སྡོད་ཁང་གསར་པར་སྤར་ནས་འཚོ་བ་སྐྱིད་པོ་རོལ། འབྲོག་པའི་གདོང་ལ་དགའ་སྤྲོའི་འཛུམ་མདངས་རྒྱས།
2019.10.15 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 33

དཔལ་ཡུལ་རྫོང་འདམ་ཐར་ཞང་ནི་མཐོ་སྒང་གི་དཔེར་མཚོན་འོས་པའི་འབྲོག་ཁུལ་ཞིག་ཡིན། ཞང་ཡོངས་ལ་འབྲོག་པའི་ཁྱིམ་ཚང་བདུན་བརྒྱ་ཉི་ཤུ་དང་མི་གྲངས་སྟོང་བཞི་དང་ཉིས་བརྒྱ་གྱ་དགུ་ཡོད། ཉིས་སྟོང་བཅུ་དྲུག་ལོར་གནད་འཁེལ་དབུལ་སྐྱོར་གྱི་སྲིད་ཇུས་དངོས་སུ་ལག་བསྟར་བྱེད་མགོ་བརྩམས་ནས། ཞང་ཡོངས་ཀྱི་སྡེ་བ་བཞི་བོ་དེ་སྡེ་བ་ཆེས་དབུལ་ཕོངས་ཀྱི་གྲས་སུ་བཞག་པ་དང་། ཁྱིམ་ཚང་བརྒྱ་དང་གོ་བཞི་ཡི་མི་གྲངས་དགུ་བརྒྱ་སོ་གསུམ་དེ་ཁྱིམ་ཚང་དབུལ་ཕོངས་ཀྱི་གྲས་སུ་བཞག དེ་ཚོ་ཕལ་ཆེར་རྒྱང་རིང་གི་རི་མགོ་དང་ཡང་ན་རི་སྐེད་དུ་ཁྱིམ་གཞིས་ཆགས་ནས་སྡོད་གནས་ཀྱི་ཁོར་ཡུག་དང་འཚོ་བའི་ཆ་རྐྱེན་ཧ་ཅང་ཞན་པ་རེད། ཁྱིམ་ཚང་དབུལ་ཕོངས་དེ་དག་སྔར་ནས་དབུལ་ཐར་ཡོང་བར་ཁག་ཐེག་བྱེད་ཆེད། འདམ་ཐར་ཞང་གིས“སེམས་ཁྲལ་བྱ་མི་དགོས་པ་གསུམ”དང“འགན་སྲུང་གསུམ”གྱི་བླང་བྱ་ལྟར། དབུལ་ཕོངས་ཁྱིམ་ཚང་བརྒྱ་དང་བདུན་གྱི་མི་གྲངས་ལྔ་བརྒྱ་དང་སོ་གསུམ་ཡུལ་གཞན་དུ་གནས་སྤོ་བའི་གྲས་སུ་བཞག་པར་མ་ཟད། སྡེ་བ་དང་ཁྱིམ་ཚང་དུ་ཕྱིན་ནས་དབུལ་ཕོངས་མང་ཚོགས་རི་ཁུལ་ནས་ཕྱིར་སྤོ་བར་སྐུལ་སློང་བྱས། འདམ་ཐར་ཞང་གི་སྡེ་བ་སོ་སོའི་མང་ཚོགས་མི་རབས་ནས་མི་རབས་བར་གནས་འདིར་འཚོ་གནས་བྱས་སྟབས། ས་ཆ་འདིར་བརྩེ་བ་ཟབ་མོ་ཡོད་པས་ཁོ་ཚོ་ཡུལ་འདི་ནས་གནས་སྤོ་བྱེད་དགོས་པའི་རེ་བ་འདོན་སྐབས། ཚང་མ་དེ་འདྲ་འཐད་བཞིན་མེད་པ་རེད་ཅེས་འདམ་ཐར་ཞང་གི་ཏང་ཨུའི་ཧྲུའུ་ཅི་བསྟན་འཛིན་བཀྲ་ཤིས་ཀྱིས་དེ་ལྟར་བཤད། ཡུལ་གཞན་དུ་གནས་སྤོ་བྱེད་པའི་ལས་གཞི་མྱུར་དུ་སྤེལ་ཆེད། སྡེ་བའི་ལས་བྱེད་པ་ཚོས་ཕྱོགས་གཅིག་ནས་ཁྱིམ་ཚང་རེ་རེ་བཞིན་སྲིད་ཇུས་དྲིལ་བསྒྲགས་བྱས་པ་དང་། ཕྱོགས་གཞན་ཞིག་ནས་ཡུལ་གཞན་དུ་གནས་སྤོ་བྱེད་ས་གདམ་གསེས་དང་འཛུགས་སྐྲུན་འཆར་འགོད། སྡོད་ཁང་ཇུས་འགོད་སོགས་ཀྱི་ལས་ཀ་བསྒྲུབས།

དང་ཐོག་ཡུལ་གཞན་དུ་གནས་སྤོ་བའི་སྐུལ་སློང་ལས་ཀ་སྒྲུབ་སྐབས་མང་ཚོགས་ཀྱིས་བསམ་བློ་ཡག་པོ་མི་གཏོང་བར་གྲོང་གསེབ་ཀྱི་ལས་བྱེད་པར་དཀའ་ལས་བཟོས་ཀྱང་ལས་བྱེད་པ་ཚོས་བཟོད་བསྲན་བྱས། སྐབས་འགར་ཉིན་རེར་ཟ་མ་ཐེངས་རེར་མ་གཏོགས་ཟ་རྒྱུ་རག་མི་ཐུབ་པ་རེད། རྗེས་སུ་ལས་བྱེད་པ་ཚོས་རང་གི་ཟ་རྒྱུ་དང་འཐུང་ཆུ་ཁྱེར་ནས་ཉིན་མ་མང་པོར་ཁྱིམ་ཚང་གཅིག་ཀྱང་ཆད་ལུས་མེད་པར་བསམ་བློའི་སློབ་གསོ་གཏོང་བ་རྒྱུན་འཁྱོངས་བྱས།

ལས་བྱེད་པ་ཚོས་རྒྱུན་འཁྱོངས་ལྷོད་མེད་སྒོས་གནས་སྤོའི་སྐུལ་སློང་ལས་ཀ་སྤེལ་བ་བརྒྱུད། མང་ཚོགས་ཀྱིས་རིམ་བཞིན་ཡུལ་གཞན་དུ་གནས་སྤོ་བྱེད་པའི་སྲིད་ཇུས་ཀྱི་དགེ་མཚན་ཤེས་པར་བྱས་ཤིང་། ལས་བྱེད་པ་ཚོའི་བསམ་དོན་དང་ལེན་བྱས་ནས་ཡུལ་གཞན་དུ་གནས་སྤོ་བྱ་རྒྱུར་ཁས་ལེན་བྱས།

མང་ཚོགས་ཡུལ་གཞན་དུ་གནས་སྤོ་བྱེད་པར་ཡིད་མཐུན་བྱུང་བའི་གནས་ཚུལ་ཐོས་རྗེས། ཞང་ཏང་ཨུ་དང་སྲིད་གཞུང་གིས་ཉིན་དེའི་དགོང་མོར་གྲོས་ཚོགས་འཚོགས་ནས་འབྲེལ་ཡོད་བྱ་བ་བཀོད་སྒྲིག་བྱས་རྗེས། ཉིན་རྗེས་མར་ཞང་གི་ལས་བྱེད་པས་ལས་བགོས་འགན་འཁྲི་ལྟར་མྱུར་དུ་གྲ་སྒྲིག་ལས་ཀ་སྣ་ཚོགས་སྤེལ་བ་རེད།

ཟླ་བཞི་འགོར་རྗེས་མཛེས་ཤིང་གྲལ་འགྲིག་པོའི་སྡོད་ཁང་དེ་དག་གནས་སྤོ་བྱ་ཡུལ་དུ་བསྐྲུན་ཟིན་པར་མ་ཟད། ད་དུང་ཆུ་གློག་ལམ་གསུམ་སོགས་རྨང་གཞིའི་སྒྲིག་ཆས་ཆ་ཚང་སྒྲིག་པའི་ལས་ཀ་ཡང་ཕལ་ཆེར་འཐུས་ཚང་དུ་བཏང་ཡོད་པ་རེད། མགྱོགས་པོར་གནས་སྤོར་ཐུབ་ཆེད་དུ། ཞང་གི་ལས་བྱེད་པ་ཚོས་མང་ཚོགས་སྒྲིག་འཛུགས་བྱས་ནས་ཡུལ་དངོས་སུ་ལྟ་སྐོར་བྱས་པར་མ་ཟད། ད་དུང་མང་ཚོགས་ཀྱི་འདོད་བློ་དང་དགོས་མཁོ་གང་ཡོད་རྒྱུས་ལོན་བྱས།

