རླབས་ཆེན་བསྐྱར་དར་མངོན་འགྱུར་འབྱུང་བའི་བརྗིད་ཡངས་བགྲོད་ལམ།
2019.10.14 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 18

——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ70འགོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་ཚུལ་གླེང་བ།

མི་དམངས་ཉིན་རེའི་ཚགས་པར་ཁང་གི་དཔྱད་གཏམ་པས།

ཡོད་ཚད་མདུན་དུ་བསྐྱོད་ཀྱང་བརྒྱུད་ཚར་བའི་ལམ་ཁ་དེ་ནམ་ཡང་བརྗེད་མི་རུང་། ཇི་ལྟར་རྒྱང་དུ་བསྐྱོད་ཀྱང་། ཇི་ལྟར་གཟི་འོད་འབར་བའི་མ་འོངས་པ་ཞིག་ལ་སླེབས་ཀྱང་། བརྒྱུད་ཚར་བའི་འདས་སོང་བརྗེད་མི་རུང་ལ་ཅིའི་ཕྱིར་ལམ་ལ་ཆས་དོན་ཡང་བརྗེད་མི་རུང་།

ལོ་ངོ70ཡི་ཡར་སྔོན་གྱི་ཟླ10པའི་ཚེས1ཉིན། བློ་མཐུན་མའོ་ཙེ་ཏུང་གིས་གནམ་བདེ་སྒོ་མོ་ཆེའི་མཁར་སྟེང་དུ་རྔམ་བརྗིད་ལྡན་པའི་ངང་ནས་འཛམ་གླིང་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་ཁྱབ་སྒྲོག་གནང་ལ། དེ་ནས་བཟུང་ཀྲུང་གོ་མི་དམངས་ཡར་ལངས་པ་རེད། “བྱ་གཞག་རླབས་པོ་ཆེ་འདིས་ཉེ་རབས་ཚུན་གྱི་ལོ་ངོ་བརྒྱ་ལྷག་གི་ཀྲུང་གོ་འདི་ཉིད་འཁོས་ཆུང་ཉམས་ཞན་གྱི་གནས་སུ་ལྷུང་ནས་བཙན་པོའི་བརྙས་ཡུལ་དུ་གྱུར་པའི་ཡིད་སྐྱོ་བའི་ལས་དབང་ལ་རྩ་བ་ནས་ཁ་ལོ་བསྒྱུར་ཏེ། ཀྲུང་ཧྭ་མི་རིགས་འདི་ཉིད་རླབས་ཆེན་བསྐྱར་དར་མངོན་འགྱུར་འབྱུང་བའི་བརྗིད་ཡངས་བགྲོད་ལམ་སྟེང་བསྐྱོད་མགོ་ཚུགས”ཞེས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ70འགོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཀྲུང་གོ་གསར་པ་དབུ་བརྙེས་པའི་ལོ་རྒྱུས་དོན་སྙིང་ལ་ཚད་མཐོ་བའི་གདེང་འཇོག་དང་། ཀྲུང་གོ་གསར་པས་ལོ་ངོ70རིང་གསར་དུ་བཟོས་པའི་མི་ཡུལ་གྱི་ངོ་མཚར་ལ་གཏིང་ཟབ་པའི་གསལ་བཤད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འོད་སྟོང་ལྡན་པའི་མདུན་ལམ་ལ་སྤོབས་སེམས་ལྡན་པའི་རེ་ལྟོས་གནང་ལ། ཀྲུང་ཧྭའི་རྗེས་རབས་པ་ཁྲི་ཕྲག་འབུམ་ཕྲག་གིས་སྤོབས་སེམས་དང་ཡིད་ཆེས་ཀྱི་སྒོ་ནས་རླབས་ཆེ་བའི་ཕུགས་མདུན་མངོན་འགྱུར་འབྱུང་བར་རྒྱུན་མཐུད་འབད་འཐབ་གནང་བའི་སྐུལ་སློང་མཛད།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པས། ཀྲུང་གོའི་མི་དམངས་དུང་ཕྱུར་དུ་མ་རྒྱལ་ཁབ་དང་སྤྱི་ཚོགས། རང་ཉིད་ཀྱི་ལས་དབང་གི་བདག་པོར་གྱུར་པ་དང་། སྤོབས་སེམས་ཆེན་པོས་རྒྱལ་ཁབ་འབྱོར་ཕྱུག་དང་མི་རིགས་དར་རྒྱས། མི་དམངས་བདེ་སྐྱིད་ཀྱི་རླབས་ཆེན་ལས་འགན་སྒྲུབ་མགོ་བརྩམས། ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་ལེགས་འགྲུབ་བྱུང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་བཙུགས། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་སྟེང་ཆེས་རྒྱ་ཆེ་ཞིང་གཏིང་ཟབ་པའི་སྤྱི་ཚོགས་འཕོ་འགྱུར་ལེགས་འགྲུབ་བྱས་ལ། དེང་རབས་ཀྲུང་གོའི་འཕེལ་རྒྱས་དང་མདུན་སྐྱོད་ཡོད་ཚད་ལ་རྩ་བའི་ཆབ་སྲིད་སྔོན་འགྲོ་དང་ལམ་ལུགས་ཀྱི་རྨང་གཞི་བཏིང་སྟེ། ཀྲུང་ཧྭ་མི་རིགས་འདི་ཉིད་ཉེ་རབས་ཚུན་ལ་བསྟུད་མར་ཉམས་རྒུད་དུ་གྱུར་པ་དང་རྩ་བ་ནས་ལས་དབང་ལ་ཁ་ལོ་བསྒྱུར་པ། རྒྱུན་ཆད་མེད་པར་དར་རྒྱས་འབྱོར་ཕྱུག་ཕྱོགས་སུ་བསྐྱོད་པ་བཅས་ཀྱི་རླབས་ཆེན་མཆོང་བསྐྱོད་མངོན་འགྱུར་བྱུང་།

