ་དེ་ཡིས་ལུག་བརྒྱ་ཉོས། གུ་རུ་རྒྱལ་མཚན་གྱིས་ལུག་གི་འཐུང་ཆུ་དང་གཟན་རྩྭ། རིམས་འགོག དོ་དམ་དང་སྲུང་སྐྱོང་བཅས་ཕྱོགས་ཀྱི་ཉམས་མྱོང་གཅིག་ཀྱང་མ་ལུས་པར་ཟོན་ཐར་རྒྱལ་ལ་ཁྲིད།

ཟོན་ཐར་རྒྱལ་གྱིས་ལུག་གསོས་པ་ནས་བཟུང་། སྔོན་ཆད་ཀྱི་ལེ་ལོ་བག་གཡེང་དང་ཉི་མ་འཁྱོལ་ཐབས་བྱེད་པའི་འཚོ་བ་རོལ་སྟངས་དེའང་འགྱུར་བ་རེད། ལུག་གསོས་པ་ལས་ཁོས་འཚོ་བར་བཅངས་པའི་རེ་འདུན་ལ་ངར་བསླངས་པ་ཚོར་ཐུབ།

ཁོས་རང་ཁྱིམ་གྱི་ནོར་བུ་བགྲང་བ་ལྟར་རང་གི“ལུག་འཚོ་ཐབས”གླེང་བྱུང་བ་སྟེ། ཁོ་ནི་ལ་ལུང་མང་པོ་བརྒལ་དགོས་ཀྱང་། གཡང་དཀར་ལུག་ལ་སྦགས་བཙོག་བཟོས་མེད་པའི་ཆུ་གཙང་མ་འཐུང་དུ་འཇུག་པར་མོས་ལ། ཁོས་ལུག་ལ་ཆུ་མི་གཙང་བ་གཏན་ནས་མི་ལྡུད་པ་དང་། ལུག་གི་གཟན་རྩྭ་ནི་ཁོ་ཚང་གི་ཞིང་ཁའི་སྲན་རྩྭ་དང་གྲོ་རྩྭ། ཡུག་པོ་བཅས་ཀྱིས་གྲུབ་པའི་སྔོ་རྩྭའི་གཟན་རྩྭ་ཡིན་པར་མ་ཟད། དུས་བཅད་ལྟར་ལུག་ལ་རིམས་འགོག་སྨན་ཁབ་བརྒྱབ་སྟེ། ལུག་ལ་ལུག་འབྲུམ་དང་ཁ་ཚ་རྨིག་ཚ་བཅས་ཀྱི་ནད་རིགས་འབྱུང་བ་སྔོན་འགོག་བྱེད་བཞིན་ཡོད་པ་རེད།

ཟོན་ཐར་རྒྱལ་གྱིས“ངེད་ཁྱིམ་མི་གང་བོས་ལུག་ནི་བྱིས་པ་བཞིན་སྙོར་སྙོར་བྱེད་བཞིན་ཡོད། མ་མོ་རྩེབས་པའི་དུས་སུ་ང་ཚོར་ཧ་ཅང་བྲེལ་བ་ཆེ་ནའང་ཆེས་དགའ་བའི་དུས་ཡིན་ལ། ངེད་ཚང་ལ་བཟའ་མི་གཅིག་གིས་ཇེ་མང་དུ་སོང་བ་དང་འདྲ”ཟེར།

“ལུག་ཕྱིར་འཚོང་བྱེད་པའི་ཐད་ལའང་སེམས་ཁྲལ་བྱེད་མི་དགོས། ཀྲུའུ་རིན་གུ་རུ་རྒྱལ་མཚན་གྱིས་ངེད་ཚང་གི་ལུག་གཅིག་གྱུར་གྱིས་ཚོང་རའི་རིན་གོང་ལྟར་ཁོའི་མཉམ་ལས་ཁང་དུ་ཉོ་སྒྲུབ་བྱ་ངེས། 2018ལོར་ལུག་རེར་སྒོར་བརྒྱད་བརྒྱ་ཡིས་ཉོ་སྒྲུབ་བྱས་རྗེས། མཉམ་ལས་ཁང་གིས་སི་ཁྲོན་དང་ཁྲུང་ཆིན་སོགས་ལ་འཚོང་བཞིན་ཡོད”ཅེས་ཟོན་ཐར་རྒྱལ་གྱིས་དེ་ལྟར་བཤད། 2017ལོར། མི་རེར་སྒོར་སྟོང་དྲུག་དང་བཞི་བརྒྱ་ཡི་ཁྱིམ་ཐོན་མ་དངུལ་གྱིས་ཁོས་མུ་མཐུད་དུ་ལུག་ཉོས་པས་ད་ལྟ་ལུག་བརྒྱ་དང་དྲུག་ཅུ་ཡོད་པ་དང་། གསོ་སྤེལ་ཁོ་ནའི་ཡོང་སྒོ་ལོ་རེར་སྒོར་ཁྲི་གཉིས་དང་སྟོང་བརྒྱད་ལྷག་ཡོད། ན་ནིང་། ཁོ་ཚང་བདེ་བླག་ངང་དབུལ་ཕོངས་ལས་ཐར་བ་རེད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།