མཐའ་མཚམས་སྔས་སུ་བྱས་པའི་གྲོང་ཚོ་གྲགས་ཅན་ཏེ། གམ་པ་རྫོང་དགེ་རུ་སྡེ་བའི་སྐོར་རགས་ཙམ་བཀོད་པ།
2019.10.09 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 37

གསར་འགོད་པ་གམ་པ་རྫོང་དུ་སྐྱོད་སྐབས་ནི་སྤྱི་ཟླ་བརྒྱད་པ་ཡིན་ཞིང་། དེ་ནི་བོད་ཡུལ་ན་དབྱར་ཟླ་དྲུག་པ་ཞེས་ཆར་ཆུ་བཟང་ལ་རི་ཀླུང་སྣུམ་པའི་དུས་བཟང་ཤོས་ཡིན་པས། དེ་གར་ཞང་གྲོང་ཁག་ཏུ་སྐབས་དང་པོའི་ཞིང་པའི་ལུས་རྩལ་འགྲན་ཚོགས་ཚ་ཚ་འུར་འུར་ངང་ཚོགས་བཞིན་ཡོད། སྐབས་དེར་གང་སར་གཟབ་མཆོར་སྤྲས་པ་དང་། ཆང་དང་ཞིམ་ཟས་འཁུར་ཞིང་དགའ་སྤྲོའི་འཛུམ་མདངས་འཕྱུར་བའི་མི་ཚོགས་མང་པོ་མཐོང་རྒྱུ་འདུག

གསར་འགོད་པ་ཕུར་བུ་བསོད་ནམས་ལ་ཐོག་མར་འཕྲད་སྐབས། ཁོང་ཡང་ཁོངས་གཏོགས་གྲོང་རྡལ་གྱི་ཞིང་པའི་ལུས་རྩལ་འགྲན་ཚོགས་ལ་ཞུགས་འདུག གཟུགས་སྟོབས་ཆེ་ལ་དཔའ་ངར་ལྡན་ཞིང་ཤ་རྩ་སྨུག་པའི་ན་གཞོན་དེ་ནི་ལོ་གསུམ་གྱི་སྔོན་ལ་གོང་རིམ་ནས་ཆེད་མངགས་མཐའ་མཚམས་ཀྱི་སྡེ་བ་དང་པོར་འབོད་པའི་དགེ་རུ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་པོར་བཀོད་སྒྲིག་བྱས་པ་དང་། ད་བར་ལོ་ཧྲིལ་པོ་གསུམ་འདས་ཟིན། ལོ་གསུམ་གྱི་རིང་མཐའ་མཚམས་གྲོང་ཚོ་དེར་འགྱུར་ལྡོག་མང་པོ་བྱུང་ཞིང་། སྲིད་གཞུང་གི་ཐུགས་ཁུར་དང་། བོད་སྐྱོར་གྱི་རྒྱབ་སྐྱོར། བཅའ་སྡོད་དམག་དཔུང་གི་རོགས་རམ། མི་དམངས་ཀྱི་འབད་བརྩོན་བཅས་ལ་བརྟེན་ནས་ཡུལ་མི་ཚང་མས་ཁོད་ཡངས་ཤིང་གསལ་ཆ་ལྡན་པའི་ཉིས་ཐོག་ཅན་གྱི་སྡོད་ཁང་ལས་པ་དང་། ཆུ་གློག་ལམ་གསུམ་བཅས་འཐེན་པ་མ་ཟད། སྡེ་བ་ཚང་མར་བྱེ་ཟེགས་ཀྱི་ལམ་ལས་པ་དང་། སྤུས་དག་པའི་ཕྱུགས་ཟོག་དྲོད་ཁང་ལས་ཟིན་པས།  ད་ལྟ་སྡེ་བ་ཧྲིལ་པོའི་བཀོད་པ་མཛེས་ལ་སྐྱིད་སྣང་ལྡན།

དགེ་རུ་སྡེ་བའི་ལས་བྱེད་པ་དང་མང་ཚོགས་ཀྱི་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་བའི་བརྩེ་སེམས་དྲོན་མོ་དང་སྲོལ་རྒྱུན་བཟང་པོའི་སྐོར་དང་། ལོ་ཤས་ནང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་གྱིས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་དགའ་འོས་པའི་གནས་ཚུལ་སྐོར་བཅར་འདྲི་བྱེད་པའི་ཚེ། ཕུར་བུ་བསོད་ནམས་དང་སྡེ་བའི་ལས་བྱེད་པ་ཚང་མས་སྦ་གསང་ཅི་ཡང་མེད་པའི་སྒོ་ནས་སྐད་ཆ་དྲང་མོ་མང་པོ་བཤད།