1978ལོའི་ཟླ12པར། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བདེ་བླག་ངང་འཚོགས་ལ། དཔྱིད་རླུང་གིས་མངའ་ཐང་ཆེན་པོའི་ས་གཞི་ཀུན་ལ་དཔྱིད་ཀྱི་དཔལ་མོ་བསྐྱེལ་བ་ཇི་བཞིན། ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྒོས་སྣེ་ཁྲིད་དེ་བཅོས་བསྒྱུར་སྒོ་འབྱེད་ཀྱི་རླབས་ཆེན་གསར་བརྗེ་གསར་པ་ཞིག་གི་མགོ་བརྩམས་ལ། རྒྱལ་ཁབ་དང་མི་རིགས་ཀྱི་འཕེལ་རྒྱས་ལ་བཀག་འགོག་བཟོ་བའི་བསམ་བློ་དང་ལམ་ལུགས་ཀྱི་བཀག་རྡོ་ཡོད་ཚད་རྩ་བ་ནས་བསལ་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་གསར་པ་ཕྱེས། རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་གསར་གཏོད་རང་བཞིན་ལ་སྐུལ་སྤེལ་ཤུགས་དྲག་དང་། སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་དང་འཕེལ་རྒྱས་ཤུགས་དྲག སྤྱི་ཚོགས་འཕེལ་རྒྱས་ཀྱི་གསོན་ཤུགས་ལ་གོང་འཕེལ་ཤུགས་དྲག མི་དམངས་ཀྱི་འཚོ་བ་ལེགས་བཅོས་མངོན་གསལ། ཕྱོགས་བསྡུས་རྒྱལ་ཤུགས་གོང་འཕེལ་མངོན་གསལ། རྒྱལ་སྤྱིའི་གོ་གནས་མཐོར་འདེགས་མངོན་གསལ་བཅས་བཏང་ནས་ཀྲུང་གོ་འདི་ཉིད་ཀྱིས་གོམ་སྟབས་ཆེན་པོས་དུས་རབས་ཀྱི་རྗེས་ཆོད་པར་བྱས།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྟོབས་ཆེ་བའི་ཆབ་སྲིད་ཀྱི་སྤོབས་སེམས་དང་ཤུགས་དྲག་པའི་འགན་ཁུར་གྱི་འདུ་ཤེས་ལ་བརྟེན་ནས། རླབས་ཆེ་བའི་སྤྱི་ཚོགས་གསར་བརྗེ་ཡི་དུས་རབས་གསར་པ་ཞིག་གི་སྒོ་ཕྱེས་པ་དང་རླབས་ཆེ་བའི་རང་ཉིད་གསར་བརྗེའི་ངེས་ཤེས་སྲ་བརྟན་དུ་བཏང་སྟེ། མི་དམངས་ལ་མཐུན་སྒྲིལ་སྒོས་སྣེ་ཁྲིད་དེ་དུས་ཡུན་རིང་པོའི་ནང་ཐག་གཅོད་དགོས་ཀྱང་ཐབས་ཤེས་མ་རྙེད་པའི་གནད་དོན་དག་ཐག་བཅད་པ་དང་། སྔོན་ཆད་བསྒྲུབ་བསམ་ཡང་ནུས་པས་མ་ལྕོགས་པའི་བྱ་གཞག་མང་པོ་བསྒྲུབས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལེན་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་འབྱུང་བར་སྐུལ་འདེད་བཏང་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པ་ཞིག་ཏུ་སླེབས་ཏེ། དུས་རབས་ཀྱི་རྗེས་ཆོད་པ་ནས་དུས་རབས་ཀྱི་སྣེ་ཁྲིད་པའི་རླབས་ཆེ་བའི་མཆོང་བསྐྱོད་ལ་སྐུལ་འདེད་བཏང་།

