མཚོ་ནུབ་ཁུལ་སྲིད་གྲོས་ཀྱིས་སྨྱན་བྱེད་གསར་འགོད་པའི་བཅར་འདྲིའི་བྱེད་སྒོ་སྤེལ་བ།
2019.11.01 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 11

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སྲིད་གྲོས་ཀྱིས་རྩ་འཛུགས་བྱས་པའི“ལོ་འཁོར་བདུན་ཅུའི་ཆབ་སྲིད་གྲོས་མོལ།ལོ་འཁོར་བདུན་ཅུའི་མཚར་སྡུག་འཕེལ་རྒྱས”ཞེས་པའི་སྨྱན་བྱེད་གསར་འགོད་པའི་བཅར་འདྲིའི་བྱེད་སྒོ10པའི་ཚེས21ཉིན་ནས་བཟུང་སྤེལ།

ཟླ10པའི་ཚེས21ཉིན། གསར་འགོད་པ་བཅར་འདྲི་ཚོགས་པ་དང་ལྷན་དུ།མཚོ་ནུབ་ཁུལ་གྱི་ས་གནས་སྐོར་ཞིག་ལ་བཅར་འདྲིར་སོང་བ་ཡིན། གཏེར་ལེན་ཁ་གྲོང་ཁྱེར་དུ་ཆགས་པའི་ཐོར་ཀུན་གཞིས་ཁུལ་དང་། ཀྲུང་ནེའི་ཐོན་ལས་གླིང་། གཏེར་ལེན་ཁ་གྲོང་ཁྱེར་མཚོ་ཁུར་ལུག་གྲོང་རྡལ་ཤུག་རི་སྡེ་གསར་བཅས་སུ་སོང་ནས་སྡོད་དམངས་ཀྱི་འཚོ་བའི་ཆ་རྐྱེན་དང་།མཁར་གྲོང་འཛུགས་སྐྲུན་དམིགས་སུ་བཟུང་ནས་བཅར་འདྲི་བྱས་པ་ཡིན།

གཏེར་ལེན་ཁ་གྲོང་ཁྱེར་གྱི་ཐོར་ཀུན་གཞིས་ཁུལ་ཞེས་པ་དེ་ནི་སོག་སྐད་དུ“གསེར་མདོག་གི་འབྱུང་གནས”ཞེས་པའི་དོན་ཡིན་ལ།གྲོང་ཁྱེར་ཡོངས་ཀྱི་འབྲོག་ཁུལ་གྱི་རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོར་འདེགས་གཏོང་ཆེད་དང་། འབྲོག་པའི་གཏན་སྡོད་ཁུལ་འཛུགས་སྐྲུན་གྱི་ལས་གཞིར་གཞི་བཅོལ་ཏེ། རྒྱལ་ཁབ་ཀྱིས་མ་དངུལ་སྒོར་མོ་བྱེ་བ་བཞི་དང་ས་ཡ་གཅིག་དང་། འབྲོག་དམངས་རང་གིས་མ་དངུལ་སྒོར་བྱེ་བ་བྲགྱད་དང་ས་ཡ་གཅིག་འབུམ་ལྔ་གྲབས་གསོག་བྱས་ཏེ་མི་རིགས་ཀྱི་ཁྱད་ཆོས་ཀྱིས་ཕྱུག་ཅིང་། མང་ཚོགས་ཡིད་ཚིམས་པའི་རྣམ་པ་གསར་པའི་ཁྱད་ལྡན་གཞིས་ཁུལ་བསྐྲུན་པ་ཡིན་ཞིང་། “འབྲོག་དམངས་ནས་གྲོང་དམངས་སུ་འགྱུར་བ་དང་། འབྲོག་ཁུལ་ནས་གྲོང་ཁུལ་དུ་འགྱུར་བ། སྦྲ་གུར་ནས་ཐོག་ཁང་དུ་འགྱུར་བ”ཡི་འཕེལ་རྒྱས་སྔ་ན་མེད་པ་བྱུང་ཡོད།

