དབུལ་ཐར་བྱ་བ་ཉིན་གཅིག་ལའང་ལྷོད་གཡེང་དུ་གཏོང་མི་རུང་།
2019.11.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

 རང་བྱུང་ཆ་རྐྱེན་དང་རྨང་གཞིའི་སྒྲིག་ཆས་ཞན་པ། རྗེས་མཐུད་ཐོན་ལས་རྗེས་ལུས་ཡིན་ཞིང་འཚོ་བའི་མ་གནས་མཐོ་བ་བཅས་ཀྱི་རྨ་ཆུའི་མགོ་ཁུངས་སུ་གྱུར་བའི་ཆུ་དམར་ལེབ་རྫོང་ནི་གཙང་གསུམ་འབྱུང་ཁུངས་ཀྱི་དབུལ་ཐར་མཁྲེགས་གཏོར་ཕྱོགས་ཡོངས་ནས་སྤེལ་བའི་གཡུལ་ས་གཙོ་བོར་གྱུར་ཡོད།

ཆུ་དམར་གཙང་བོའི་འབབ་རྒྱུད་ཀྱི་སྡེ་བ་རེ་རེ་ནས་དབུལ་ཐར་བྱ་བའི་ཆེད་དུ་འདུར་རྒྱུག་བྱེད་བཞིན་པའི་ཏང་ཡོན་རེ་རེའི་རྣམ་པ་མཐོང་ཐུབ།

ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན། གསར་འགོད་པ་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་དུ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་ཅུའུ་ཀྲང་བཀྲ་ཤིས་དཔལ་ལྡན་དང་འཕྲད། ཁོ་རང་གིས་ཡུལ་གཞན་དུ་གནས་སྤོར་བྱེད་པའི་བྱ་བར་ལྟ་ཞིབ་བྱེད་སྐབས་སྟབས་མ་ལེགས་པར་ཁང་པའི་སྟེང་ནས་ལྷུང་སྟེ་རྨས་སྐྱོན་ཕོག་པ་དང་།  ད་ལྟའི་བར་སྨན་ཁང་དུ་ཞག་སྡོད་བྱས་ནས་ཟླ་གཅིག་རིང་གི་དུས་ཚོད་འགོར་ཡོད་ཅིང་སེང་རས་མཐུག་པོ་ཞིག་གིས་ཁོའི་ལག་པ་གཡོན་པ་དེ་ཡོངས་སུ་གཅུད་འདུག

ཁོ་ལ་རྨས་སྐྱོན་ཕོག་པའི་ཉིན་དེར་ཕྱིར་དྲན་བྱེད་དུས་ད་ལྟ་ཁོ་རང་ཅུང་ཙམ་སྐྲག་སྣང་སྐྱེས་བཞིན་འདུག  ཁོས་མིག་གི་རྫི་མ་གཉེར་ཙམ་བྱས་ནས་ཉིན་དེའི་དོན་དག་ལ་ཕྱིར་དྲན་བྱེད་བཞིན་བཤད་རྒྱུར། “ཉིན་དེ་ནི་ཟླ་བཅུ་བའི་ཚེས་གསུམ་ཉིན་རེད། ད་ལོ་ནི་དབུལ་ཐར་མཁྲེགས་གཏོར་གྱི་གནད་འགག་གི་ལོ་ཡིན་པས་ང་ཚོ་ཚང་མས་ངལ་གསོའི་དུས་ཚོད་བསྐྱུར་ཏེ་བྱ་བར་ཞུགས་ཡོད། ཉིན་དེའི་ཕྱི་དྲོ་རྫོང་གནས་སྤོར་བཀོད་སྒྲིག་གཅིག་གྱུར་ལྟེ་གནས་སུ། ང་ཚོས་གནས་སྤོར་བྱེད་ཡུལ་གྱི་ཁང་པ་དེ་དག་གི་རྒྱུ་སྤུས་ལ་ལྟ་ཞིབ་བྱེད་པར་སྐས་སྟེང་དུ་འགོས་པར་གློ་བུར་དུ་སྐས་དེར་ཆག་སྐྱོན་བྱུང་བ་རེད”ཅེས་བཀྲ་ཤིས་དཔལ་ལྡན་གྱིས་བཤད།