འདམ་ཐར་ཞང་གི་གནས་སྤོ་བྱ་ཡུལ་དུ་གནས་སྤོས་ནས་ཉིན་གཉིས་ལས་སོང་མེད་པའི་དབུལ་ཕོངས་ཁྱིམ་ཚང་ཨ་ཚོགས་ཀྱི་ཁྱིམ་དུ་སླེབས་སྐབས། ཁོ་ཚོའི་ཁྱིམ་དུ་ཁྱིམ་ཆས་སྣ་ཚོགས་དང་འཚོ་བའི་སྤྱོད་ཆས་གང་མང་སྒྲིག་བཞིན་བྲེལ་འཚུབ་ཀྱིས་ཁེངས་འདུག ཨ་ཚོགས་ཀྱིས་སྔོན་ཆད་ང་ཚོ་རྒྱང་རིང་གི་འབྲོག་ཁུལ་དུ་ཆགས་ནས་ཁོར་ཡུག་གི་ཆ་རྐྱེན་ཞན་ལ་འཚོ་བར་དཀའ་ངལ་ཆེ་བ་དང་། བུ་ཕྲུག་སློབ་གྲྭར་བསྐྱོད་པ་དང་འབྲུ་རིགས་ཉོ་སྒྲུབ་བྱེད་པར་ཧ་ཅང་སྟབས་མི་བདེ་བ་རེད། ཞང་སྲིད་གཞུང་དུ་སོང་ནའང་ཉིན་གཉིས་ཏག་ཏག་དགོས་ཀྱི་ཡོད། ད་ལྟ་སྡོད་ཁང་གསར་པའི་ནང་སྤར་བ་དང་། ཁོར་ཡུག་གི་ཆ་རྐྱེན་བཟང་ཞིང་། སློབ་གྲྭར་འགྲོ་བ་དང་སྨན་བཅོས་བྱེད་པ་སོགས་ཕྱོགས་གང་ཅིའི་ཐད་ལའང་ཧ་ཅང་སྟབས་བདེ་རེད། ཁྱིམ་ནང་ལ་གློག་དང་ཆུ། རྒྱང་བསྒྲགས་དང་བརྙན་འཕྲིན་སོགས་ཡོད་པར་མ་ཟད། ད་དུང་ཕྱི་ཕྱོགས་ཀྱི་སྒོ་རའི་ནང་སྤོ་ལོ་རྒྱག་ས་ཡང་ཡོད། རྗེས་མར་ང་ཚོའི་འཚོ་བ་ཇེ་ཡག་དང་ཇེ་སྐྱིད་ཡོང་ཐུབ་ངེས་རེད། ཏང་ཨུ་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོས་ང་ཚོ་དབུལ་ཕོངས་ལས་ཐར་དུ་བཅུག་པས་བཀའ་དྲིན་ཆེ་ཞེས་བཤད།

གསར་འགོད་པ་སྐྱིད་བདོ་སྡེ་བར་འགྲོ་སྐབས་དབུལ་ཕོངས་ཁྱིམ་ཚང་གི་ཡིན་པའི་འབྱོར་དཔལ་གྱིས་སྒོ་རའི་ནང་གཙང་སྦྲ་བྱེད་བཞིན་པ་མཐོང་དུས། ཁོས་ཁྱོད་ཚོའི་སྡོད་ཁང་ཧ་ཅང་ཡག་པོ་འདུག འཛུགས་སྐྲུན་བྱེད་གླ་ག་ཚོད་རེད་ཅེས་དྲིས་པར། འབྱོར་དཔལ་གྱིས་དགའ་སྤྲོའི་ངང་ང་ཚོ་ཁྱིམ་ཚང་དབུལ་ཕོངས་ཡིན་པས་སྡོད་ཁང་འཛུགས་སྐྲུན་བྱེད་པའི་ནུས་པ་གཏན་ནས་མེད། སྡོད་ཁང་འདི་ཉིས་སྟོང་བཅོ་བརྒྱད་ལོར་རྒྱལ་ཁབ་ཀྱིས་སྒོར་མོ་འབུམ་གཅིག་དང་ཁྲི་གཅིག་སྤྱད་དེ་ང་ཚོར་སྐྲུན་རོགས་བྱས་པར་མ་ཟད་ད་དུང་ཁྱིམ་ཆས་ཉོ་རོགས་བྱས་ཡོད། སྡོད་ཁང་འདིའི་རྒྱ་ཁྱོན་ལ་མུས་གྲུ་བཞི་མ་དོན་ལྔ་ཡོད་པ་ང་ཚོའི་ཁྱིམ་མིའི་ཁ་གྲངས་ལ་གཞིགས་ནས་གཏན་འཁེལ་བྱས་པ་རེད་ཅེས་བཤད།