རྒྱུས་ལོན་པ་ལྟར་ན། ཐོར་ཀུན་གཞིས་ཁུལ་དུ་གྲོང་ཁྱེར་ཡོངས་ཀྱི་ཞང་གྲོང4དང་ཕྱུགས་ལས་སྡེ་བ13གྱི་འབྲོག་ཁྱིམ891དང་འབྲོག་དམངས3600ལྷག་གཏན་སྡོད་བྱས་ཡོད་ལ། གྲོང་ཁྱེར་ཡོངས་སུ་གྲངས་ཉུང་མི་རིགས་ཀྱི་མི་གྲངས་ཀྱིས95%ཟིན་པའི་གཞིས་ཁུལ་ཞིག་ཀྱང་རེད། གཞིས་ཁུལ་གསར་པ་དེ་བསྐྲུན་པའི་རྗེས་སུ། འབྲོག་པ་མང་ཚོགས་ཀྱིས་ཀྱང་གྲོང་ཁྱེར་དང་གྲོང་རྡལ་གྱི་གཞིས་དམངས་རྣམས་དང་འདྲ་བར། འདུག་སའི་ཐོག་ཁང་ཡོད་པ་དང་། རྒས་ཚེ་རྒན་གསོའི་སྲིད་ཇུས་ལོངས་སུ་སྤྱོད་ཐུབ་པ། ན་བའི་དུས་སུ་ཐག་ཉེ་ས་ནས་སྨན་བཅོས་བྱེད་ཐུབ་པ། བྱིས་པ་རྣམས་ཀྱིས་རང་གི་གཞིས་ཁུལ་ནས་སློབ་གསོ་མྱོང་ཐུབ་པ།གུང་གསེང་གི་སྐབས་སུ་གཞིས་ཁུལ་གྱི་དཔེ་ཁང་དུ་སོང་ནས་དཔེ་ཆར་ལྟ་ཀློག་གམ།མང་ཚོགས་བྱ་འགུལ་ཁང་དུ་སོང་ནས་རིག་རྩལ་འཁྲབ་སྟོན་བྱེད་ཆོག་པ་སོགས་བསམ་པའི་དཔལ་ཡོན་སྔར་ལས་མཐོར་འདེགས་བྱུང་ཡོད་པ་ལས། ཏང་གི་སྲིད་ཇུས་བཟང་པོ་དོན་ཐོག་ཏུ་འཁྱོལ་ནས་འབྲོག་ཁྱིམ་དག་གི་སྒོ་ཁར་སླེབས་ཡོད་པའི་རྣམ་པ་གསལ་པོར་མངོན་ཡོད།གཞིས་ཁུལ་དེའི་ད་ལྟའི་བདེ་སྐྱིད་ཀྱི་འཚོ་བ་དེ་ནི་སྔོན་མི་རབས་གང་གི་དུས་ལའང་མངོན་འགྱུར་མ་བྱུང་བའི་ཕུགས་འདུན་ཞིག་རེད་ཅེས། ཕྱུགས་སྐྱིལ་ཞང་གི་ཏང་ཨུའི་ཧྲུའུ་ཅི་ཧ་སི་པའོ་ཁིས་ང་ཚོར་དེ་ལྟར་བཤད།

གཞིས་ཁུལ་སྡོད་དམངས་ཀྱིས་ད་ལྟའི་འཚོ་བ་འདི་ནི་ཏང་གི་སྲིད་ཇུས་ཀྱི་བཀའ་དྲིན་ཡིན་པ་བསམ་པའི་གཏིང་ནས་ཚོར་ཏེ། ཏང་གི་བཀའ་དྲིན་སེམས་སུ་བཟུང་ནས། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་འདུ་ཤེས་ཡིད་ལ་བརྟན་པོར་འཆང་བཞིན།གཞིས་ཁུལ་དེ་རུ་སྤུན་ཟླ་མི་རིགས་གཞན་དག་མཐུན་པའི་ལག་རྡང་སྦྲེལ་ཏེ།“མི་རིགས་མཐུན་སྒྲིལ་ཁྱེད་དང་ང་ཡིས་ལྷན་དུ་བསྐྲུན་པ་དང་། མཛེས་ལྡན་ཁྱིམ་གཞི་མི་དམངས་ཡོངས་ཀྱིས་ལོངས་སུ་སྤྱོད་པ”ཡི་བགྲོད་ལམ་གསར་པ་ཞིག་ཏུ་སྙེག་བཞིན་ཡོད།