དགེ་རུ་སྡེ་བ་ནི་གམ་པ་རྫོང་ནས་བར་ཐག་སྤྱི་ལེ་བཅུ་གསུམ་གྱི་སར་གནས་ཤིང་། ཀྲུང་གོ་དང་རྒྱ་གར་དངོས་ཡོད་ཚོད་འཛིན་གྱི་མཐའ་མཚམས་ས་ཐིག་དང་བར་ཐག་སྤྱི་ལེ་ལྔ་ལས་མེད་པས་མཐའ་མཚམས་ཀྱི་སྡེ་བ་དང་པོ་རུ་གྲགས། ཆ་སྙོམས་ས་བབ་མཐོ་ཚད་ལ་མུས་སྟོང་ལྔ་དང་ལྔ་བཅུ་ལྷག་ཡོད་པའི་སྡེ་བ་དེ་ནི་ཁྱིམ་ཚང་བརྒྱ་དང་ཞེ་གཉིས་དང་མི་གྲངས་ལྔ་བརྒྱ་དང་ཞེ་གསུམ་ལས་མེད་པའི་སྡེ་བ་ཆུང་གྲས་ཤིག་ཡིན་མོད། འོན་ཀྱང་། ང་ཚོ་སྡེ་བའི་ཁྱད་ཆོས་གཙོ་བོ་ནི་སྡེ་བའི་ལས་བྱེད་པ་ཕན་ཚུན་དབར་མཐུན་སྒྲིལ་ཟབ་པས་སྟོབས་ཤུགས་གཅིག་སྒྲིལ་ཡིན་ལ། མང་ཚོགས་ཚོར་དཀའ་སྤྱད་ཀྱི་སྙིང་རུས་དང་དྲིན་ཚོར་གྱི་བསམ་པ་ཤུགས་ཆེན་ལྡན་པས་ལས་ཀ་གང་བྱས་ཀྱང་དཀའ་སྣང་ཅི་ཡང་མེད་པ་རེད་ཅེས་དགེ་རུ་སྡེ་བའི་ཧྲུའུ་ཅི་དང་པོ་ཕུར་བུ་བསོད་ནམས་ཀྱིས་དེ་ལྟར་བརྗོད་པ་དང་། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྣེ་ཁྲིད་འོག་སྡེ་བའི་ཕྱོགས་གང་ཅིའི་ཐད་ཀྱི་འཕེལ་རྒྱས་རྣམ་པར་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟར་དུ་སྣང་།

དམངས་ཀྱི་མཐའ་སྲུང་དམ་བཅའ་བརྟན།

གྲང་ངར་ཆེ་བའི་གནམ་གཤིས་དང་། ས་བབ་མཐོ་བའི་ཁོར་ཡུག་ནི་གནས་འདིའི་མང་ཚོགས་ཀྱི་འཚོ་བ་དང་ལས་ཀའི་བཀག་རྐྱེན་དུ་མ་སོང་བར། དེ་ལས་ལྡོག་སྟེ། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་དང་མང་ཚོགས་ཚོས་དཀའ་ངལ་ལ་གདོང་གཏོད་ཕོད་པའི་སྙིང་སྟོབས་དང་། མེས་རྒྱལ་གྱི་མཐའ་མཚམས་བརྟན་སྲུང་བྱེད་པའི་ཆོད་སེམས་བྲག་རི་ལས་ཀྱང་བརྟན།

དགེ་རུ་སྡེ་བའི་ཁོད་སྙོམས་ཤིང་དག་གཙང་ཡིན་པའི་ཨར་འདམ་གྱི་སྲང་ལམ་དུ་བསྐྱོད་སྐབས། པང་ལེབ་གཅལ་དུ་བཏིངས་པའི་སྟེགས་བུ་ཞིག་ང་ཚོའི་མིག་ལམ་དུ་འཆར་ཞིང་། དེའི་འགྲོ་ལམ་དུ“མཐའ་མཚམས་ས་ཐིག་སྤྱི་ལེ་ལྔའི་ལྗོངས་གཟིགས་སྟེགས་བུ”ཞེས་བྲིས་པའི་རྡོ་རིང་ཞིག་བསླངས་འདུག དེ་ནས་ཕར་བལྟས་ན་ཀྲུང་ཧིན་ས་མཚམས་སུ་འགྱིང་ངེར་ལངས་པའི་གངས་རི་མིག་ལམ་དུ་འཆར་ཐུབ།

