སྤུན་ཟླའི་ནགས་ར།
2019.11.05 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 23

གཅན་ཚ་རྫོང་ཐོག་ནས་བུད་དེ་རྨ་ཆུའི་འགྲམ་ངོགས་བརྒྱུད་ནས་ལྷོ་རུ་བསྐྱོད་ན། སྔོ་ལྗང་ལྗང་དང་གསེར་འོད་ལམ་ལམ་འཕྲོ་བའི་ནགས་ར་ཡིས་ལམ་འགྲོ་བ་དག་གི་མིག་དབང་འཕྲོག་ངེས། དེ་ནི་ཞིང་ཆེན་རིམ་པའི་གཞུང་ལམ203པའི་ནུབ་ཕྱོགས་བྱེ་རྡོ་རྒྱུ་ཆའི་བཟོ་གྲྭའི་ཁུལ་ཏེ། ཟླ་བ་བཞི་ཡི་ཡར་སྔོན་དུ་གནས་དེ་ནི་ད་དུང་བྱེ་རྡོས་ཁེབས་པའི་ཐང་ས་ཞིག་ཡིན་ལ། ཐང་ས་དེ་མྱ་ངམ་ཐང་གི་རྣམ་པར་གྱུར་པ་ནས་བཟུང་། རྨ་ཆུའི་ཕར་ཚུར་དུ་ཆགས་པའི་གཅན་ཚ་རྫོང་སྣང་ར་ཞང་དང་ཧྭ་ལུང་ཧའེ་རིགས་རང་སྐྱོང་རྫོང་སྟག་ལུང་ཞང་གཉིས་ཀྱི་མང་ཚོགས་ཀྱི་རྒྱུན་ཆད་མེད་པའི་འཁང་ར་དང་རྩོད་གཞིའི་ཁྲོད་དུ་ལོ་ངོ་བཅུ་ཕྲག་འགའ་འགོར།

ད་ལོའི་ཟླ་བཞི་བའི་ཚེས་ཉེར་ལྔ་ཉིན། མཚོ་ཤར་གྲོང་ཁྱེར་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནས་སླེབས་པའི་བོད་རིགས་དང་ཧའེ་རིགས། རྒྱ་རིགས་ཀྱི་མང་ཚོགས་དང་ལས་བྱེད་པ་དང་ལས་བཟོ་བ་བཅས་མི་བདུན་བརྒྱ་ལྷག་གནས་དེ་རུ་འཛོམས་ཏེ། མཉམ་དུ་སྤྱི་ཆིངས་སུམ་ཅུ་ལྷག་ཅན་གྱི་མི་རིགས་མཐུན་སྒྲིལ་གྱི“སྤུན་ཟླའི་ནགས་ར”འདེབས་འཛུགས་བྱས་པ་དེས། གནས་དེར་སྔ་མོ་ནས་ཐོབ་འོས་པའི་སྔོ་ལྗང་གི་ལྭ་བ་བསྐོན་པ་དང་། དེ་ལས་ཀྱང་རྨ་ཆུའི་འགྲམ་ངོགས་ཀྱི་མང་ཚོགས་ཀྱི་ལོ་ངོ་བཅུ་ཕྲག་འགའི་ས་མཚམས་རྩོད་གཞིར་རྫོགས་ཚིག་བཀོད།

