རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ནང་ཁོག་ཞང་དུ་སོང་བ་ན། རི་ལམ་གྱི་གཞོགས་གཉིས་སུ་ཞིང་ཐང་གི་འཁོབས་རྒྱ་ཡངས་ཤིང་། སྡོང་ཕྲན་མང་པོ་ཀྲོང་ངེར་འགྱིང་ལ། ནགས་སའི་ནང་དུ་སྡེ་དམངས་ཀྱིས་རྩྭ་ལྡུམ་འབལ་བ་དང་། ལྗང་མྱུག་གསོ་བ། ལྗང་མྱུག་འཛུགས་པ་བཅས་ལ་བྲེལ་བའི་རྣམ་པ་མཐོང་ཐུབ།“ད་ལོར་གཞི་ནས་མྱུ་གུ་འབུས་བྱུང་། ད་ལྟ་སྡེ་བའི་ནང་གི་སྡོང་མྱུག་འདེབས་འཛུགས་ཀྱི་རྒྱ་ཁྱོན་ལོ་གཉིས་ཀྱི་སྔོན་དང་བསྡུར་ན་ལྡབ་བཞི་ཙམ་གྱིས་ཇེ་ཆེར་ཕྱིན་ཡོད་ལ། ཀྲི་པུའུ་ཧྲུའུ་ཅི་རྒན་པའི་རེ་བ་སྟོང་ཟད་དུ་མ་བཏང་།” མིག་སྔར་གྱི་སྡོང་མྱུག་འདི་དག་གླེང་བ་ན། སྡེ་དམངས་དང་མཉམ་དུ་སྡོང་མྱུག་སྐྱེལ་འདྲེན་ལ་བྲེལ་བའི་ཞྭ་ཁྲ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཤེས་རབ་རྣམ་རྒྱལ་གྱིས་རང་དབང་མེད་པར་ཀྲི་པུའུ་ཧྲུའུ་ཅི་རྒན་པ་ཡི་དམ་རྒྱ་མཚོ་ཕྱིར་དྲན་བྱས།
ཞྭ་ཁྲ་སྡེ་བའི་ས་རྒྱ་ཆེ་ཞིང་། རི་ངོས་ཅུང་ཙམ་མང་། སྡེ་བ་ཡོངས་ལ་ཁྱིམ་ཚང་གྱ་དགུ་དང་མི་གྲངས་བཞི་བརྒྱ་ཙམ་ཡོད་ཀྱང་། ལག་རྩལ་ཤེས་མཁན་གཅིག་ཀྱང་མེད། དབུལ་ཐར་ཕྱུག་འགྱུར་གྱི་ཆེད་དུ། ལོ་འགའི་སྔོན་ལ། ཀྲི་པུའུ་ཧྲུའུ་ཅི་རྒན་པ་ཡི་དམ་རྒྱ་མཚོས་མང་ཚོགས་ཀྱི་སྣེ་ཁྲིད་དེ་སྤྱི་ཆིངས་བཅུ་ཡོད་པའི་ཆུ་འདྲེན་ཞིང་ས་བསློགས་ཏེ་ཁམ་སྡོང་འདེབས་འཛུགས་བྱས་ནའང་། ཉམས་མྱོང་གིས་མ་འདང་བར་གྲུབ་འབྲས་ལེན་མ་ཐུབ་མོད། འོན་ཀྱང་ཨུ་ཚུགས་ཆེ་བའི་ཡི་དམ་རྒྱ་མཚོ་ཡིད་མ་ཆད་པར། ཉིས་སྟོང་བཅུ་བདུན་ལོར། ཁོས་ཡང་བསྐྱར་མཉམ་ལས་ཁང་བཙུགས་ཏེ། སྡོང་མྱུག་ཐོན་ལས་ཀྱིས་མང་ཚོགས་དབུལ་ཐར་ཕྱུག་བསྒྱུར་བྱེད་རྒྱུའི་བསམ་ཚུལ་བཏོན། “རྫོང་ཡོངས་ཀྱིས་གཞི་རྒྱ་ཆེན་པའི་སྒོ་ནས་སྤེལ་བའི་རྒྱལ་ཁོངས་ལྗང་བསྒྱུར་བྱ་བས་སྡེ་མི་ཚང་མའི་སེམས་བདེ་རུ་བཅུག་པ་དང་། ང་ཚོ་སྡེ་བའི་ས་བབ་དམའ་བར་མ་ཟད། ཆུ་གཏོང་ཐུབ་པའི་ཞིང་ས་ཆེན་པོ་མུ་རུ་འབྲེལ་ཡོད་པས། ཐོན་ཁུངས་ལེགས་པོ་དེ་བེད་སྤྱོད་མི་བྱེད་པར་བསྡད།” སྡེ་དམངས་ཀྱི་སེམས་སུ་དོགས་པ་ཡོད་ཀྱང་། མཇུག་མཐར་ཡི་དམ་རྒྱ་མཚོས་མང་ཚོགས་ལ་གོ་བསྐོན་བློ་འགུག་བྱས། ལོ་དེར། སྡེ་བ་ཡོངས་ཀྱི་ཁྱིམ་ཚང་གྱ་དགུ་ཡིས་རང་གིས་བསྡུས་པའི་མ་རྐང་དུ་བཞག་པའི་མ་དངུལ་སྒོར་མོ་ཁྲི་གཅིག་དང་སྟོང་གཅིག་ལྷག་གིས“དམངས་ཕྱུག་སྡོང་མྱུག་འདེབས་འཛུགས་མཉམ་ལས་ཁང”གི་སྒོ་བྱང་དངོས་སུ་བཀལ་བ་དང་། དེའི་ཁྲོད་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱིས་དབུལ་ཁྱིམ་བཅུ་དགུ་ཡི་ཁྱིམ་འབྱོར་ཐོན་ལས་མ་དངུལ་དེ་མ་རྐང་བྱས་ཏེ་མཉམ་ལས་ཁང་དུ་བཞག་ཅིང་། ཁེ་སྤོགས་ལོངས་སྤྱོད་བྱས་ཏེ། མཉམ་ལས་ཁང་དེ་རྫོང་ཡོངས་ཀྱི་སྐོར་དང་པོའི་སྡེ་བ་ཧྲིལ་པོའི་མ་རྐང་ཞུགས་པའི་མཉམ་ལས་ཁང་དུ་བསྒྱུར། འོན་ཀྱང་སུས་ཀྱང་བློ་ཡིད་ལས་འགོངས་པ་ཞིག་ནི། ཐོན་ལས་ཉིན་རེར་འཕེལ་རྒྱས་འགྲོ་བཞིན་པའི་སྐབས་སུ། ཀྲི་པུའུ་ཧྲུའུ་ཅི་རྒན་པར་སྙུང་གཞི་ཕོག་ཏེ་མལ་སར་ལྷུང་། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་དང་པོར། ཡི་དམ་རྒྱ་མཚོ་འཇིག་རྟེན་འདི་དང་གཏན་དུ་བྲལ། སྡེ་བའི་ནང་དུ་སྲོག་ཤིང་མེད་པར་གྱུར་ཅིང་། ཞྭ་ཁྲ་སྡེ་བའི་མི་རྣམས་ལ་སེམས་ཁུར་ལས་གཞན། རྗེས་ཕྱོགས་ཀྱི་ཐར་ལམ་ལ་སེམས་ཁྲལ་ཤིག་བྱུང་།
“ཀྲི་པུའུ་ཧྲུའུ་ཅི་རྒན་པ་ཡི་དམ་རྒྱ་མཚོ་འཚོ་བཞུགས་ཀྱི་སྐབས་སུ། སེམས་ནས་བརྗེད་དཀའ་བ་ནི་ལྗང་མྱུག་གསོ་སའི་ས་ཞིང་འདི་ཡིན་ཞིང་། ཡང་དང་བསྐྱར་དུ་ང་ཚོར་སྡོང་ཕྲུག་ལེགས་པོ་འཛུགས་དགོས་ཤིང་། ཚང་མས་སྣེ་ཁྲིད་དེ་སྔ་མོ་ནས་དབུལ་ཐར་ཕྱུག་བསྒྱུར་བྱ་དགོས་ལ། གལ་ཏེ་རིན་གོང་བཟང་པོར་མི་ཁུག་ཀྱང་། རྗེས་རབས་པར་ལྗང་མདོག་ཅིག་འཇོག་དགོས་ཤིང་། ཡུལ་ཕྱོགས་འདིའི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་དགོས་ཞེས་བཅོལ་གདམས་བྱས་མྱོང”ཞེས་ཤེས་རབ་རྣམ་རྒྱལ་གྱིས་དེ་ལྟར་བཤད། དེ་ནས་བཟུང་ཞྭ་ཁྲ་སྡེ་བའི་སྡོང་མྱུག་ཐོན་ལས་འཕེལ་རྒྱས་གཏོང་བའི་གོམ་པ་མཚམས་བཞག་མ་མྱོང་། ཤེས་རབ་རྣམ་རྒྱལ་གྱིས་ལྗང་མདོག་འཕེལ་རྒྱས་ཀྱི་འགན་འདི་ཕྲག་ཏུ་བླངས་པ་དང་། གོམ་པ་བརྟན་པོའི་སྒོ་ནས་སྡེ་དམངས་དང་མཐུན་སྒྲིལ་གྱིས་སེམས་ཤུགས་གཅིག་སྒྲིལ་བྱས་ཏེ། ཀྲི་པུའུ་ཧྲུའུ་ཅི་རྒན་པའི་སེམས་འདུན་ལེགས་འགྲུབ་བྱས།