སྟེགས་བུའི་དབུས་སུ་བཙུགས་པའི་དར་ཤིང་རིང་པོའི་ཐོག་དམར་མདངས་རབ་ཏུ་བཀྲ་བའི་སྐར་ལྔའི་དར་དམར་རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས་པས། མེས་རྒྱལ་གྱི་མཐའ་མཚམས་སུ་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བའི་ངང་ཚུལ་འདི་མཐོང་སྐབས། རྒྱལ་གཅེས་ཀྱི་སྤོབས་སེམས་དྲག་ཏུ་མི་འཁོལ་ཅི་ལ་སྲིད། དགེ་རུ་སྡེ་བར་བཅའ་སྡོད་བྱས་ཡོད་པའི་ལས་དོན་མི་སྣས་གསར་འགོད་པ་སྟེགས་བུའི་སྟེང་དུ་འཁྲིད་ནས“གཟའ་འཁོར་རེའི་རེས་གཟའ་ཟླ་བ་ཉིན་གྱི་ཞོགས་པའི་ཉི་གཞོན་མ་ཤར་གོང་ལ། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་དང་། ཏང་ཡོན་དང་བླངས་པ། སྡེ་བར་བཅའ་སྡོད་བྱས་ཡོད་པའི་ལས་དོན་མི་སྣ། གཉིས་ལྡན་ཁྱིམ་སྦྲེལ་གྱི་སྤྱི་མི་དང་། དེ་བཞིན་སྡེ་བའི་མང་ཚོགས་རྣམས་འདི་གར་འཛོམས་ནས་རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི་བྱེད་སྒོ་སྤེལ་གྱིན་ཡོད”ཅེས་བཤད་པ་དང་སྦྲགས། ལག་འཁྱེར་ཁ་པར་ནང་ནས་རྒྱལ་དར་སྒྲེང་སྐབས་ཀྱི་བརྙན་ཐུང་རེ་རེ་ང་ཚོར་བསྟན་བྱུང་། རྒྱལ་དར་བསྒྲེང་ས་ནས་ཁ་ཕྱིར་འཁོར་སྐབས་སྡེ་བའི་མདུན་ངོས་ཀྱི་རི་ངོས་སུ“མེས་རྒྱལ་ཁྲི་ལོར་བརྟན་པར་ཤོག”ཅེས་པའི་ཡིག་འབྲུ་ཆེན་པོ་ཞིག་མིག་ལམ་དུ་འཆར་ཞིང་། དེ་ལས་མཐའ་མཚམས་མང་ཚོགས་ཀྱི་རྣམ་དག་རྒྱལ་གཅེས་བསམ་པ་དང་མ་བཅོས་དྲིན་ཚོར་བསམ་པ་མངོན་བཞིན་ཡོད།