གསོན་ཤུགས་ཀྱིས་ཁེངས་པའི་སྡོང་ར་འདིའི་ཉེ་འགྲམ་དུ་བཅར་ནས་བལྟས་ཚེ། ཞིང་ཆེན་རིམ་པའི་གཞུང་ལམ་གྱི་འགྲམ་གཉིས་སུ་སྐྱེ་སྟོབས་རྫོགས་པའི་སྦྱར་སྡོང་དང་སིལ་སྡོང་། སྒྲོན་ཤིང་། ཤུག་པ། མེ་ཏོག་གི་སྡོང་ཐུང་སོགས་ཀྱིས་བརྒྱན་ཏེ་ཚོན་མདངས་བཀྲ་བའི་སྣུམ་ཚོན་རི་མོ་ཞིག་གྲུབ་འདུག་པ་ནི། མེ་ཏོག་སྣ་འཛོམས་ཀྱི་རྩྭ་ཐང་ཆེན་པོ་ཞིག་དང་གཉིས་སུ་མི་འདུག དེ་ལས་ཀྱང་ཡིད་དབང་འགུག་པ་ནི་གཞུང་ལམ་གྱི་ནུབ་ངོས་སུ་བསླངས་ཡོད་པའི་རྡོ་རིང་ཆེན་པོ་དེ་ཡིན་ལ། རྡོ་རིང་སྟེང“མི་རིགས་མཐུན་སྒྲིལ་ནགས་ར”ཞེས་ཡིག་གཟུགས་ཆེ་ལ་ཁ་མདོག་དམར་པོས་བརྐོས་འདུག་པ་དང་། དེས་ཆར་རླུང་ཁྲོད་ངོགས་གཉིས་ཀྱི་མི་དམངས་ཀྱི་སྤུན་ཟླའི་མཛའ་བརྩེ་ལ་དཔང་བོ་བྱེད་བཞིན་ཡོད་ཅིང་། དུས་རྟག་ཏུ་ངོགས་གཉིས་ཀྱི་མི་དམངས་ལ་གཏན་དུ་འཆམ་མཐུན་ཡོང་བའི་དྲན་སྐུལ་བྱེད་བཞིན་ཡོད།

གཅན་ཚ་རྫོང་སྣང་ར་ཞང་ཚེགས་རྒྱལ་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་ནོར་བརྟན་དང་ལོ་ན་དོན་གསུམ་ལ་སོན་པའི་རྒན་པོ་ནོར་བྷེ་གཉིས་ཀྱིས་ཐང་ས་འདི་ཉིད་དམངས་ལ་གྱོད་དང་ཁ་མཆུ་སློང་བའི་གཏེ་བོ་ཞིག་ནས་མཛའ་བརྩེ་ཞི་མཐུན་གྱི་མི་རིགས་མཐུན་སྒྲིལ་མཚོན་པའི་སྔོན་ཐོན་ནགས་ར་ཞིག་ཏུ་གྱུར་པའི་མགོ་མཇུག་བར་གསུམ་གྱི་ལོ་རྒྱུས་བརྒྱུད་རིམ་ཉམས་སུ་མྱངས་ཡོད། “གནས་འདི་ཡང་གཙན་ཚའི་རི་ལུང་གཞན་དང་འདྲ་བར་ནགས་ཚལ་སྐྱེ་སྲིད་པར་ང་ཚོར་ཡིད་ཆེས་ཡོད་ལ། ནགས་ཚལ་འདི་ཇི་ལྟར་སྟུག་པོར་གྱུར་ན་ང་ཚོ་ངོགས་གཉིས་ཀྱི་མི་དམངས་ཀྱི་མཛའ་བརྩེ་དེ་ལྟར་ཟབ་པ་ཡིན”ཞེས་ཕྱོགས་གཉིས་ཀྱིས་དགའ་མགུ་བྱེད་བཞིན་ཡི་གེར་མིང་རྟགས་དང་མཛུབ་རིས་བཀོད་དེ། མཛའ་མཐུན་བརྒྱུད་རིམ་དངོས་སུ་ཉམས་སུ་མྱོང་མཁན་ནམ་སྐུལ་འདེད་པ་ནོར་བརྟན་གྱིས་སྡོང་ར་དེར་རེ་བ་ཆེན་པོ་བཅངས་འདུག ཉིན་རྒྱུན་དུ་ཞིང་ཆེན་རིམ་པའི་གཞུང་ལམ203བརྒྱུད་པའི་ཆུ་སྐྱེལ་རླངས་འཁོར་མི་རིགས་མཐུན་སྒྲིལ་ནགས་རར་འཛུལ་བ་དང་ཕྱིར་ཐོན་པའི་རྣམ་པ་མཐོང་བའི་དུས་སུ། ཁོ་དང་ཁོ་འདྲ་བར་སྔོན་ཆད་གྱོད་དང་ཁ་མཆུའི་ནང་ལྷུང་མྱོང་བའི་མི་རྣམས་ཀྱི་གདོང་ལ་འཛུམ་མདངས་མངོན་ཡོང་།