ནམ་རྒྱུན། ལོ་ཟླའི་འགྱུར་བག་གི་གསེབ་ནས་ལོ་རྒྱུས་ཀྱི་རྣམ་པ་གསལ་བར་མངོན་ཐུབ་སྟེ། ད་ལྟའི་དུས་སུ། ཀྲུང་ཧྭ་མི་རིགས་ཀྱིས་ཡར་ལངས་ཐུབ་པ་ནས་འབྱོར་ཕྱུག་ཅན་དུ་འགྱུར་བ། དེ་ནས་སྟོབས་ཆེན་དུ་འགྱུར་བ་བཅས་ཀྱི་རླབས་ཆེན་མཆོང་བསྐྱོད་དང་རླབས་ཆེན་བསྐྱར་དར་གྱི་གཟི་འོད་འབར་བའི་མདུན་ལམ་གྱི་གདོང་བསུ་བཞིན་ཡོད་ལ། བཅོས་བསྒྱུར་སྒོ་འབྱེད་བྱས་པའི་ལོ་ངོ40ཡི་རླབས་ཆེན་ལག་ལེན་ཁྲོད་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་ལོ་ངོ70ཡི་རྒྱུན་མཐུད་འཚོལ་ཞིབ་ཁྲོད་དུ། ཏང་དང་མི་དམངས་ཀྱིས་དཀའ་སྡུག་གྲངས་མེད་མྱངས་ལ་རིན་དོད་གྲངས་མེད་བློས་བཏང་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གསར་གཏོད་དང་འཕེལ་རྒྱས་གཏོང་ཐུབ་པ་བྱུང་། དོན་དངོས་ལས་ར་སྤྲོད་བྱུང་བ་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་དང་མི་དམངས་ལ་བདེ་སྐྱིད་ཀྱི་འཚོ་བ་སྐྲུན་པར་ངེས་པར་བསྐྱོད་དགོས་པའི་བགྲོད་ལམ་རེད་ལ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་འབྱུང་བར་ངེས་པར་བསྐྱོད་དགོས་པའི་བགྲོད་ལམ་ཡང་རེད། ཏང་གིས་ལོ་རྒྱུས་ཀྱི་ཁ་ཕྱོགས་གསར་པ་དང་བསྟུན་ནས།དུས་རབས་གསར་པའི་ཏང་གི་ལོ་རྒྱུས་འོས་འགན་ཁུར་དུ་ལེན་དགོས་ལ། དེ་ལས་ཀྱང་ཆེས་གཞི་རྩར་གྱུར་པ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེང་རྒྱུ་དེ་རེད། ཏང་ཡོངས་ཀྱིས་སྔར་ལས་རང་རྟོགས་སྒོས་བགྲོད་ལམ་རང་རྟོན་དང་གཞུང་ལུགས་རང་རྟོན། ལམ་ལུགས་རང་རྟོན། རིག་གནས་རང་རྟོན་བཅས་རྒྱུན་འཁྱོངས་བྱེད་དགོས་པ་དང་། བཀག་སྡོམ་མཁྲེགས་འཛིན་ཅན་གྱི་ལམ་རྙིང་དུ་མི་འཛུལ་ལ། ཡོད་ཚད་གཞན་འགྱུར་ཅན་གྱི་ལོག་ལམ་དུ་ཡང་མི་འགྲོ་བར། ཆབ་སྲིད་ངེས་ཤུགས་རྒྱུན་སྲུང་དང་དངོས་སྒྲུབ་རྒྱལ་སྐྱོང་རྒྱུན་འཁྱོངས་བྱས་ནས།ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་དགོས།

མེ་མདའ་རྒྱབ་ཤུལ་རི་བོའི་རྒྱན་དུ་གྱུར། དེང་དུས་མཐོང་ཚེ་ལྷག་ཏུ་ལྟ་ན་སྡུག་ཅེས་པ་བཞིན། ད་ལྟའི་དུས་སུ། རླབས་ཆེན་མེས་རྒྱལ་ལ་གཟི་འོད་རབ་ཏུ་འབར་ཞིང་། མི་དམངས་དུང་ཕྱུར་དུ་མར་སྤོབས་པ་ཆེན་པོས་ཁེངས་ཏེ། དུས་རབས་གསར་པའི་རྒྱང་སྐྱོད་ལམ་ཁ་རུ་དཔུང་རྡང་སྦྲེལ་ནས་ཧུར་བརྩོན་བྱེད་བཞིན་འདུག དེ་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀིས་གསུང་བ་ཇི་བཞིན་ཏེ། “ང་ཚོ་རང་ཉིད་ཀྱི་ལམ་ཁ་རུ་བསྐྱོད་ན་མཐའ་ཡས་པའི་གར་སྟེགས་དང་གཏིང་ཟབ་པའི་ལོ་རྒྱུས་ཀྱི་རྨང་གཞི། སྟོབས་ཆེན་པོའི་མདུན་སྐྱོད་ངེས་ཤུགས་ཡོད་སྲིད།”

                                                                                                                    རྩོམ་སྒྲིག་པ། གཡང་འབུམ་རྒྱལ།