གཏེར་ལེན་ཁའི་བདེ་གླིང་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་ནི།གཏེར་ལེན་ཁ་གྲོང་ཁྱེར་དུ་ཡོད་པའི་རིག་གནས་ཕྱོགས་བསྡུས་གསར་གཏོད་དང་། མངོན་མིན་རིག་གནས་ཤུལ་བཞག་སྔོག་འདོན། རྒྱལ་སྤྱིའི་ཉོ་ཚོང་། གློག་རྡུལ་ཚོང་ལས་དང་ཡུལ་སྐོར་ལས་རིགས་བཅས་གཞི་གཅིག་ཏུ་འདུས་པའི་རིག་གནས་ཐོན་ལས་ཚད་ཡོད་ཀུང་སི་ཞིག་རེད། རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”གི་དཔལ་འབྱོར་འཐབ་ཇུས་འཆར་གཞི་ཆེན་མོ་དང་ལེན་བྱ་ཆེད། མཚོ་ནུབ་ཁུལ་གྱི་རིམ་པ་སོ་སོའི་སྲིད་གཞུང་གི་རྒྱབ་སྐྱོར་འོག ཐོན་ལས་གླིང་དེ་ནི་སྤྱི་ལོ2016ལོའི་ཟླ12པར་དངོས་སུ་བཙུགས་པ་ཞིག་རེད། རྒྱུས་ལོན་པ་ལྟར་ན། ཐོན་ལས་གླིང་གིས་ནེ་པ་ལའི་ལག་རྩལ་ཕུལ་བྱུང་ཅན60གདན་དྲངས་ནས་ཕུལ་བྱུང་རིག་གནས་ཐོན་ལས་ཧུར་ཐག་སྒོས་གསར་སྐྲུན་བྱས་པ་དང་མཉམ་དུ། རང་སའི་རིག་གནས་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་ཞིབ་འཇུག་གསར་སྤེལ་བྱེད་པའི་ཚོགས་པ་བཙུགས་ནས། ཁ་དོག་སྣ་ཚོགས་ལྡན་པའི་ལག་ཤེས་བཟོ་རྩལ་སྤུས་དག་དང་། ཐང་ག བོད་ལུགས་ས་གདན། འཇིམ་བཟོ་བཅས་དང་།གཞན་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་དྲན་རྟེན་དངོས་པོ་སོགས་གསར་སྤེལ་དང་། ས་གནས་ཀྱི་ཡུལ་སྐོར་ལས་རིགས་ལའང་སྟོབས་ཤུགས་འདོན་བཞིན་ཡོད། འདི་ལྟར་ས་གནས་ཤིག་ཏུ་འཛམ་གླིང་ལ་ཁ་ཕྱོགས་པའི་ཐོན་ལས་ཡོད་ཚེ། ས་གནས་དེ་གའི་ཐོན་ལས་གཞན་དག་གིས་ཀྱང་ཕན་ཚུན་ཉམས་མྱོང་བརྗེ་རེས་དང་།ལག་རྩལ་སྤེལ་རེས་བྱེད་ཐུབ་པས། མཚོ་ནུབ་ཁུལ་གྱི་ས་གནས་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ཆ་རྐྱེན་གང་ལེགས་འཛོམ་པ་ཤེས་ཐུབ་ལ།བཅོས་བསྒྱུར་སྒོ་འབྱེད་ཀྱི་ཡང་དག་སྲིད་ཇུས་ལ་གོ་བ་སྔར་ལས་ཇེ་ཟབ་ཏུ་འགྲོ་ཐུབ།

མཚོ་ཁུར་ལུག་གྲོང་རྡལ་ཤུག་རི་སྡེ་གསར་ནི2017ལོའི་ཟླ3པར་བཙུགས་ཤིང་། གྲོང་རྡལ་སྲིད་གཞུང་ཤར་ཕྱོགས་ཀྱི་སྤྱི་ལེ3གྱི་མཚམས་སུ་ཡོད་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་3.5ཡོད། དེ་རུ་རྒྱ་རིགས་དང་སོག་རིགས། བོད་རིགས། ཧོར་རིགས་སོགས་མི་རིགས་མང་པོ་མཉམ་སྡོད་བྱས་ཡོད།