“སྔོན་ཆད་རྒྱབ་རི་ནི་སྟུག་པོར་རྒྱས་པའི་ནགས་ཚལ་ཞིག་ཡིན་ལ། ནགས་ནས་བསྐྱོད་སྐབས་ཉི་འོད་ཀྱང་མཐོང་མི་ཐུབ། དེའི་རྗེས་ནས་སྡོང་པོ་མང་པོ་བཅད་ཚར་ཏེ་རང་ཁྱིམ་གྱི་ཁང་ཀླད་ནས་བལྟས་ན་སྡོང་པོ་ཐར་ཐོར་འགའི་ཁྲོད་དུ་ནོར་ལུག་གིས་རྩྭ་ཟ་བཞིན་པ་ཡང་མཐོང་ཐུབ”ཅེས་ནོར་བྷེ་ཡི་དྲན་པའི་ཁྲོད་དུ། ཁོ་ལོ་ན་གཞོན་དུས་སུ་སྣང་ར་ཞང་གི་རི་བོ་མང་པོ་ཞིག་རང་བྱུང་ནགས་ཚལ་སྟུག་པོས་ཁེབས་ཡོད་ལ། རྗེས་སུ་མི་རྣམས་ཀྱིས་གཞི་ཁྱོན་ཆེན་པོས་སྡོང་པོ་བཅད་ཅིང་། ལོ་ངོ་བཅུའི་སྔོན་དུ་ད་གཟོད་མི་རྣམས་ཀྱིས་རིམ་བཞིན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གལ་ཆེན་རང་བཞིན་རྟོགས་ཏེ་གཅོད་མཚམས་བཞག་ཅིང་སླར་ཡང་སྡོང་ཕྲུག་འཛུགས་མགོ་བརྩམས། ད་སྐབས་རྒྱབ་རིར་རིམ་གྱིས་ནགས་ཚལ་གྱིས་ཁེབས་པ་དང་ནགས་རྩྭ་སྟུག་པོར་སྐྱེས་འདུག་ལ། ས་འོག་གི་ཆུ་ཡང་ཕུན་སུམ་ཚོགས་པར་གྱུར་འདུག ད་དུང་ནམ་རྒྱུན་ཤྭ་བ་སེར་ཆེན་དང་གཉན་སོགས་རི་དྭགས་དང་མིང་འདོགས་དཀའ་བའི་འདབ་ཆགས་མང་པོ་རྒྱུ་བཞིན་པ་ཡང་མཐོང་ཐུབ།

ད་ལོའི་དཔྱིད་ཀའི་ས་སྲོད་ཅིག་ལ་རྒན་པོ་ནོར་བྷེ་ཡིས་ཁོ་ཚང་གི་ར་སྐོར་ནང་དུ་གློ་བུར་ཤྭ་བ་སེར་ཆེན་ཞིག་མཐོང་བྱུང་ལ། ཁོས་ཡ་མཚན་དང་བཅས་ཏེ་རྫོང་ནགས་ལས་ཅུས་ལ་ཁ་པར་བཏང་མོད། འོན་ཀྱང་ནགས་ལས་ཅུས་ཀྱི་ལས་བཟོ་མི་སྣ་སླེབས་དུས་ཤ་ཤེད་ཅན་གྱི་ཤྭ་བ་སེར་ཆེན་དེ་སྔ་མོ་ནས་གར་སོང་ཆ་མེད་དུ་གྱུར་འདུག་ཟེར།

                                                                                                                    རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།