རྨིད་གསུམ་གྱི་མཐོ་ཚད་ཡོད་པའི་ཁང་སྟེང་ནས་མར་ལྷུང་བས་བཀྲ་ཤིས་དཔལ་ལྡན་གྱི་ལག་པ་གཉིས་མྱུར་དུ་སྐྲང་བ་དང་། མགོ་བོ་ཡང་སྟོང་ཕག་ལ་བརྒྱབ་པས་ཁྲག་བཞུར་ནས་གཅོད་དཀའ་བ་བྱུང་། སྐབས་དེའི་སྣང་ཚུལ་དེའི་ཁོའི་འགྲམ་གྱི་ལས་གྲོགས་རྣམས་ལ་སྐྲག་སྣང་ཆེན་པོ་བཟོས་ཤིང་ལས་གྲོགས་རྣམས་ཀྱིས་བཀྲ་ཤིས་དཔལ་ལྡན་མྱུར་དུ་ཆུ་དམར་ལེབ་རྫོང་སྨན་ཁང་དུ་བསྐྱལ།

རྫོང་སྨན་ཁང་གི་སྨན་བཅོས་ཆ་རྐྱེན་ཆེས་ཆེར་མི་འདང་བའི་དབང་གིས་དེ་རུ་སྨན་བཅོས་སྟབས་བདེ་ཞིག་བྱས་རྗེས་སུ་མཚན་བརྒྱབ་ནས་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱས། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་དུ་བཀྲ་ཤིས་དཔལ་ལྡན་གྱི་ལག་པ་གཡོན་པའི་རུས་པར་ཆག་གྲུམ་ཤོར་ཡོད་པས་གཤགས་བཅོས་བྱེད་དགོས་པར་ཐག་གིས་བཅད། དུས་ཚོད་འགའ་ཡི་གཤགས་བཅོས་བརྒྱུད་ནས་ཁོའི་དཔུང་བ་གཡོན་པར་ལྕགས་ལེབ་ལག་མཐིལ་ཙམ་ཞིག་དང་ལྕགས་གཟེར་དྲུག་གིས་ཅུང་བརྟན་འཇགས་སུ་བཏང་།

“གང་ལའང་འདང་མི་རྒྱག་པར་སྨན་བཅོས་ལེགས་པོ་བྱོས།”འདི་ནི་ལས་གྲོགས་རྣམས་ཀྱིས་བཀྲ་ཤིས་དཔལ་ལྡན་ལ་བཤད་པའི་སྐད་ཆ་ཆེས་མང་པ་དེ་རེད། ཡིན་ནའང་བཀྲ་ཤིས་དཔལ་ལྡན་གྱིས་ནད་ཁྲིའི་སྟེང་དུ་སེམས་བདེ་ལ་འབབ་ཐུབ་ཀྱི་ཡོད་པ་མ་རེད།

བཀྲ་ཤིས་དཔལ་ལྡན་གྱིས་བཤད་རྒྱུར། “ངས་ཆེས་ཐུང་བའི་དུས་ཚོད་ནང་དུ་བདེ་ཐང་ཡོང་བར་བྱས་ཏེ་མྱུར་དུ་ཕྱིར་ལོག་དགོས། དབུལ་སྐྱོར་གྱི་ལས་འགན་ནི་ཤིན་རུ་ལྕི་བས་ངའི་སེམས་ཇི་ལྟར་བདེ་ལ་འབབ་ཐུབ།” ནད་གྲོགས་གཞན་རྣམས་ལ་བར་ཆད་མི་བྱེད་པའི་ཆེད་དུ་བཀྲ་ཤིས་དཔལ་ལྡན་ཞག་སྡོད་བྱས་པ་ནས་བཟུང་དུས་རྒྱུན་དུ་མཚན་མོ་གཟེར་འཇོམས་སྨན་འཐུང་རྗེས་བྱ་བ་སྒྲུབ་མགོ་རྩོམ་བཞིན་ཡོད། རྒྱུ་ཆ་དག་བཅོས་བྱེད་པ་དང་སྦྲེལ་མཐུད་བྱ་བ་སོགས་ཚང་མ་སྨན་ཁང་དུ་གནས་སྤོར་བཀོད་སྒྲིག་ལས་གཞའི་བྱ་བའི་མི་སྣ་རྣམས་ལ་དོན་དག་གྲོས་བསྡུར་བྱེད་བཞིན་ཡོད་པ་དང་། མཚམས་ལན་རེར་ཁོ་ལ་བྱ་ཐབས་ཟད་དེ་ཅུང་ཙམ་འགུལ་སྐྱོད་བྱེད་ཐུབ་པའི་ལག་པ་གཡས་པར་བརྟེན་ནས་ཁ་པར་ལས་གཞན་ལ་འབྲེལ་བ་བྱེད་ཀྱི་ཡོད་པ་རེད།