ཡུལ་གཞན་དུ་གནས་སྤོ་བྱེད་མཁན་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་གཏོང་ཆེད། འདམ་ཐར་ཞང་གི་ལས་བྱེད་པ་ཡུལ་དངོས་སུ་སོང་ནས་ཐེངས་མང་པོར་བརྟག་དཔྱད་བྱས་པ་དང་། ཡོངས་ཁྱབ་ཏུ་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་དང་། རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་། རྫོང་དབུལ་ཐར་འགག་སྒྲོལ་གཞུང་ལས་ཁང་ལ་སྙན་ཞུ་གང་ཐུབ་བྱས་ཏེ། མ་སྐུལ་དང་བླངས་ངང་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་དང་མཐུན་སྦྱོར་དང་བསམ་ཚུལ་བརྗེ་རེས་བྱས་ནས། མང་ཚོགས་ལ་གློག་གིས་ཚ་ལ་གཏོང་བ་དང་། འཕྲུལ་རྟ་འཁོར་ལོ་ཉམས་གསོ་དང་། འཚེམ་བཟོ་སོགས་ཀྱི་ལག་རྩལ་སྦྱོང་བརྡར་གྱི་གོ་སྐབས་རག་ཐབས་བྱས།

གསོ་སྦྱོང་བྱས་པ་བརྒྱུད་དེ་དཔལ་འབྱོར་གྱིས་གློག་གིས་ཚ་ལ་གཏོང་བའི་ལག་རྩལ་རགས་ཙམ་ཤེས་སོང་། དུས་རྒྱུན་ང་རང་གིས་གློག་གིས་ཚ་ལ་རྒྱག་པའི་ལག་རྩལ་ལ་བརྟེན་ནས་ཉིན་གླ་རྒྱག་སར་ཕྱིན་ཏེ། ཁྱིམ་ནང་གི་སྤྱོད་དངུལ་ཅུང་ཙམ་ལོན་ཐབས་བྱས། དེའི་ཐོག་དབྱར་རྩྭ་དགུན་འབུ་དང་སྙི་བ། གྲོ་མ་སོགས་བརྐོ་བའི་དུས་ཚིགས་སུ་ཞོར་ལས་ཀྱི་ཡོང་འབབ་མི་ཉུང་བ་རག་པ་དང་། དེ་ནས་རྒྱལ་ཁབ་ཀྱི་ཁ་གསབ་རོགས་སྐྱོར་གང་མང་ཡོད་སྟབས། ང་ཚོའི་ཁྱིམ་ཚང་གི་འཚོ་བར་དཀའ་ཁག་མེད་ཅེས་དཔལ་འབྱོར་གྱིས་དེ་ལྟར་བཤད་པ་རེད།

ཤེས་རྟོག་བྱས་པ་ལྟར་ན། ཉིས་སྟོང་བཅུ་དྲུག་ལོ་ནས་ཉིས་སྟོང་བཅོ་བརྒྱད་ལོར་འདམ་ཐར་ཞང་གི་ཁྱིམ་ཚང་བརྒྱ་དང་བདུན་ཚང་མ་ཡུལ་གཞན་དུ་གནས་སྤོ་བྱས་ཚར། གནས་སྤོ་བྱ་ཡུལ་ཚང་མར་གློག་དང་། ལམ། རྒྱང་བསྒྲགས་བརྙན་འཕྲིན། འཕྲིན་གཏོང་བརྡ་རྟགས། ཨར་འདམ་གཞུང་ལམ་སོགས་ཆ་ཚང་བསྐྲུན་ཟིན་པས་གནས་སྤོ་བྱེད་སའི་སྡེ་བའི་རྣམ་པ་དག་གཙང་ཞིག་ཏུ་གྱུར་ཡོད།

                                                                                                                          རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།