སྔོན་ཆད་སྟར་ཀའི་སྡོང་པོ་བཙུགས་པའི་ཉམས་མྱོང་འཛོམས་པས། ཐེངས་འདིར་ཤེས་རབ་རྣམ་རྒྱལ་གྱིས་སྔར་ལས་ལྡབ་འགྱུར་གྱིས་གཟབ་གཟབ་བྱེད་ཀྱིན་ཡོད། ཁོས་ཚན་རིག་ལག་རྩལ་དེ་སྡོང་མྱུག་འདེབས་འཛུགས་ཁྲོད་ཤིན་ཏུ་གལ་ཆེ་བ་ལེགས་པར་རྟོགས་ཡོད་ལ། ཞིང་ཕྱུགས་ནགས་ལས་ཆེད་མཁས་པ་གདན་དྲངས་ཏེ་མཉམ་ལས་ཁང་གི་དོ་དམ་མི་སྣར་སློབ་ཁྲིད་བྱེད་དུ་བཅུག་ཅིང་། སྡོང་མྱུག་འདེབས་འཛུགས་དང་། ལུད་འཇོག་པ། རྩྭ་ལྡུམ་འབལ་བ། དོ་དམ་སོགས་ཐད་ཀྱི་ལས་སྒོའི་རྩལ་ནུས་ལ་སློབ་སྦྱོང་བྱས་ཏེ་སྡོང་མྱུག་གི་སྤུས་ཀ་ཁག་ཐེག་བྱས། མཉམ་ལས་ཁང་གི་སྡོང་མྱུག་རྟེན་གཞིའི་འཕེལ་རྒྱས་རྒྱ་ཆེར་གཏོང་བར་ཁག་ཐེག་བྱ་ཆེད། ནང་ཁོག་ཞང་ཏང་ཨུ་ཡིས་ཆེད་དུ་ཞྭ་ཁྲ་སྡེ་བའི་མཉམ་ལས་ཁང་དུ་ཐེན་ཅིན་གྱི་རོགས་སྐྱོར་མ་དངུལ་དང་། དབུལ་སྐྱོར་དང་ནོར་སྲིད་ཆེད་དམིགས་མ་དངུལ་ས་ཡ་གཅིག་ལྷག་བཞག་པ་དང་། ཐོན་སྐྱེད་འཕྲུལ་ཆས་སྒྲིག་ཆས་ཉོས་ཏེ། ཞིང་ཐང་གི་བགྲོད་ལམ་ཇེ་བཟང་དུ་བཏང་བ་དང་། ཞིང་ལ་ཆུ་འདྲེན་པའི་ཆུ་མགོ་ཡོད་པར་བྱས་ཤིང་། དུས་མཚུངས་སུ། ནགས་ལས་སྡེ་ཁག་དང་མཉམ་ལས་ཁང་ལ་མཐུན་སྦྱོར་བྱས་ཏེ་ཡུན་རིང་མཉམ་ལས་གྲོས་གཞིའི་སྟེང་མིང་རྟགས་བཀོད་པ་དང་། ཡུལ་དེར་འཚམ་པའི་སྡོང་མྱུག་ཁྱོན་ཡོངས་ནས་རྒྱལ་ཁོངས་ལྗང་སྒྱུར་བྱ་བའི་ཁྲོད་བཞག་ནས། མཉམ་ལས་ཁང་གིས་སྡོང་མྱུག་ལ་ཆུ་འདྲེན་པ་དང་། ལུད་འཇོག་པ། གསོ་སྐྱོང་སོགས་རྗེས་ཕྱོགས་བདག་སྐྱོང་བྱ་བར་འགན་གཙང་ལེན་བྱས་ཤིང་། མཉམ་ལས་ཁང་གིས“མངག་ཉོ”བྱེད་པའི་རྣམ་པའི་ཚོང་ལམ་གྱི་འཕེལ་རྒྱས་བཟང་པོའི་བགྲོད་ལམ་མངོན་འགྱུར་བྱས།
ལོ་གཅིག་གི་ནང་ལ། ཞྭ་ཁྲ་སྡེ་བས་སྡོང་མྱུག་རྟེན་གཞི་གསུམ་དུ་རྒྱ་བསྐྱེད་པ་དང་། ཁྱོན་བསྡོམས་པས་སྒྲོན་ཤིང་འབུམ་བཞི་དང་ཁྲི་དྲུག་འདེབས་འཛུགས་བྱས། ན་ནིང་ལོ་མཇུག་ཏུ། ཞྭ་ཁྲ་སྡེ་བའི་སྡེ་དམངས་ཡོངས་ཀྱིས་ཐེངས་དང་པོར་སྐྱེ་ཁམས་ཀྱི་ཁེ་སྤོགས་ལོངས་སྤྱོད་བྱས་པ་དང་། མཉམ་ལས་ཁང་གིས་ཁེ་སྤོགས་བགོ་བཤའ་རྒྱག་སྐབས། ཁྱིམ་རེའི་ཆ་སྙོམས་ཡོང་འབབ་སྒོར་མོ་སྟོང་གཅིག་དང་བརྒྱ་དང་ཉེར་བཞི་ཡིན་པ་དང་། མ་རྐང་དུ་བཞག་པའི་ཁྱིམ་ཚང་ལ་དེ་ལས་གཞན་པའི་སྒོར་མོ་སྟོང་གཉིས་ཀྱི་ཁེ་སྤོགས་ལྷག་མ་ཐོབ། དེ་ལས་གཞན། དབུལ་ཁྱིམ་ཉེར་བདུན་གྱིས་མཉམ་ལས་ཁང་དུ་ལས་ཀ་སྒྲུབ་བཞིན་ཡོད་ལ། ཁྱིམ་ཚང་རེར་ཡོང་སྒོ་སྒོར་མོ་སྟོང་ལྔ་ནས་སྒོར་མོ་ཁྲི་གཅིག་གི་ཟླ་ཕོགས་འཕར་སྣོན་བྱུང་། མི་རབས་ནས་མི་རབས་བར་རི་ཁུག་ཆེན་མོ་ནས་འཚོ་བ་རོལ་བའི་མང་ཚོགས་ཀྱིས་ལྗང་མདོག་གི་སྐྱེད་ཚལ་རེ་རེ་ནས་རེ་བ་མཐོང་ཞིང་། “སྡོང་འཛུགས་ནི་ཕྱུག་འགྱུར་དང་། ནགས་སྐྲུན་ནི་བདེ་སྐྱིད་བསྐྲུན་པ་ཡིན”ཞིང་། ཚང་མས་ཀྲི་པུའུ་ཧྲུའུ་ཅི་རྒན་པའི་སྐད་ཆ་མཐའ་མཇུག་ར་སྤྲོད་བྱས་སོང་ཞེས་གླེང་བཞིན་ཡོད།
ནང་ཁོག་ཞང་གི་ཏང་ཨུའི་ཧྲུའུ་ཅི་རྡོ་རྗེ་སྟོབས་ལྡན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། འདི་ནི་མགོ་བརྩམས་མ་ཐག་ཡིན་ལ། དབུལ་ཕོངས་ཀྱི་རྩ་བ་བསལ་དགོས། རྗེས་མར་ད་དུང་ཐོན་ལས་ཀྱི་དགེ་མཚན་མཐོ་རུ་གཏོང་དགོས་ལ། དེང་རབས་ཅན་དང་། གཞི་རྒྱ་ཅན་གྱི་སྡོང་མྱུག་རྟེན་གཞི་འཛུགས་དགོས་པ་དང་། ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་ཁྱུ་ཚོགས་བསྐྲུན་དགོས་ལ། དེ་ལ་བརྟེན་ནས་ཞང་ཡོངས་དང་ཉེ་འཁོར་སྡེ་བ་ཐུན་མོང་འབྱོར་ཕྱུག་ལམ་དུ་འཁྲིད་དགོས། དེང་སྐབས་ཀྱི་ནང་ཁོག་ཞང་དུ་སྣུམ་སྡོང་གིས་རི་ལུང་གང་སར་ཁྱབ་ཡོད། གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་རྒྱལ་ཁོངས་ལྗང་བསྒྱུར་བྱ་བའི་ཁྲོད། ཞྭ་ཁྲ་སྡེ་བའི་མཉམ་ལས་ཁང་གིས་འདོན་སྤྲོད་བྱས་པའི་སྒྲོན་ཤིང་སྡོང་མྱུག་འབུམ་གཅིག་ཙམ་རྫོང་ནགས་ལས་སྡེ་ཁག་གིས་སྡོང་འཛུགས་ས་གནས་སོ་སོར་ཉོ་སྒྲུབ་བྱས་པ་དང་། སྔོན་རྩིས་བྱས་ན་འཕར་སྣོན་ཡོང་སྒོ་སྒོར་མོ་འབུམ་བཞི་ལྷག་ལ་སླེབས་ཐུབ། མིག་སྔར། ཞྭ་ཁྲ་སྡེ་བའི་དཔེ་སྟོན་སྣེ་ཁྲིད་འོག་ཏུ། ཞང་ཡོངས་ཀྱི་སྡེ་བ་བཞི་ཡིས་གཅིག་རྗེས་གཉིས་མཐུད་དུ་སྡོང་མྱུག་མཉམ་ལས་ཁང་བཙུགས་པ་དང་། མང་ཚོགས་ཀྱིས་སྡོང་འཛུགས་ནགས་སྐྲུན་གྱི་གསོག་འཇོག་ལ་སྔར་བྱུང་མ་མྱོང་བའི་རེ་བ་གསར་པ་དང་། སྒུལ་ཤུགས་གསར་པ་གསོག་འཇོག་བྱས།
སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་ནི་ང་ཚོའི་ཕ་ཁྱིམ་སྲུང་སྐྱོབ་བྱེད་པ་ཡིན།
“གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ་དང་། ‘ཀྲུང་ཧྭའི་ཆུ་མཛོད’ལ་སྲུང་སྐྱོབ་བྱ་རྒྱུ་ནི། མཚོ་སྔོན་གྱི་གཡོལ་དུ་མེད་པའི་འགན་འཁྲི་ཡིན་པས། ནོར་འཁྲུལ་ཅུང་ཙམ་ཡང་འབྱུང་མི་རུང་། མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་ནི་སྐྱེ་ཁམས་ཀྱི་ཕྱོགས་སུ་ཡོད་ལ། ཆེས་ཆེ་བའི་འགན་འཁྲི་ཀྱང་སྐྱེ་ཁམས་ཀྱི་ཕྱོགས་སུ་ཡོད་པ་དང་། ཆེས་ཆེ་བའི་སྦས་ཤུགས་ཀྱང་སྐྱེ་ཁམས་ཀྱི་ཕྱོགས་སུ་ཡོད།”ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་ལ་མངགས་བཅོལ་གནང་བ་དེ་ནི། ང་ཚོའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་རྩ་བའི་གཞི་འཛིན་ས་དང་སྒུལ་ཤུགས་ཡིན།
སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤུས་ཀ་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྤུས་ཀ་མཐོ་བའི་འཚོ་བ་བསྐྲུན་དགོས། ནུས་ཤུགས་ཆེན་པོས་སྐྱེ་ཁམས་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་རྒྱུ་ནི་སྤུས་ཀ་མཐོ་བའི་འཕེལ་རྒྱས་ཀྱི་འོས་འགན་ཡིན་ལ། མུ་མཐུད་དུ་མི་དམངས་མང་ཚོགས་ཀྱིས་སྐྱེ་ཁམས་ཐོན་རྫས་ཀྱི་དགོས་མཁོ་བསྐང་རྒྱུ་ནི་སྤུས་ཀ་མཐོ་བའི་འཚོ་བའི་ནང་དོན་གཙོ་བོ་ཡིན།
ནུས་ཤུགས་གང་ཡོད་ཀྱིས་རྒྱལ་ཁོངས་ལྗང་བསྒྱུར་ཇེ་མགྱོགས་སུ་གཏོང་བའི་བྱ་འགུལ་སྤེལ་དགོས་ལ། བྱེ་ཐང་ཅན་དུ་འགྱུར་བ་འགོག་བཅོས་བྱེད་པའི་ནུས་ཤུགས་ལ་མུ་མཐུད་དུ་ཤུགས་སྣོན་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་སླར་གསོའི་བཟོ་འགོད་རྩ་འཛུགས་ལག་བསྟར་དང་། སྐྱེ་ཁམས་བདག་སྐྱོང་དྲ་བ་ཞིབ་ཚགས་དང་བརྟན་པོར་བཟོ་བ། རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་སྐུལ་སྤེལ་བྱས་ཏེ། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་དང་གོ་ལ་ཧྲིལ་པོའི་སྐྱེ་ཁམས་བདེ་འཇགས་ལ་མཚོ་སྔོན་གྱིས་བྱས་རྗེས་འཇོག་དགོས།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།