ཞིང་པའི་སྤྲོ་སྐྱིད་ཁང་ལ་བརྟེན་ནས་ཡུལ་སྐོར་ཡོང་སྒོ་བསྐྲུན་པ།
2019.10.08 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 25

པན་ཡན་སྡེ་བའི་རྣམ་པ་གསར་པ།

པན་ཡན་སྡེ་བའི་སྡེ་མིའི་ཤིང་ཁང་།

པན་ཡན་སྡེ་བའི་བུད་མེད་རྣམས་ཀྱི་ལག་རྩལ་ཐོན་རྫས།

ཟླ་བརྒྱད་པའི་མཐོ་སྒང་གི་ནམ་མཁའ་གཡའ་དག་ཅིང་བསིལ་རླུང་དལ་བུར་ལྡང་། ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་པན་ཡན་སྡེ་གསར་ཐང་ཆེན་གྱི་གཞོགས་ཤིག་ཏུ་གནས་པའི་ལུའེ་ཧྲི་གཞིས་ཀའི་སྒོ་ཁ་རུ་སྡེ་མི་དང་ཡུལ་སྐོར་པ་རྣམས་ཕར་འགྲོ་ཚུར་འོང་བྱེད་ཅིང་། གནས་དེ་རུ་དགའ་སྤྲོའི་འདུ་ལོང་རབ་ཏུ་རྒྱས་འདུག

ཁྱམས་རའི་ནང་དུ་སོང་པ་ན་ནང་དུ་ཅོག་ཙེ་འགའ་བསྒྲིགས་ཡོད་ལ། སྒེའུ་ཁུང་སྟེགས་བུའི་སྟེང་དུ་བསྟར་བའི་མེ་ཏོག་རྟེན་སྡེར་ནང་དུ་ཚོན་མདོག་སྣ་ཚོགས་ཀྱི་མེ་ཏོག་མང་པོ་རྣམ་པར་བཞད་འདུག ཁྱམས་རའི་ཀླད་སྟེང་དུ་དེང་རབས་ཀྱི་ལས་སྲོལ་ལྟར་ཤེལ་སྒོས་བཀབ་ཡོད་པ་དང་སྟེང་དུ་ཚོན་དར་སྣ་ཚོགས་དཔྱང་ཡོད། ཉི་འོད་ནང་དུ་འཕྲོས་ན་དྲོ་ཞིང་འཇམ་ལ་སྣང་བ་སྐྱིད་པོ་ཞིག་རེད། དེ་ནས་ནང་དུ་སོང་པ་ན་ཤག་ཁང་རྣམས་གད་བདར་གཙང་མ་བྱས་ཡོད་ལ། གཡོས་སྦྱོར་ཁང་གི་རང་བྱུང་སོལ་རླངས་ཀྱི་ཐབ་ཀའི་སྟེང་ནས་ཞིང་ཁྱིམ་ཁོ་ནར་ཡོད་པའི་ཟ་མ་ཞིམ་པོའི་བྲོ་བ་དེ་སྣ་ལམ་དུ་འཐུལ་ཡོང་།

“ཕེབས་ཤོག་ཕེབས་ཤོག ཕེབས་ཤོག ནང་དུ་ཕེབས་ཤོག གང་ཞིག་བཟའ་འདོད་ན་ཚལ་ཐོར་ལྟོས་དང་།”ལུའེ་ཧྲི་གཞིས་ཀའི་སྦྱིན་བདག་ལུའེ་ཡིའུ་ཞན་གྱིས་སྤྲོ་སེམས་འཁོལ་བའི་ངང་མགྲོན་པོར་བསུ་མ་བྱེད་ཞོར་ཇ་ལྡུག་པ་དང་། གདོང་ལ་དགའ་སྤྲོའི་འཛུམ་མདངས་རྒྱས།