དགེ་རུ་སྡེ་བའི་མང་ཚོགས་ཀྱིས་ཏང་དང་མེས་རྒྱལ་ལ་བཅངས་པའི་དད་སེམས་དང་། མཐའ་མཚམས་བརྟན་སྲུང་བྱེད་པའི་སྙིང་སྟོབས་ནི་ཁ་ནས་བཤད་པ་ཙམ་དང་ཕྱི་ཡི་རྣམ་པ་ཙམ་ག་ལ་ཡིན། དགེ་རུ་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་དང་ཏང་ཡོན་གྱི་སྣེ་ཁྲིད་འོག སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ལས་བྱེད་པ་དང་། ཏང་ཡོན་དང་བླངས་པ། གཉིས་ལྡན་ཁྱིམ་སྦྲེལ་སོགས་ལས་གྲུབ་པའི་མི་གྲངས་བརྒྱ་ལ་ཉེ་བ་ཚན་ཆུང་དགུ་རུ་བགོས་ནས་མཐའ་སྲུང་དཔོན་དམག་དང་མཉམ་དུ་མཐའ་མཚམས་སུ་སྐོར་གཡེང་ལ་འགྲོ་གི་ཡོད། “དེ་སྔོན་རྟར་བཞོན་པ་དང་། རྐང་ཐང་ལ་འགྲོ་དགོས་པས་སྐོར་གཡེང་བྱ་བ་དཀའ་ངལ་ཆེ་ལ་དུས་ཚོང་རིང་པོ་འགོར་གྱི་ཡོད། ཀྲུང་གོ་རྫས་འགྱུར་ཚོགས་པས་ང་ཚོའི་སྐོར་གཡེང་ལ་སྟབས་བདེ་སྐྲུན་ཆེད། འཕྲུལ་རྟ་བརྒྱ་རྒྱབ་སྐྱོར་ཏུ་གནང་བས། མཐའ་མཚམས་སྐོར་གཡེང་གི་ལས་ཀ་སྟབས་ཇེ་བདེར་གྱུར་པ་མ་ཟད། ལས་ཆོད་ཀྱང་ཆེ་རུ་སོང་། འོན་ཀྱང་། དགུན་ཁའི་དུས་སུ་ཁངས་ཆེན་པོ་བབས་ནས་སྐབས་རེར་འཕྲུལ་རྟ་འགྲོ་མ་ཐུབ་ཚེ་གངས་ཁྲོད་དུ་ལག་འདྲུད་བརྒྱབ་ནས་བསྐྱོད་དགོས”ཞེས་དགེ་རུ་སྡེ་བའི་ཀྲུའུ་རེན་ཟླ་འཛིན་གྱིས་དེ་ལྟར་བརྗོད། དབྱར་ཁ་དྲག་ཆར་འབབ་པའམ། དགུན་ཁར་ཁ་བ་ལྷབ་ལྷུབ་ཏུ་བབས་པའི་གནམ་གཤིས་ངན་པ་ཇི་ལྟར་བྱུང་རུང་། ཁོ་ཚོས་ཟླ་བ་རེར་མཐའ་མཚམས་ས་ཐིག་ཐེངས་གསུམ་རེར་བསྐོར་བའི་འཆར་གཞི་ནམ་ཡང་འགྱུར་མྱོང་མེད་པས། སྡེ་བ་འདིའི་ས་ཁོངས་ནས་ཀྲུང་གོའི་ས་ཆ་ལག་མཐིལ་ཙམ་ཡང་རྒྱལ་ཁབ་གཞན་ལ་ཤོར་མྱོང་མེད། “ད་ཆ་དགེ་རུ་སྡེ་བའི་མང་ཚོགས་རྣམས་ལ‘མི་ཚང་མ་སོ་པ་དང་ཁྱིམ་ཚང་ཚང་མ་སོ་ལྟ་ཁང’ཡིན་པའི་འདུ་ཤེས་ཟབ་མོ་ཡོད”ཅེས་དགེ་རུ་སྡེ་བའི་ཧྲུའུ་ཅི་དང་པོ་ཕུར་བུ་བསོད་ནམས་ཀྱིས་དེ་ལྟར་བཤད།

དམག་དམངས་བརྩེ་སེམས་མཚོ་ལྟར་ཟབ།

སྡེ་བའི་ལས་བྱེད་པའི་སྣེ་ཁྲིད་འོག གསར་འགོད་པ་འཛུགས་སྐྲུན་བྱེད་བཞིན་པའི་དགེ་རུ་སྡེ་བའི་ཨུ་ཡོན་ལྷན་ཁང་ནང་ཐོན་པ་ན། བཅའ་སྡོད་དཔུང་སྡེ་ཞིག་གི་མཐའ་སྲུང་དཔོན་དམག་གིས་རླངས་འཁོར་ལས་ཆུ་བླུགས་པའི་འགྱིག་དམ་སྐྱེལ་འདྲེན་བྱེད་བཞིན་འདུག དེ་ནས་དགེ་རུ་སྡེ་བའི་ཧྲུའུ་ཅི་དང་པོ་ཕུར་བུ་བསོད་ནམས་ཀྱིས་དེ་ནི་དཔོན་དམག་གིས་སྡེ་བར་ཆུ་ལེན་རོགས་བྱེད་བཞིན་ཡོད་ཅེས་བཤད། དམག་དམངས་བརྩེ་སེམས་ཉ་ཆུ་ལྟར་ཟབ་པ་ནི་སྔར་ནས་ད་བར་དེ་གའི་མི་རབས་མང་པོས་བསྐྱངས་པའི་སྲོལ་རྒྱུན་བཟང་པོ་ཞིག་ཡིན་པ་དང་། ད་ཆ་སྔར་བཞིན་མཐུན་སྒྲིལ་གྱི་སྡོང་པོ་ལ་མེ་ཏོག་བཞད་དེ་འབྲས་བུ་ཐོགས་ཡོད་ཅིང་། བཅའ་སྡོད་དཔུང་སྡེ་དེ་ཉིད་དགེ་རུ་སྡེ་བའི་མང་ཚོགས་ཀྱི་དབུལ་ཐར་ཕྱུག་འགྱུར་ལམ་གྱི་དཔུང་རོགས་བཟང་པོ་ཞིག་ཏུ་གྱུར་འདུག

