ཐེམ་ཆེན་རྫོང་ཕྱུགས་ལས་མཉམ་ལས་ཁང་གི་འཕེལ་རྒྱས་ཀྱི་ལམ་བུ་གསར་བ།
2019.10.15 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 20

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་ནི་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་རྫོང་ཞིག་ཡིན་པས། རྫོང་འདིའི་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་མང་ཆེ་ཤོས་ཀྱང་ཕྱུགས་ཟོག་ལ་བརྟེན་ཡོད་ཅིང་། ཉེ་བའི་ལོ་འགའི་རིང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་གིས་ཕྱུགས་ལས་འཕེལ་རྒྱས་ལས་དོན་ལ་ཤུགས་ཆེན་པོ་བརྒྱབ་སྟེ། རྫོང་གཞན་ལས་ཁྱད་དུ་འཕགས་པའི་གྲུབ་འབྲས་མི་དམན་པ་བླངས་ཡོད་པའི་གནས་ཚུལ་རྒྱུས་ལོན་བྱེད་ཆེད། གསར་འགོད་ཚན་ཆུང་ཆེད་དུ་ཐེམ་ཆེན་རྫོང་ལ་བཅར་འདྲིར་ཕྱིན་པ་རེད།

རྒྱུས་ལོན་པ་ལྟར་ན། ད་ལྟ་ཐེམ་ཆེན་རྫོང་དུ་མཉམ་ལས་ཁང་དྲུག་ཅུ་ལྷག་ཡོད་ཅིང་། མཉམ་ལས་ཁང་ཚང་མ་གཅིག་ལས་གཅིག་བཟང་ཡིན་པར་བཤད་པས། ང་ཚོར་དེ་དག་རེ་རེ་ལ་རྒྱུས་ལོན་བྱེད་འདོད་ཀྱི་འདུན་པ་ཆེར་སྐྱེས་ཀྱང་། དུས་ཚོད་ཀྱི་དབང་གིས་ཐེམ་ཆེན་རྫོང་མཁར་དང་དེ་ཙམ་ཁ་ཐག་མི་རིང་བའི་སར་ཡོད་པའི་མཉམ་ལས་ཁང་རེ་གཉིས་ཤིག་ལ་སོང་ནས། ཐེམ་ཆེན་རྫོང་གི་ཕྱུགས་ལས་གཉེར་སྟངས་གསར་པའི་གནས་ཚུལ་རྒྱུས་ལོན་བྱས་པ་ཡིན།