མཁར་གྲོང་གཞི་གཅིག་ཅན་འཛུགས་སྐྲུན་བྱེད་པ་དང་། མཁར་གྲོང་གྲུབ་ཆ་འདྲ་མཉམ་བརྗེ་རེས་ལ་སྐུལ་འདེད་བྱ་ཆེད། སྔ་གཞུག་ཏུ་མ་དངུལ་སྒོར་མོ་བྱེ་བ་བརྒྱད་ས་ཡ་བརྒྱད་འབུམ་བཞི་ཁྲི་ལྔ་བཏང་ནས་སྡོད་ཁང་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་ཏེ། ཁྱོན་བསྡོམས་ཁང་པ526འཛུགས་སྐྲུན་བྱས་ཤིང་། ས་གཤིས་ཀྱི་གནོད་འཚེའི་དབང་གིས་སྡོད་ཁང་ལ་ཉེན་ཁ་ཆེ་བའི་གནད་དོན་ཐག་བཅད་དེ། མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ཇེ་བཟང་དུ་བཏང་ཡོད་པར་མ་ཟད། སྡེ་བ་ཡོངས་སུ་ཁྱོན་ཡོངས་ནས་ཉེན་ལྡན་ཁང་པ་ལེགས་བསྒྱུར་དང་། བདེ་འཇགས་འཐུང་ཆུའི་གནད་དོན་ཐག་གཅོད། ཁྱིམ་ཚང་རེ་རེར་གློག་དང་དྲ་བ། བརྙན་འཕྲིན་ཡོད་པར་གྱུར་ཅིང་། སྡེ་གསར་ནང་དུ་འཕྲོད་བསྟེན་ཁང་དང་རིག་གནས་བྱ་འགུལ་ཁང་། དམངས་ཕན་རང་འདེམ་ཚོང་ཁང་བཅས་ཡོད་ལ། གཞི་རྩའི་སྨན་བཅོས་དང་མ་མཐའི་འཚོ་བ་འགན་སྲུང་སོགས་སྤྱི་ཚོགས་འགན་སྲུང་གི་བཟོ་འགོད་ལག་བསྟར་བྱས་ཡོད་པས།ཤུག་རུ་སྡེ་གསར་གྱི་གྲོང་དང་སྲང་ལམ་ཀུན་ཏུ་ཏང་གི་ཉི་འོད་ལམ་ལམ་འཕྲོས།

ཤུག་རི་སྡེ་གསར་གྱི་མང་ཚོགས་ཅི་ཡུས་ལིན་ནི་སྲིད་ཇུས་ཀྱི་འབོད་སྐུལ་འོག1993ལོར་མཚོ་ཤར་གྲོང་ཁྱེར་ནས་གཏེར་ལེན་ཁ་རུ་ཡོང་བ་ཡིན་ཞིང་། ཁོ་རང་དང་ཐོག་ས་འདིར་ཐོན་སྐབས་སྡོད་གནས་ས་ཁང་སྟབས་བདེ་ཞིག་མ་གཏོགས་ཅི་ཡང་མེད་ལ། ཁང་པའི་ནང་གི་སྒྲིག་ཆས་དང་འཚོ་བའི་ཆུ་ཚད་ཤིན་ཏུ་ཞན། ཁོས་བཤད་རྒྱུར། “ཏང་གི་སྲིད་ཇུས་སུ་ལ་བཟང་ཞེ་ན། ང་ཚོ་མང་ཚོགས་རྣམས་ལ་ཤིན་ཏུ་བཟང་། ད་ལྟ་ངེད་བཟའ་མི་གང་པོ་འདི་ལྟར་ཆུ་གློག་དྲོད་གསུམ་འཛོམས་པའི་དེང་རབས་ཐོག་ཁང་དུ་སྡོད་ཐུབ་པ་ནི། ཏང་གི་བཀའ་དྲིན་མིན་ན་སུའི་བཀའ་དྲིན་ཡིན། གསལ་བོར་བཤད་ན་ངེད་ཚང་གཅིག་པུ་མ་ཡིན་པར། ང་ཚོའི་སྡེ་བའི་ཁྱིམ་ཚང་རེ་རེའི་ཆ་རྐྱེན་གཅིག་མཚུངས་སུ་གྱུར་ཏེ།བདེ་སྐྱིད་འཚོ་བར་ལོངས་སུ་སྤྱོད་བཞིན་ཡོད ”ཅེས་གདོང་ལ་འཛུམ་མདངས་ཀྱིས་ཁེངས་བཞིན།ཏང་གི་སྲིད་ཇུས་ལ་བསྟོད་པའི་མཐེ་བོང་སྒྲེང་བཞིན་འདུག།

                                                                              རྩོམ་སྒྲིག་པ། གཡང་འབུམ་རྒྱལ།