སྲོལ་རྒྱུན་གྱི་རྩྭ་ཆུ་བསྙེགས་ནས་ཕྱུགས་འཚོ་བ་དང་མཐའ་སྲུང་དགོས་དབང་གིས་ས་མཚམས་དང་ཉེ་བའི་ལུང་ཤུར་ནང་ལོ་ཧྲིལ་པོར་ལུག་ཁྱུ་འཚོ་བཞིན་ཡོད་ཅིང་། དགུན་ཁ་ ཆུ་བོ་འཁྱགས་པས་བསྡམས་རྗེས་ལུག་ཁྱུ་དང་ཕྱུགས་རྫིའི་འཐུང་ཆུར་སྡེ་བའི་མདའ་ནས་འདྲུད་འཐེན་འཁོར་ལོའི་ནང་སྐྱེལ་དགོས་ཀྱི་ཡོད། ཆུ་སྐྱེལ་འདྲེན་བྱེད་པའི་ལས་ཀ་རྙོག་འཛིང་ཆེ་བ་མ་ཟད། འཁྱགས་རོམ་མེ་དང་། ཉི་མར་བཞུ་ནས་འཐུང་ཆུ་བྱེད་དགོས་པས། ཕྱུགས་ལ་འཐུང་ཆུ་འདང་ངེས་ཤིག་རག་དཀའ་ལ། མི་ལ་འཐུང་ཆུ་གཙང་མ་ཞིག་རག་རྒྱུ་ནི་དེ་བས་དཀའ་བ་རེད”ཅེས་དགེ་རུ་སྡེ་བའི་ཀྲུའུ་རིན་ཟླ་འཛིན་གྱིས་དེ་ལྟར་བཤད། བཅའ་སྡོད་དཔུང་སྡེ་ཞིག་གིས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་འཕྲད་པའི་དཀའ་ངལ་སེལ་ཆེད། ཆུ་འདྲེན་རླངས་འཁོར་ཞིག་ཉོས་ནས་སྡེ་བར་སྤྲད་པས། མང་ཚོགས་ལ་མིག་མཐོང་ལག་ཟིན་གྱི་ཕན་པ་ཐོབ་པ་དང་ཆབས་ཅིག དགེ་རུ་སྡེ་བའི་ཕུགས་སུ་གནས་པའི་མི་ཕྱུགས་གཉིས་ཀྱིས་འཁྱགས་རོམ་བཞུས་ནས་འཐུང་ཆུ་བྱེད་པའི་ལོ་རྒྱུས་མཇུག་བསྒྲིལ་བ་རེད། དེས་མི་ཚད། “དགེ་རུ་སྡེ་བར་སྔོ་ཚོད་མི་སྐྱེས་བའི་དབང་གིས་མང་ཚོགས་ཀྱིས་སྔོ་ཚོད་གསར་བ་བཟའ་དཀའ་བའི་གནད་དོན་ལ་དམིགས་ནས་དཔུང་སྡེ་དེས་མ་དངུལ་སྒོར་མོ་འབུམ་གསུམ་བཏང་ནས་སྔོ་ཚོད་དྲོད་ཁང་ཞིག་ལས”ཞེས་ཕུར་བུ་བསོད་ནམས་ཀྱིས་དེ་ལྟར་བཤད།

ང་ཚོ་སྔོ་ཚོད་གང་འདྲ་སྐྱེས་ཡོད་མེད་ལ་ལྟ་རུ་སོང་བ་ཡིན། བསྟར་ཕྲེང་བསྒྲིགས་པའི་སྔོ་ཚོད་དྲོད་ཁང་བཞི་ཡོད་པ་དེ་དག་གི་ནང་པད་ཚལ་དང་། ཨོ་སུན། ནན་ཀྭ ཧོང་ཀྭ་སོགས་ཚལ་རིགས་སྣ་ཁ་མི་འདྲ་བ་མང་པོ་སྐྱེས་འདུག་ལ། དྲོད་ཁང་གཅིག་གི་ནང་དེ་སྔོན་ཁྱིམ་ཚང་དབུལ་པོ་ཡིན་པའི་རྣམ་སྒྲོལ་གྱིས་རྩྭ་ལྡུམ་འབལ་བཞིན་འདུག གསར་འགོད་པས་རྣམ་སྒྲོལ་ལ་སྔོ་ཚོད་འདེབས་པའི་ལག་རྩལ་གང་ནས་སྦྱངས་སམ་ཞེས་འདྲི་སྐབས།“ཐོག་མར་ཧྲུའུ་ཅི་ལགས་ཀྱིས་ང་ཚོར་སྔོ་ཚོད་འདེབས་སྟངས་བསླབས་བྱུང”ཞེས་བརྗོད། མཐའ་སྲུང་དཔུང་སྡེས་མ་དངུལ་བཏོན་པ་དང་། སྡེ་བའི་ལས་བྱེད་ཀྱིས་ལག་རྩལ་བསླབས་པ་བརྒྱུད། ད་ལྟ་དགེ་རུ་སྡེ་བའི་མང་ཚོགས་ཀྱིས་སྔོ་ཚོད་གསར་བ་གང་འདོད་དུ་བཟའ་ཆོག་པར་མ་ཟད། སྡེ་བའི་ཁྱིམ་ཚང་དབུལ་བོ་བཅུ་དྲུག་སྔོ་ཚོད་འདེབས་པའི་ལས་ཀར་ཞུགས་ནས་རང་ཁྱིམ་གྱི་སྒོ་ཁ་རུ་ཡོང་སྒོ་བཙལ་ཐུབ་པ་བྱུང་ཡོད།