གསར་འགོད་པ་ཐེམ་ཆེན་རྫོང་དྲིལ་སྒྲོག་པུའུ་ཡི་ལས་བྱེད་པ་གཅོད་པ་ཐར་དང་མཉམ་དུ་གཡང་འཛོམས་ནོར་ནག་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་དུ་ཕྱིན་པ་ཡིན་ལ། མཉམ་ལས་ཁང་དེ་ནི་ཐེམ་ཆེན་རྫོང་གི་གྲོང་རྡལ་མི་གཅིག་པའི་སྡེ་བ་སོ་སོ་ནས་ཐོན་པའི་ཁྱིམ་ཚང་ཉེར་གཅིག་གིས་གྲུབ་པའི་མཉམ་ལས་ཁང་ཞིག་ཡིན་ཞིང་། སྲིད་གཞུང་གིས་སྔ་གཞུག་ཏུ་སྒོར་ས་ཡ་གཅིག་དང་འབུམ་དྲུག་དང་མཉམ་ལས་ཁང་དུ་ཞུགས་པའི་ཁྱིམ་ཚང་དག་གིས་སྒོར་འབུམ་བཞི་ཡི་མ་དངུལ་བཏང་སྟེ་མཉམ་ལས་ཁང་གི་གསོ་ར་དང་ལུད་འཇོག་ས། གཙང་སེལ་ཁང་། རིམས་འགོག་ཁང་དང་གཟན་རྩྭ་གསོག་ཉར་ཁང་སོགས་གསར་སྐྲུན་བྱས་ནས2017ལོར་དངོས་སུ་བཙུགས་པ་ཞིག་རེད། སྐབས་དེར། མཉམ་ལས་ཁང་དེས་མཛོ་མོ་ཡི་ཚོང་རའི་རིན་གོང་ནི་ནོར་ལུག་ལས་ཀྱང་ལེགས་པར་གཞིགས་ནས། མཛོ་མོ་སྟོང་གཅིག་ལྷག་གཙོ་བྱས་པའི་རྟོལ་བཞི་བརྒྱ་དང་ནོར་ཉིས་བརྒྱ། ལུག་བདུན་བརྒྱ། མཉམ་ལས་ཁང་དུ་གསོ་སྤེལ་བྱས་ཏེ། གཅིག་གྱུར་གྱིས་དོ་དམ་དང་གཅིག་གྱུར་གྱིས་ཕྱིར་འཚོང་བྱས་ཤིང་། ཤ་དང་མར་ཆུར་སོགས་ཀྱི་ཕྱུགས་ལས་ཐོན་རྫས་རང་ཞིང་ལས་གཞན་ད་དུང་ཀན་སུའུ་ཀྲང་ཡེ་དང་ཧྲན་ཏུང་སོགས་སུ་ཕྱིར་འཚོང་བྱེད་ཀྱིན་ཡོད་ལ། ལོ་རེའི་ཡོང་འབབ་སྒོར་ས་ཡ་གཅིག་དང་འབུམ་ལྔ་ལྷག་ཏུ་སླེབས་འདུག་ཅིང་། དེ་ལས་གཞན་མཉམ་ལས་ཁང་གིས་རོགས་རམ་གྱི་ཚུལ་དུ་ཆ་རྐྱེན་ཅུང་ཞན་པའི་ཁྱིམ་ཚང་སྐོར་ཞིག་མཉམ་ལས་ཁང་གི་ཕྱུགས་རྫིར་བཞག་ཡོད་པ་དང་། ཕྱུགས་རྫི་དག་ལ་དུས་ཚིགས་མི་འདྲ་བ་ལྟར་སྒོར་སྟོང་གསུམ་ནས་སྟོང་ལྔ་བར་གྱི་གླ་སྟེར་གྱིན་ཡོད་པས། དབུལ་ཕོངས་ཁྱིམ་ཚང་སྐོར་ཞིག་གི་དཀའ་ཁག་སེལ་རོགས་བྱེད་ཀྱིན་ཡོད།

མུ་རི་སྡེ་བའི་ཨ་ཅེ་གནམ་རིས་ཀྱིས་རྫོང་ཐོག་ཏུ་བུ་ཕྲུག་སློབ་གྲྭར་སྐྱེལ་ཞོར་དུ་མཉམ་ལས་ཁང་དུ་ནོར་བཞོ་བཞིན་ཡོད་པ་དང་། བཞོ་གླ་ཉིན་རེར་སྒོར་བརྒྱ་དང་ཉི་ཤུ་ལེན་ཐུབ་ཀྱིན་ཡོད་པས། བུ་ཕྲུག་སློབ་གྲྭར་སྐྱེལ་བ་དང་འཚོ་བའི་འགྲོ་གྲོན་གྱི་ཁ་སྣོན་རེ་བཙལ་ཐུབ་པ་དེས་མོའི་འཚོ་བར་སྔར་བས་ཁ་དོག་གསར་པ་ཞིག་བསྣན་ཡོད་ལ། ཨ་ཁུ་རིན་ཆེན་རྒྱལ་ནི་ད་ལྟ་ལས་འཁྱུར་ངལ་གསོ་བྱས་ཡོད་པའི་རྒན་པོ་ཞིག་སྟེ། ཁོས་མཉམ་ལས་ཁང་དུ་ལྟ་ཞིབ་པའི་འགན་འཁུར་གྱིན་ཡོད་པར་མ་ཟད། མཉམ་ལས་ཁང་གི་ཡིག་ཆ་སྣ་ཚོགས་ལ་ཚགས་སྒྲིག་བྱེད་མཁན་དང་། གོང་རིམ་སྲིད་གཞུང་ལ་རེ་ཞུ་སོགས་འབྲི་མཁན་གྱི་ལས་ཀའང་ཁུར་ཡོད་པས། ཁོས་ལོ་ཚོད་འདི་ལྟ་བུ་ཞིག་གིས་ཀྱང་ཕ་ཡུལ་གྱི་མཉམ་ལས་ཁང་ལ་རོགས་རམ་བྱེད་ཐུབ་པར་མ་ཟད། ད་དུང་ཡོང་འབབ་འཚོལ་ཐུབ་ཀྱིན་ཡོད་པས། ཁོའི་ཚེ་སྨད་ཀྱི་འཚོ་བ་ཡང་སྔར་བས་དོན་སྙིང་དང་ལྡན་པར་གྱུར་འདུག

