“ངེད་ཚང་གི་བྱིས་པ་བཞི་རྫོང་ཐོག་གི་ནུས་རྩལ་གསོ་སྦྱོང་ནང་ཞུགས་པ་ནས་བཟུང་། ནུས་རྩལ་འབྱོར་བ་དང་། ད་ལྟ་བུ་བུ་མོ་བཞི་བོས་རྫོང་མཁར་དང་རྫ་སྟོད་རྫོང་དུ་ལས་ཞུགས་ལས་སྐྲུན་བྱེད་བཞིན་ཡོད་ལ། ཟླ་རེར་མི་རེ་ལ་ཆ་སྙོམས་ཀྱི་ཡོང་འབབ་སྒོར6000ཡས་མས་ལ་སླེབས་ཤིང་། ངེད་ཚང་གི་འཚོ་བ་ཡང་ཇེ་ལེགས་སུ་སོང་ཡོད”ཅེས་ཆུ་དམར་ལེབ་རྫོང་རྨ་སྟོད་ཞང་དགུ་གཞུང་སྡེ་བའི་སྡེ་མི་སྒྲོལ་མ་ཚེ་ཐར་གྱིས་དེ་ལྟར་བཤད་བྱུང་།
སྒྲོལ་མ་ཚེ་ཐར་ཚང་གི་བདེ་སྐྱིད་ཀྱི་འཚོ་བ་ནི་ཆུ་དམར་ལེབ་རྫོང་གིས་བཏོན་པའི“ནང་འདྲེན། ཕྱིར་གཏོང་། ཕྱུག་འགྱུར་ཐུབ་པ”ཡི་གསོ་སྦྱོང་ལས་ཞུགས་དབུལ་ཐར་བྱ་བའི་བསམ་ཕྱོགས་དང་དབུལ་ཕོངས་ངལ་རྩོལ་ནུས་པ་ལོ་ལྔའི་རིང་ལ་གསོ་སྦྱོང་བྱེད་པའི་འཆར་འགོད་དངོས་འབེབས་ལག་བསྟར་བྱས་པ་ལས་ཐོབ་པ་རེད། གནད་ཁེལ་དབུལ་སྐྱོར་བྱས་པའི་ཚུན་ལ། རྫོང་ཡོངས་ཀྱིས་དབུལ་ནག་ས་ཁུལ་ལ་དམིགས་ཏེ། གནད་ཁེལ་དབུལ་སྐྱོར་དང་ལས་ཞུགས་ཕྱོགས་སྟོན་རྒྱུན་འཁྱོངས་བྱས་པ་དང་། དབུལ་ནག་ས་ཁུལ་གྱི་དབུལ་ཕོངས་ངལ་རྩོལ་ནུས་ཤུགས་གསོ་སྦྱོང་བྱེད་པའི་བྱ་བར་འབད་པ་ཆེན་པོས་སྐུལ་སྤེལ་བྱས་ཏེ། གསོ་སྦྱོང་གིས་ལས་ཞུགས་ལ་སྐུལ་སྤེལ་བྱེད་པ་དང་། ལས་ཞུགས་ཀྱིས་དབུལ་ཐར་ལ་སྐུལ་འདེད་བྱེད་པའི་མཁྲེགས་གཏོར་གྱི་ལམ་བུ་ཞིག་བཏོད།
རྒྱལ་ཁབ་དང་ཞིང་ཆེན། ཁུལ་བཅས་ཀྱི་ལས་ཞུགས་ལས་སྐྲུན་དང་ལས་ཞུགས་གསོ་སྦྱོང་དབུལ་ཐར་གྱི་འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་མཐར་ཕྱིན་བྱ་ཆེད། རྫོང་འདིས2014ལོའི་ཟླ3པ་ནས་བཟུང་ཞིང་ཆེན་ཡོངས་ཀྱི་གཞི་རྒྱ་ཆེས་ཆེ་བ་དང་། སྒྲིག་ཆས་ཆེས་ཚང་བའི་གནད་ཁེལ་དབུལ་སྐྱོར་ཐོན་ལས་བསྒྱུར་བཀོད་ཀྱི་ཞབས་ཞུའི་སྟེགས་བུ(ནུས་རྩལ་གསོ་སྦྱོང་ལྟེ་གནས)སྐྲུན་པ་དང་། ས་ཁོངས་བགོས་ཏེ་ཐང་ག་དང་རི་མོ། སྐྲ་དང་སེན་མོ་མཛེས་བཟོ། ཚོན་རྩི་གཏོང་བ། འཕྲུལ་འཁོར་ཞིག་གསོ། མི་རིགས་ཀྱི་གྱོན་གོས་འཚེམ་བཟོ། མི་རིགས་ཀྱི་ལག་ཤེས་ཐོན་རྫས། མི་རིགས་ཀྱི་གཡོ་བསྐོལ་ལག་རྩལ། སྡེ་བ་དང་ཧྲེ། དེ་མིན་སྲིད་འཛིན་ལས་དོན་ལས་ཁུངས་ཀྱི་རྩིས་གཉེར། ཆུ་གློག་དྲོད་གསུམ། གཉེན་སྒྲིག་མཛད་སྒོའི་མགོ་འཛིན་པ་བཅས་ཀྱི་གསོ་སྦྱོང་རྟེན་གཞི15བསྐྲུན་ཏེ། རྫོང་ཡོངས་ཀྱི་དབུལ་ཕོངས་ངལ་རྩོལ་པ་ལས་རིགས་ནུས་རྩལ་གསོ་སྦྱོང་བྱེད་པའི་བྱ་བ་བདེ་བླག་ངང་སྤེལ།
“རིག་གནས་ཀྱི་ཆུ་ཚད་དང་། གོ་བ་ལེན་སྟངས་ཀྱི་ནུས་པའི་དབང་གིས། སྔོན་ཆད་ཀྱི‘ལག་རྩལ་གསར་སྤེལ་ཐད་བཏང་བའི་མ་དངུལ་ཉུང་བ་དང་། འཁོར་ཡུན་ཐུང་བ། ཕན་ཁེ་སྤྱིར་བཏང་ཡིན་པ། ཕན་ནུས་མྱུར་བ’དང‘ཕྱི་ཚུལ་ཙམ་ལས་ཟབ་འཇུག་མི་བྱེད་པ’ཡི་གསོ་སྦྱོང་རྣམ་པས་དབུལ་ཐར་འགག་སྒྲོལ་གྱི་དངོས་ཡོད་དགོས་མཁོ་སྐོང་ཐབས་བྲལ་བས། ང་ཚོས་རོང་འབྲོག་མང་ཚོགས་ལས་ཞུགས་ཀྱི་ཞབས་ཞུ་ལྟེ་གནས་ལ་བརྟེན་ནས། གསོ་སྦྱོང་གི་ནང་དོན་ཞིབ་འདེམས་དང་། གླ་ཕོགས་མཐོན་པོས་དགེ་རྒན་གདན་ཞུ་བྱས་པ་དང་། གསོ་སྦྱོང་གི་ཡུན་བསྲིང་བ། ལས་ཞོར་སྦྱང་ཞོར་བྱེད་པ་ཁྱབ་སྤེལ་གཏོང་བ་བཅས་ཀྱི་བྱེད་ཐབས་སྤྱད་ནས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་གསོ་སྦྱོང་གི་རྒྱུ་སྤུས་མཐོར་འདེགས་སུ་བཏང་།” རྫོང་འདིའི་རྫོང་དཔོན་གཞོན་པ་ཉི་མ་བཀྲ་ཤིས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། ན་ནིང་གི་ཚུན་ལ། སྔར་ལས་ལྷག་པའི་སྒོ་ནས་ཁ་གཏད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཤར་རྒྱུད་ཀྱི་དཔལ་འབྱོར་དང་འཇོན་མི། ལག་རྩལ་བཅས་ཕྱོགས་ཀྱི་དགེ་མཚན་ལ་བརྟེན་ནས། འཇོན་མི་བརྗེ་རེས་བྱེད་པ་རྒྱ་ཆེར་སྤེལ་ཏེ། འདུ་ཤེས་སྤེལ་རེས་ལ་སྐུལ་སྤེལ་དང་། རིག་ལམ་བརྗེ་རེས་དང་། ལག་རྩལ་སློབ་རེས་བཅས་བྱས་ཏེ། དབུལ་ཕོངས་ངལ་རྩོལ་པ་ཞིང་ཆེན་ཕྱི་རུ་ལས་ཞུགས་གང་ལེགས་བྱེད་པར་ཁྲིད་སྟོན་བྱས། ན་ནིང་གི་སྐོར་ཐེངས་དང་པོར་མི་སྣ13གནས་སྤོ་ལས་ཞུགས་བྱས་པ་དང་། ཐེངས་རྗེས་མར་སྐོར3དུ་བགོས་ནས་མི200ཆེད་ལས་ལས་ཞུགས་བྱེད་པའི་འཆར་གཞི་བཀོད། དེ་དང་ཆབས་ཅིག་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པ་དང་གནས་ས་གཏན་འཁེལ་རོགས་སྐྱོར་གྱིས་ལས་ཞུགས་ལ་སྐུལ་སྤེལ་བྱེད་པར་བརྟེན་ནས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གླིང་ཁུལ་ནང་གི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང470སྐྱེ་ཁམས་ལྟ་སྲུང་པར་གྱུར་པ་དང་གླིང་ཁུལ་ཕྱི་རོལ་གྱི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང726སྐྱེ་ཁམས་ལྟ་སྲུང་པར་གྱུར་ཡོད། །
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།