ལོ་རེ་བཞིན་བརྒྱད་གཅིག་དམག་འཛུགས་དུས་ཆེན་དང་ལུགས་རྙིང་ལོ་སར་སྐབས་སུ། སྡེ་བས་ཀྱང་མང་ཚོགས་རྩ་འཛུགས་བྱས་ཏེ་བཅའ་སྡོད་དཔུང་སྡེར་འཚམས་འདྲིར་བྱེད་རྒྱུ་དེ་ཡང་ད་ལྟ་གོམས་གཤིས་ཤིག་ཏུ་གྱུར་ཡོད།

འབྱོར་འབྲིང་སྡེ་བའི་ཕྱོགས་སུ་བསྐྱོད་པར་འབད་བརྩོན་བྱས།

དགེ་རུ་སྡེ་བའི་ནང་བསྐྱོད་སྐབས་ཉེ་འགྲམ་མང་ཚོགས་ཀྱི་ཁང་པ་དང་། ལྷས་ར། གཡུལ་གཅོག་ས་སོགས་གཅིག་གྱུར་གྱིས་འཆར་འགོད་བྱས་པ་དང་། ཁྱིམ་ཚང་དག་གི་ཕྱིའི་ར་བ་ཡང་ཁ་དོག་དམར་སྨུག་གིས་བརྒྱན་པས། མི་རིགས་ཀྱི་ཁྱད་ཆོས་ལྡན་ལ་མིག་ལ་མཛེས་པ་ཞིག་འདུག

དེ་ཡང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“འབྱོར་འབྲིང་དུ་བསྐྱོད་པའི་ལམ་དུ་མི་གཅིག་ཀྱང་མི་ལུས་པར་བྱེད་དགོས”ཞེས་གསུངས་པ་ལྟར། དམངས་ཡོངས་འབྱོར་འབྲིང་ལམ་དུ་བསྐྱོད་ཐུབ་པ་བྱེད་དགོས་ན། ཐོག་མར་ཆེས་གཞི་རིམ་དུ་ཡོད་པའི་སྡེ་བ་ནས་མགོ་བརྩམས་ཏེ། མང་ཚོགས་ཀྱི་བདེ་སྐྱིད་དང་འབྲེལ་བའི་དོན་དངོས་ཀྱི་གནད་དོན་ཐག་གཅོད་དགོས། ཤེས་རྟོགས་བྱུང་བར་གཞིགས་ན། དགེ་རུ་སྡེ་བ་ནི་གཅིག་ནས་མཐའ་མཚམས་སུ་ཆགས་པ་དང་། གཉིས་ནས་རང་བྱུང་གི་ཆ་རྐྱེན་ཞན་པས་འབྱོར་འབྲིང་ལམ་དུ་སྐྱོད་པར་ཡུལ་གཞན་ལ་མེད་པའི་དཀའ་ཁག་མང་དག་ཅིག་དང་འཕྲད་ཀྱིན་ཡོད། དེ་བས། ཏང་དང་སྲིད་གཞུང་གིས་དོན་དངོས་གནས་ཚུལ་ལ་གཞིགས་ནས་མ་དངུལ་སྒོར་མོ་བྱེ་བ་གསུམ་དང་ས་ཡ་དྲུག་བཏང་སྟེ། དགེ་རུ་སྡེ་བའི་གཞུང་ལམ་ལེགས་བཅོས་བྱས་པར་མ་ཟད། མང་ཚོགས་ཀྱི་སྒོ་ར་དང་། གཡུལ་ཁ། ལྷས་ར་བཅས་ཇེ་ཡག་ཏུ་བཏང་བས། རླུང་གིས་མི་འཇིགས་པ་དང་། ཕྱུགས་རིགས་ལ་གནོད་པ་ཐེབས་མི་ཐུབ་པའི་ཕྱི་གྱང་གསར་པ་བསྐོར་བ་རེད། ཕ་གིའི་རི་འདབས་སུ་ཡོད་པའི་ལྷས་ར་ཚང་མ་གསར་དུ་བསྐྲུན་པ་རེད། ད་ནི་དགུན་ཁ་ཁངས་འབབ་དུས་ཕྱུགས་ལ་ལྷས་ར་མེད་པར་སེམས་ཁྲལ་བྱེད་མི་དགོས”ཅེས་སྡེ་བའི་ཀྲུའུ་རེན་ཟླ་འཛིན་གྱིས་སྡེ་བའི་རྒྱབ་ངོས་ཀྱི་རི་འདབས་སུ་མཛུབ་མོ་བཙུགས་ནས་དེ་ལྟར་བརྗོད། བྱ་བ་དེས་དགེ་རུ་སྡེ་བའི་ཕྱིའི་རྣམ་པ་གསར་རྐྱང་དུ་བསྐྲུན་པས་མི་ཚད། མང་ཚོགས་ཀྱི་རོང་འབྲོག་པའི་ཐོན་སྐྱེད་ཁྲོད་འཕྲད་པའི་དཀའ་ངལ་དུ་མ་ཞིག་བསལ་ནས་འབྱོར་འབྲིང་ལམ་དུ་སྐྱོད་པར་ཕྱིའི་མཐུན་རྐྱེན་གང་དགོས་འཛོམས་པར་བྱས་ནས། མཐའ་མཚམས་སྡེ་བ་འདི་ཉིད་འབྱོར་འབྲིང་དུ་སྐྱོད་པའི་ལམ་བུ་སྔར་བས་བདེ་ཞིང་ཡངས་བར་གྱུར་ཡོད།