དྲོས་ཇའི་རྗེས་སུ་ལུའེ་ཡིའུ་ཞན་ལ་ད་གཟོད་ཁོམ་སྐབས་ཤིག་བྱུང་བས། ང་ཚོ་དང་མཉམ་དུ་བསྡད་དེ་ཉེ་བའི་ལོ་ངོ་གསུམ་རིང་གི་འགྱུར་ལྡོག་གླེང་བ་ཡིན། ལུའེ་ཡིའུ་ཞན་གྱིས་ང་ཚོར་བཤད་རྒྱུར། ཁོ་ཚང་ནི་མི་རབས་ནས་མི་རབས་བར་རི་མགོ་རུ་གཞིས་ཆགས་ཏེ་ཡོང་བ་ཡིན་ལ། རི་མགོ་རུ་ཐན་པ་ཆེ་བའི་ལོ་ཤིན་ཏུ་མང་། མཚམས་རེར་ཆར་ཆུ་དཀོན་པས་བཏབ་པའི་ལོ་ཏོག་གིས་ལོ་གཅིག་གི་ཁ་ཟས་འདང་ཙམ་ཡིན། ཡུལ་ལ་འགྲོ་སའི་ལམ་ཡང་རྐང་ལམ་ཞིག་མ་གཏོགས་མེད་ལ། ཆར་བ་བབས་ཚེ་ལམ་ཧྲིལ་པོ་འདམ་རྫབ་ཏུ་གྱུར་ཏེ་ནང་གི་མི་ཕྱི་རུ་འགྲོ་མི་ཐུབ་ལ་ཕྱི་ཡི་མི་ནང་དུའང་ཡོང་དཀའ། ཁོ་ཚོ་ནི“སྟོན་ཁའི་ཉི་མ་མེ་ཏོག”དང་འདྲ་བར་ཉི་ཟེར་གང་དུ་འཕྲོས་ན་དེ་རུ་ཉི་མར་ལྡེ་པ་ཞིག་དང་། གནམ་ལ་བརྟེན་ནས་འཚོ་བ་རོལ་དགོས་པ་ཞིག་ཡིན་ཟེར།

“སྔོན་ཆད་ང་ཚོ་རི་མགོ་རུ་གཞིས་ཆགས་ཡོད་དུས་ཞིང་པའི་སྤྲོ་སྐྱིད་ཁང་ཕར་ཞོག་ཟ་ཁང་ཞིག་ཀྱང་མེད། གནས་སྤོར་བྱས་རྗེས་ཀྱི་པན་ཡན་སྡེ་བར་སྙན་གྲགས་ཡོད་ལ་མི་ཚོགས་ཀྱང་འཁོར་བས་ང་ཚོར་ཡང་ཚོང་ཞིག་རྒྱག་རྒྱུའི་བསམ་པ་སྐྱེས་བྱུང་།”

ལུའེ་ཡིའུ་ཞན་གྱིས“2016ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་ང་ཚོའི་སྡེ་བར་ཕེབས་ནས། སྡེ་གསར་འཛུགས་སྐྲུན་དེ་ཐོན་སྐྱེད་འཕེལ་རྒྱས་དང་ལས་ཞུགས་ཡར་སྐུལ་གཉིས་དང་ཟུང་སྦྲེལ་བྱེད་དགོས་པའི་མངགས་བཅོལ་གནང་། ངའི་བུ་ལ་ཟ་མ་གཡོས་སྦྱོར་གྱི་ལག་རྩལ་ཡོད་པས་རང་ཚང་གི་གཞིས་ཀ་ཆུང་ཆུང་དེ་ཞིང་པའི་སྤྲོ་སྐྱིད་ཁང་དུ་བསྒྱུར། ཞིང་པའི་སྤྲོ་སྐྱིད་ཁང་ཕྱེས་པས་སྲིད་གཞུང་གིས་ཁ་གསབ་སྒོར་ཁྲི་དྲུག་བྱིན། ཡུལ་འདིར་གནས་སྤར་རྗེས། ངེད་ཚང་གི་གཞིས་ཀ་གཞུང་ལམ་གྱི་འགྲམ་དུ་ཡོད་པས་ཆགས་ཡུལ་བཟང་ཞིང་། མགྲོན་པོ་སུ་ཞིག་སྡེ་བའི་ནང་དུ་ཐོན་མ་ཐག་ངེད་ཚང་གི་ཞིང་པའི་སྤྲོ་སྐྱིད་ཁང་མཐོང་ཐུབ”ཅེས་དགའ་སྤྲོའི་ངང་བཤད་བྱུང་།