ཕྱི་དྲོའི་ཆུ་ཚོད་གཉིས་ཀྱི་སྟེང་། གསར་འགོད་པ་མུ་མཐུད་དུ་ཤེས་ཡོན་གྲོང་རྡལ་ཐེམ་འཕོང་སྡེ་བར་ཡོད་པའི་བདེ་གཡང་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་ཕྱོགས་སུ་སོང་བ་ཡིན། འགན་འཛིན་པ་བསོད་ཁོ་ཡིས་ང་ཚོའི་མདུན་བསུ་ཞོར་མཉམ་ལས་ཁང་དེའི་འདས་མ་ད་གསུམ་གྱི་གཏམ་རྒྱུད་བརྗོད་མགོ་བརྩམས་བྱུང་། “ངེད་སྡེ་བའི་མཉམ་ལས་ཁང་འདི་ནི2014ལོར་བཙུགས་ཤིང་། ལོ་དེ་ནས་བཟུང་སྟེ་ཕྱུགས་ཟོག་དང་རྩྭ་ས་མ་རྐང་དུ་འཇོག་པའི་མ་རྐང་ལམ་ལུགས་ལག་བསྟར་བྱས་པ་ཡིན། ལོ་དེར་སྡེ་བའི་ནང་གི་ཁྱིམ་ཚང་ཞེ་བརྒྱད་མ་གཏོགས་ཞུགས་མཁན་མེད་ནའང་། ལོ་རེར་ཡོང་འབབ་བགོ་བཤའ་རྒྱག་གིན་བཞིན་པ་མཐོང་རྗེས། ཁྱིམ་ཚང་གཞན་དག་གིས་ཀྱང“རྒྱུ་རིག་ན་ཁོག་གི་རྒྱུ་མ་འགུལ”ཟེར་བ་བཞིན་སྔ་གཞུག་ཏུ་མཉམ་ལས་ཁང་དུ་ཞུགས་པ་དང་། ད་ལྟ་མཉམ་ལས་ཁང་དུ་ཁྱིམ་ཚང་དོན་གཉིས་ཞུགས་ཡོད་ཅིང་སྡེ་བའི་ནང་གི་ཁྱིམ་ཚང་དག་མཉམ་ལས་ཁང་དུ་ཞུགས་ཚད་བརྒྱ་ཆའི་དགུ་བཅུ་ཟིན་ཡོད། 2015ལོར་མ་རྐང་གཅིག་ལ་སྒོར་ཉིས་བརྒྱ་བཞི་བཅུ་རེའི་ཡོང་འབབ་བགོས་པ་ནས་ད་ལོར་མ་རྐང་གཅིག་ལ་སྒོར་སུམ་བརྒྱ་ཉི་ཤུ་རུ་འཕར་ཡོད་པས། མཉམ་ལས་ཁང་གི་ཡོང་འབབ་ལོ་རེ་ནས་ལོ་རེར་ཇེ་མཐོ་ནས་ཇེ་མཐོ་རེད། འདི་ནི་གཅིག་ནས་ལོ་འདི་དག་གི་རིང་ལ་གོང་རིམ་སྲིད་གཞུང་གིས་རྒྱབ་སྐྱོར་བྱས་པ་དང་། གཉིས་ནས་སྔོན་ཐོན་མཉམ་ལས་ཁང་གིས་མཛུབ་སྟོན་ལེགས་པར་བྱས་པ། གསུམ་ནས་ཁྱིམ་ཚང་རྣམས་ཀྱིས་ཕན་ཚུན་བར་མཐུན་སྒྲིལ་བྱས་ཏེ་བླངས་པའི་གྲུབ་འབྲས་ཡིན”ཞེས་མཉམ་ལས་ཁང་གི་དེང་ཕྱིན་གྱི་འཕེལ་རྒྱས་ལ་ཡིད་ཆེས་ཀྱིས་ཁེངས་ནས་བཤད།