མཐའ་གཅིག་ཏུ་དབུལ་སྐྱོར་མཁྲེགས་གཏོར་ལ་རྒྱལ་ཁ་བླངས་ནས་འབྱོར་འབྲིང་ལམ་དུ་བདེ་བླག་ངང་བསྐྱོད་ཐུབ་དགོས་ན། ནང་ངོས་ཀྱི་སྒུལ་ཤུགས་སྔོག་འདོན་བྱས་ནས་གཞན་བརྟེན་ནས་རང་བརྟེན་དུ་བསྒྱུར་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་རེད། དགེ་རུ་སྡེ་བས“གཅིག་རེ་ལྔའི” ཐབས་ཇུས་དོན་ཐོག་ཏུ་འཁྱོལ་བར་བྱས་ནས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་དཔུང་པ་མཉམ་གཤིབ་ངང་འབྱོར་འབྲིང་ལམ་དུ་བསྐྱོད་ཐུབ་ཆེད། མཉམ་ལས་ཁང་བཙུགས་ཏེ་ཐོན་ལས་ལ་བརྟེན་ནས་དབུལ་སྐྱོར་མཁྲེགས་གཏོར་ལ་སྐུལ་འདེད་བཏང་ཡོད།

གམ་པའི་ལུག་ནི་གམ་པའི་ཚོང་རྟགས་གྲགས་ཅན་གཉིས་ནང་གི་གཅིག་ཡིན་པ་དང་། དགེ་རུའི་ལུག་ནི་གམ་པའི་ལུག་གི་ནང་ནས་ཆེས་བཟང་ཤོས་ཡིན་པས་ཚོང་རའི་མདུན་ལམ་ཆེན་པོ་ཡོད། དགེ་རུ་སྡེ་བས་གོང་རིམ་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་དང་འཆར་འགོད་ལ་དམ་པོར་དམིགས་ནས་ཉིས་སྟོང་བཅུ་དགུ་ལོའི་ཟླ་གཉིས་པར་ཐོ་འགོད་མ་དངུལ་སྒོར་མོ་ས་ཡ་དྲུག་དང་འབུམ་གཉིས་ཁྲི་དྲུག་ལྷག་བཏང་སྟེ་མཛའ་མཐུན་མཐའ་སྲུང་ལུག་གསོ་ཆེད་ལས་མཉམ་ལས་ཁང་བཙུགས་པ་རེད། མཉམ་ལས་ཁང་དེའི་ནང་མ་རྐང་བཞག་པའི་ཁྱིམ་ཚང་བརྒྱ་དང་ཉེར་དྲུག་ཡོད་པ་དང་། ལུག་ཁྲི་གཅིག་དང་སུམ་བརྒྱ་མཉམ་དུ་འཚོ་གསོ་བྱེད་ཀྱིན་ཡོད། “ང་ཚོས་མཉམ་ལས་ཁང་འདི་བཙུགས་པར་དོན་སྙིང་ཆེན་པོ་གཉིས་ཡོད་དེ། གཅིག་ནི་རྒྱུད་བཟང་ལུག་གསོ་སྤེལ་བྱས་ནས་མང་ཚོགས་ལ་དཔལ་འབྱོར་གྱི་ཕན་འབྲས་ཐོན་པར་བྱེད་པ་དང་། གཉིས་ནི་ཕྱུགས་འཚོ་བ་ནི་སྐོར་གཡེང་དང་ཐོན་སྐྱེད་ནི་ལས་སྒྲུབ་ཡིན་པའི་འདུ་ཤེས་བརྟན་པོར་བཟུང་ནས། ཕྱུགས་འཚོ་བར་བརྟེན་ནས་མེས་རྒྱལ་གྱི་མཐའ་མཚམས་སྲུང་རྒྱུ་དེ་ཡིན”ཞེས་དགེ་རུ་སྡེ་བའི་ཧྲུའུ་ཅི་དང་པོ་ཕུར་བུ་བསོད་ནམས་ཀྱིས་དེ་ལྟར་བཤད། མ་གཞི་དགེ་རུ་སྡེ་བའི་ལུག་གསོ་ཆེད་ལས་མཉམ་ལས་ཁང་བཙུགས་ནས་དུས་ཡུན་རིང་པོ་མ་སོང་ཡང་། མཉམ་ལས་ཁང་གི་འཁོར་རྒྱུག་རྒྱུན་ལྡན་ཅན་དུ་གྱུར་ཟིན་པས། དུས་ཡུན་རིང་པོ་མ་འགོར་བར་མང་ཚོགས་ལ་ཕན་པ་དངོས་ཐོབ་པར་ཡིད་ཆེས་ཡོད་ཅེས་ཕུར་བུ་བསོད་ནམས་ཀྱིས་གདེང་ཚོད་ཆེན་པོས་གསར་འགོད་པར་དེ་ལྟར་བརྗོད་བྱུང་། དེས་མི་ཚད་བློ་རྒྱ་ཡངས་པའི་སྡེ་བའི་ཧྲུའུ་ཅི་དང་པོའི་སྣེ་ཁྲིད་འོག དགེ་རུ་སྡེ་བས་རྒྱལ་ལམ219སྐྲུན་པའི་གོ་སྐབས་དང་བསྟུན་ནས། ཉིས་སྟོང་བཅོ་བརྒྱད་ལོར་རྡོ་སྔོག་འདོན་མཉམ་ལས་ཁང་ཞིག་བཙུགས་པར་ན་ནིང་ཡོང་སྒོ་རྐྱང་རྐྱང་སྒོར་མོ་འབུམ་གཅིག་དང་ཁྲི་བརྒྱད་བླངས་ཤིང་། དེ་ལས་ཚང་མར་མཁོ་གལ་ཆེ་བའི་ཅ་ལག་ཉོས་ནས། མི་གྲངས་བཞིན་ཁྱིམ་ཚང་ལ་བགོ་བྱ་བྱས་པས། “མི་གྲངས་མང་བའི་ཁྱིམ་ཚང་ཁག་གཅིག་ལ་ཅ་ལག་འདྲུད་འཐེན་འཕྲུལ་འཁོར་གཅིག་ནང་མི་ཐེག་པ་རེ་ལེན་རྒྱུ་བྱུང་”ཞེས་དགེ་རུ་སྡེ་བར་བཅའ་སྡོད་བྱས་ཡོད་པའི་ལས་དོན་མི་སྣས་དེ་ལྟར་བརྗོད།

མང་ཚོགས་ཀྱི་ངག་ལས་ཐོས་པའི་དོན་དངོས་རེ་རེ་དང་། མཐོང་ཐོས་སུ་གྱུར་པའི་འཕོ་འགྱུར་རེ་རེས་དུས་རབས་གསར་པར་སླེབས་པའི་མཐའ་མཚམས་ཀྱི་སྡེ་བའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་བཞིན་འདུག་ལ། དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བའི་འགྲོས་དང་བསྟུན་ནས། མཐའ་མཚམས་མང་ཚོགས་ཀྱི་སྲ་ཞིང་བརྟན་པའི་མཐའ་སྲུང་གི་སྙིང་སྟོབས་དང་དཀའ་སྤྱད་འབད་འབུངས་ཀྱི་སེམས་ཤུགས་ཇེ་ཆེར་འཕེལ་ཏེ། མི་རིང་བར་དགེ་རུ་སྡེ་བ་འདི་ཉིད་མཐའ་མཚམས་སྔས་སུ་བྱས་པའི་འབྱོར་འབྲིང་སྡེ་བ་ཞིག་ཏུ་འགྱུར་བར་གདོན་མི་ཟའོ།

                                                                                                             རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།