ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནི་མཚོ་བོད་མཐོ་སྒང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་ཆུ་བོ་སྟེ། འབྲི་ཆུ་དང་རྨ་ཆུ། དེ་མིན་ཨ་ཤེ་ཡ་ཤར་ལྷོའི་ཆུ་ཆེན་ཏེ་རྫ་ཆུའི་མགོ་ཁུངས་ཀྱང་གནས་འདི་རུ་ཡོད། ཡུལ་ཤུལ་ཁུལ་ནི་མཚོ་བོད་མཐོ་སྒང་གི་མིའི་རིགས་ཀྱི་ཤེས་རིག་དར་ཡུལ་གཙོ་བོའི་གྲས་ཤིག་ཡིན་པར་མ་ཟད། ཁམས་པ་དང་དབུས་གཙང་། ཨ་མདོ་བཅས་ས་ཁུལ་ཆེན་པོ་གསུམ་གྱི་ལྟེ་བར་ཆགས་ཡོད་ལ། ཡུལ་ཤུལ་གྱི་ལོ་རྒྱུས་རིག་གནས་ལ་ཡུན་རིང་བ་དང་རིག་གནས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ། རིག་གནས་ཀྱི་རིགས་སྣ་མང་བ་བཅས་ཐུན་མིན་གྱི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན། ད་ལྟ་རྒྱལ་ཡོངས་སུ་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན་བདུན་ཡོད་པ་དང་། ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་ཉེར་དགུ་དང་། རྒྱལ་ཁབ་རིམ་པའི་སྲོལ་རྒྱུན་སྡེ་བ་གསུམ། ཀྲུང་གོའི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཚོ་གྲགས་ཅན་གཉིས་བཅས་ཡོད་པ་རེད། ཡུལ་ཤུལ་རུ་ད་དུང་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་ངག་ཐོག་དང་གཟུགས་འདས་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་གཅིག་དང་། རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་བཅུ་གཅིག རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་ལས་གཞིའི་མཚོན་བྱེད་རྒྱུན་འཛིན་པ་ཉེར་བཞི། ཞིང་ཆེན་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་ལས་གཞིའི་མཚོན་བྱེད་རྒྱུན་འཛིན་པ་བཅུ་དྲུག་བཅས་ཡོད། ཞིང་ཆེན་དང་ཁུལ། གྲོང་ཁྱེར་དང་རྫོང་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་ མཚོན་པའི་མིང་ཐོའི་ནང་ཚུད་པའི་་ལས་གཞི་བབརྒྱ་དང་དགུ་བཅུ་ཡོད་པ་རེད། དེ་མིན། ཡུལ་ཤུལ་ནི་གླུ་གར་དང་། དམངས་ཁྲོད་བཟོ་རྩལ། དམངས་སྲོལ་དུས་སྟོན། ལོ་རྒྱུས་སྙན་རྩོམ་རིག་གནས་སོགས་ཕྱོགས་མང་པོའི་ཐད་ནས་ཡུལ་གཞན་ལས་ཁྱད་དུ་འཕགས་པ་ཞིག་རེད།
ཉིས་སྟོང་བཅུ་བདུན་ལོའི་ཟླ་གཉིས་པར། རིག་གནས་པུའུ་ཡིས་ཡུལ་ཤུལ་ནི“བོད་ཀྱི་རིག་གནས(ཡུལ་ཤུལ)སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོད་ལྟ་ཁུལ”དུ་གཏན་འཁེལ་བྱས་པའི་ཚུན་ལ། མང་ཚོགས་ཀྱིས་གསར་སྐྲུན་དང་རྒྱུན་འཛིན་བྱེད་པའི་དངོས་པོ་དང་གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པའི་ནང་དོན་ལ་དམིགས་ཏེ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱིས་མུ་མཐུད་དུ་སྲུང་སྐྱོབ་ཁུལ་གྱི་འཛུགས་སྐྲུན་མྱུར་དུ་ལག་བསྟར་བྱས་པ་དང་། ཧུར་ཐག་སྒོས་བོད་ཀྱི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་དེ་མཐོ་སྒང་རིག་གནས་ཀྱི་མཚོན་བྱེད་རང་བཞིན་དང་ཁྱད་ཆོས་འབུར་ཐོན་ལྡན་པའི་ཚོད་ལྟ་ཁུལ་ཞིག་ཏུ་འཛུགས་སྐྲུན་བྱས་ནས་ཡུལ་ཤུལ་གྱི་རིག་གནས་ནང་དོན་ཕུན་སུམ་ཚོགས་པར་བཏང་།“བོད་ཀྱི་རིག་གནས(ཡུལ་ཤུལ)སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོད་ལྟ་ཁུལ”བཙུགས་པ་དེས། རྒྱལ་ཁབ་ཀྱི་རིམ་པ་ནས་ཡུལ་ཤུལ་ས་ཁུལ་གྱི་རིག་གནས་དང་སྐྱེ་ཁམས་ཐད་ལ་ཕྱོགས་ཡོངས་ནས་སྲུང་སྐྱོབ་བྱས་པ་མཚོན་ཞིང་། གཙང་གསུམ་འབྱུང་ཡུལ་གྱི་མི་དང་རང་བྱུང་བར་གྱི་འཆམ་མཐུན་ལ་ཚོད་བགམ་ཐེངས་ཤིག་བྱས་པ་ཡིན་ལ། དུས་མཚུངས་སུ་བོད་ཀྱི་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱས་ནས་བོད་ཁུལ་གྱི་རིག་གནས་སྣ་མང་རང་བཞིན་དང་ཁྱད་འཕགས་རང་བཞིན་སྔར་བས་མངོན་པར་བཏོད་པའང་ཡིན། གཙང་གསུམ་འབྱུང་ཡུལ་ནི་ཡུལ་ཤུལ་གྱི་བོད་ཀྱི་རིག་གནས་འབྱུང་ཡུལ་དང་རྒྱུན་འཛིན། དར་སྤེལ་བཅས་བྱེད་སའི་ཁོར་ཡུག་ཡིན་ལ། ལོ་ངོ་སྟོང་ཕྲག་རིང་། ཡུལ་འདིར་འཚོ་སྡོད་བྱེད་པའི་ཡུལ་ཤུལ་གྱི་མེས་པོ་དག་གིས་ངལ་རྩོལ་དང་ཐོན་སྐྱེད་ཁྲོད་ཕུན་སུམ་ཚོགས་པའི་རིག་གནས་བསྐྲུན་ཡོད་པར་མ་ཟད་ཐུན་མོང་མ་ཡིན་པའི་རིག་གནས་དད་མོས་གྲུབ་ཡོད། ཁོང་ཚོས་སྐྱེ་ཁམས་ཁོར་ཡུག་ལ་བརྩི་བཀུར་བྱེད་པ་དང་། རང་བྱུང་དང་འཆམ་མཐུན་མཉམ་གནས་བྱེད་པ་ལ་བརྟེན་ནས་དག་གཙང་གི་གནས་ཡུལ་ཁྱད་པར་བ་ཞིག་བསྐྱུར་བ་རེད། དེས་རང་གི་བུ་རབས་ཚ་རྒྱུད་མ་ཟད་གཙང་གསུམ་བཞུར་རྒྱུད་ཡོངས་ལ་བདེ་སྐྱིད་བསྐྲུན་ཡོད་པ་སྨོས་མ་དགོས། གནས་དེའི་གླུ་གར་དང་། དམངས་ཁྲོད་ལག་ཤེས། དམངས་སྲོལ་དུས་ཆེན། ལོ་རྒྱུས་སྙན་རྩོམ་སོགས་ཕུན་སུམ་ཚོགས་པའི་རིག་གནས་ཀྱིས་སྐྱེ་ཁམས་རིག་གནས་སྲ་བརྟན་ཞིག་ཆགས་སུ་བཅུག་ཡོད། ཡུལ་ཤུལ་གྱི་རིག་གནས་ནི་བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པར་མ་ཟད། ཀྲུང་ཧྭ་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན་པས། ཏང་དང་རྒྱལ་ཁབ་ཀྱིས་ཡུལ་ཤུལ་གྱི་བོད་ཀྱི་རིག་གནས་ཕྱོགས་སྒོ་མོ་ནས་སྲུང་སྐྱོབ་བྱས་པ་དེས་མ་འོངས་པར་ཡུལ་ཤུལ་གྱི་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་ཐད་མཐུན་རྐྱེན་ལེགས་པོ་སྦྱར་ཡོད་པར་མ་ཟད། གཙང་གསུམ་འབྱུང་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་དེའི་བཞུར་རྒྱུད་ཀྱི་དཔལ་འབྱོར་སྤྱི་ཚོགས་དང་འཕེལ་རྒྱས་ལའང་བྱས་རྗེས་ཆེན་པོ་བཞག་པ་རེད།
གསར་འགོད་པས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞིའམ་མིང་དུ་གྲགས་པའི་ན་གཞོན་རྩོམ་པ་པོ་ཆོས་སྐྱབས་ཚེ་རིང་ལ་བཅར་འདྲི་ཞུ་དུས། ཁོས་བཤད་རྒྱུར། ཡུལ་ཤུལ་ས་ཁུལ་དུ་རིག་གནས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་དེ། མི་ཚུལ་ལོ་རྒྱུས་དང་། ཆོས་ལུགས་དད་མོས། རི་ཆུ་རིག་གནས། གླུ་གར་རིག་གནས། ཉེ་བའི་ལོ་འགའི་རིང་ད་དུང་བྲག་བརྐོས་རི་མོ་ཡང་མང་པོ་རྙེད་པས།འདི་དག་གིས་ཡུལ་ཤུལ་ས་ཁུལ་གྱི་རིག་གནས་ལོ་རྒྱུས་རྒྱུན་རིང་བ་རྟོགས་ཐུབ་ཟེར།
ལྷག་པར་དུ་ལོ་འདི་དག་གི་རིང་ལ། ཡུལ་ཤུལ་གྱི་གླུ་གར་དང་ལག་ཤེས་སྒྱུ་རྩལ་སོགས་པེ་ཅིན་དང་ཧྲང་ཧེ། ཀོང་ཏུང་སོགས་ནང་ལོག་གི་གྲོང་ཁྱེར་ཆེ་ཁག་མང་པོར་འཁྲབ་སྟོན་དང་འགྲེམ་སྟོན་སོགས་ཀྱི་རྣམ་པས་བརྒྱུད་སྤེལ་དང་དྲིལ་སྒྲོག་བྱས་པར་བརྟེན་སྙན་གྲགས་ཆེས་ཆེར་རྒྱས་ཞིང་། ཡུལ་ཤུལ་ནི་གཙང་གསུམ་འབྱུང་ཁུངས་སུ་འོད་དུ་འཚེར་བའི་མུ་ཏིག་རྡོག་གཅིག་སྟེ། དེའི་གཟི་འོད་གཙང་གསུམ་འབྱུང་ཁུངས་མ་ཟད་མེས་རྒྱལ་གྱི་འཛིན་མའི་ཁྱོན་ཀུན་ཏུ་ལམ་ལམ་འཕྲོ་བཞིན་ཡོད།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།