ད་ལོར་ལོ་ཞེ་གསུམ་ཡིན་པའི་མཉམ་ལས་ཁང་གི་ཕྱུགས་རྫི་ཚེ་རིང་བྱམས་ནི་ཆུང་དུས་སུ་སྡེ་བ་འདིར་མག་པར་ཡོང་བ་ཞིག་ཡིན་པས། ཁོས“ང་ཡོང་སའི་ཁྱིམ་ཚང་གི་འཚོ་བར་དཀའ་ཁག་ཤིན་ཏུ་ཆེ་བས། སྔོན་ཆད་ས་ཆ་ཡར་མར་དུ་སོང་ནས་གཞན་གྱི་ཕྱུགས་རྫི་ཏག་ཏག་བྱས་ཏེ་ཁ་གསོ་ཐབས་བྱས་པ་ཡིན་ལ། རྗེས་སུ་སྡེ་བའི་ནང་དུ་མཉམ་ལས་ཁང་བཙུགས་པ་ནས་བཟུང་འདིར་ཡོང་ནས་ཕྱུགས་རྫི་བྱས་ཏེ་བསྡད་པ་ཡིན། ང་ལ་བྱིས་པ་གསུམ་ཡོད་པ་ལས་བུ་དང་བུ་མོ་ཆུང་བ་གཉིས་སློབ་ཆེན་འགྲིམ་བཞིན་ཡོད་པ་དང་། སྐབས་རེར་སློབ་ཡོན་གྱིས་མི་འདང་བའི་སྐབས་སུ་མཉམ་ལས་ཁང་གིས་རོགས་རམ་བྱས་མྱོང་བས། ང་ལ་མཚོན་ན་བཀའ་དྲིན་ཤིན་ཏུ་ཆེ”ཞེས་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཞུ་བཞིན་གསར་འགོད་པར་དེ་ལྟར་བཤད།

མདོར་ན། གོང་རིམ་སྲིད་གཞུང་དང་འགོ་ཁྲིད་མཐོང་ཡངས་ཅན་དག་གིས་ཡང་དག་པའི་སྣེ་ཁྲིད་དང་མཛུབ་སྟོན་གང་ལེགས་བྱས་འོག ཐེམ་ཆེན་རྫོང་གིས་སྲོལ་རྒྱུན་གྱི་ཕྱུགས་ལས་གཉེར་སྟངས་བསྒྱུར་ནས། སྡེ་བ་སོ་སོའམ་གྲོང་རྡལ་ཁག་ཏུ་ཕྱུགས་ཟོག་དང་རྩྭ་ས་མ་རྐང་དུ་བཞག་ཆོག་པའི་མཉམ་ལས་ཁང་བཙུགས་ནས། ཕྱུགས་ལས་གཉེར་སྟངས་གསར་པ་ཞིག་གི་ལམ་ཁ་ཕྱེས་པ་དེས། ཐེམ་ཆེན་རྫོང་གི་ཕྱུགས་ལས་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་སུ་ཕྱིན་ཡོད་ཅིང་། འབྲོག་པ་མང་ཚོགས་ཀྱི་ཡོང་འབབ་ཀྱང་ཇེ་མཐོར་སོང་ཡོད་པ་ལས་གཞན། རྩྭ་ས་ལོ་རེ་བཞིན་ཇེ་བཟང་ཇེ་ལེགས་སུ་འགྲོ་བཞིན་པ་ནི་མིག་མཐོང་ལག་ཟིན་དུ་གྱུར་ཡོད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།