ད་ལོར་ལོ་ལྔ་བཅུ་ལ་སོན་པའི་ལུའེ་ཡིའུ་ཞན་གྱི་རྨི་ལམ་དུའང་རྨིས་མ་མྱོང་བ་ཞིག་ལ་རང་ཉིད་འདི་འདྲའི་བཟང་བའི་སྡོད་ཁང་ཞིག་ཏུ་གཞིས་ཆགས་ཐུབ་སོང་བ་དེ་ཡིན། དེ་ལས་ཀྱང་སེམས་སུ་མ་དྲན་པ་ཞིག་ལ་རང་ཚང་གིས་པན་ཡན་སྡེ་བའི་ནང་དུ་ཐོག་མར་ཞིང་པའི་སྤྲོ་སྐྱིད་ཁང་ཕྱེས་པ་དེ་ཡིན། ད་ལྟ་ཁོ་རང་ཉིན་རེར་སྡེ་གསར་རྒྱབ་ངོགས་སུ་གནས་པའི་ཕག་གསོ་ར་བའི་ནང་དུ་སོང་སྟེ་ཕག་ལ་ལྟོ་ལྡུད་དགོས་པ་དང་། ཁོམ་པའི་དུས་སུ་ཞིང་པའི་སྤྲོ་སྐྱིད་ཁང་དུ་ཡོང་ནས་ལས་རོགས་བྱེད་བཞིན་ཡོད། ཁྱིམ་མི་གང་བོས་བྲེལ་འཚུབ་ཆེ་ཞིང་དོན་གྱིས་ཕྱུག་པའི་འཚོ་བ་རོལ་བཞིན་ཡོད། ལུའེ་ཡིའུ་ཞན་གྱིས་བཤད་རྒྱུར། ད་ལྟ་སྒོར་མོ་བཙལ་བའི་ཐབས་ལམ་མང་པོ་ཡོད་ལ་སྒོར་མོའི་འགྲོ་སོང་ཇེ་ཉུང་དུ་སོང་ཡོད་དེ། བྱིས་པ་སློབ་གྲྭར་སོང་ན་ཟ་འདུག་ལ་རིན་པ་སྟེར་མི་དགོས་ལ། ན་ཚ་བྱུང་ནས་སྨན་ལ་བསྟེན་དགོས་ཚེ་སྨན་བཅོས་འགན་སྲུང་ཡོད་པས། བཙལ་བའི་སྒོར་མོ་ཚང་མ་སྒོར་ཁུག་ནང་དུ་འཇོག་རྐྱང་རེད་ཟེར།

ལུའེ་ཡིའུ་ཞན་གྱིས་ཁོ་ཚང་གི་ཁ་གཏད་དུ་ཡོད་པའི་ཐང་ཆེན་གྱི་གྱང་ངོས་སུ་རྒྱ་ཡིག་གི་ཡིག་འབྲུ་ཆེན་པོ“བདེ་སྐྱིད་འཚོ་བ་ནི་བརྩོན་པ་ལས་བྱུང”ཞེས་བརྐོས་ཡོད་པ་དེ་བསྟན་ནས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིས་གསུངས་པ་ནང་བཞིན་བརྩོན་པ་བསྐྱེད་ཐུབ་ན་ང་ཚོའི་འཚོ་བ་ཇེ་བཟང་ནས་ཇེ་བཟང་ཡིན་ཁོ་ཐག་རེད་ཟེར།

སྡེ་གསར་གྱི་མདུན་དུ་ས་ཞིང་ཡུག་གཅིག་ཡོད་ལ། ཝུའུ་ཧྲི་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་ཀྲུང་ཕེང་ཞང་གིས་བཤད་རྒྱུར། རྗེས་ཕྱོགས་སྡེ་བས་ས་ཞིང་འདི་བེད་སྤྱོད་བྱས་ཏེ་སྐྱེ་ཁམས་དང་དེང་རབས་ཞིང་ལས་ཀྱི་ལྟད་མོ་ལྟ་ཡུལ་དུ་བསྒྱུར་ནས་ཞིང་སྡེའི་ཡུལ་སྐོར་གྱི་ལམ་དུ་བསྐྱོད་རྩིས་ཡོད། འདི་ལྟར་བྱས་ན་སྡེ་བའི་ནང་གི་མི་ཚོགས་སྔར་བས་རྒྱས་པར་མ་ཟད། སྡེ་མི་རྣམས་ཀྱིས་ཀྱང་ཡུལ་སྐོར་ལ་བརྟེན་ནས་ཡོང་སྒོ་མང་པོ་འཚོལ་བ་མངོན་འགྱུར་བྱེད་ཐུབ་ཟེར།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།