དབུལ་ཐར་ནི་མ་གཞི་ནས་ཅིས་ཀྱང་རྒྱལ་ཁ་ལེན་དགོས་པའི་མཁྲེགས་གཏོར་གྱི་འཐབ་འཛིང་ཞིག་རེད། དེ་བས་དབུལ་ཐར་མཁྲེགས་གཏོར་བྱ་བ་དེ་ཆབ་སྲིད་ཀྱི་འགན་འཁྲི་ཆེན་པོ་ཞིག་དང་ཚད་མཐོ་བའི་ལོ་རྒྱུས་ཀྱི་འགན་འཁྲི་ཞིག དགོས་གལ་ཆེ་བའི་འཕེལ་རྒྱས་ཀྱི་ལས་འགན་ཞིག་ཏུ་བརྩིས་ནས་ཕྲག་ཏུ་ཁུར་བ་དང་ལག་པས་དམ་པོར་འཛིན་པ། སེམས་སུ་གསལ་བོར་འཛིན་དགོས་ཤིང་། གནད་འཁེལ་དབུལ་སྐྱོར་བྱ་བ་དེ་ཏང་གཤིས་ལ་སྦྱོང་བརྡར་བྱེད་པའི་གོ་སྐབས་གལ་ཆེན་ཞིག་ཏུ་བཟུང་ནས།  གཞི་རིམ་ལ་རྐང་ཟུག་པར་བྱས་ཏེ་དབུལ་ཐར་གྱི་ཞྭ་མོ་ཕུད་ནས་ནུས་ཤུགས་ཡོད་རྒུས་རྩ་བ་ནས་དབུལ་ཐར་བྱེད་དགོས།

བཀྲ་ཤིས་དཔལ་ལྡ་གྱི་ཁ་བརྡའི་ཁྲོད་དུ། ང་ཚོས་ཁོ་ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་དེ་ད་དུང་ཁོའི་བྱིས་པ་ཚོར་བཤད་མེད་པ་དང་། དེ་ལས་གཞན་བཀྲ་ཤིས་དཔལ་ལྡན་དང་ཁོའི་ཆུང་མ་ཆོས་དབྱིངས་མཚོ་གཉིས་སྨན་ཁང་དུ་བསྡད་པའི་དུས་ཡུན་དེ་ནི་ཁོ་བཟའ་ཟླ་གཉིས་ལ་མཚོན་ན་ལོ་འདི་དག་གི་རིང་ལ་མཉམ་དུ་འདུག་ཡུན་ཆེས་རིང་ཤོས་དེ་ཡིན་པའང་གསལ་བོར་རྟོགས།

མཚོ་ངོས་ཀྱི་མཐོ་ཚད་ལ་ཆ་སྙོམས་ཀྱིས་རྨིད་བཞི་སྟོང་ལྔ་བརྒྱ་ཡོད་པའི་ཆུ་དམར་ལེབ་རྫོང་དུ་འཕེལ་རྒྱས་ཀྱི་ཐོན་ལས་ལ་ཚད་ཡོད་པ་དང་ཚད་བཀག་གི་རྒྱུ་རྐྱེན་མང་པས་རྫོང་ཡོངས་སུ་མི་གྲངས་ཁྲི་བཞི་དང་སྟོང་ལྔ་སུམ་བརྒྱ་ཡོད་པ་དང་། ཕྱུགས་ལས་གཉེར་བའི་བསྡུར་ཚད་མཐོ་བ་དང་དབུལ་ཁྱིམ་སྟོང་གསུམ་དང་སུམ་བརྒྱ་དགུ་ཡོད།  མི་གྲངས་སྟོང་དགུ་དང་ལྔ་བརྒྱ་ཞེ་བཞི་ཡོད་པས་རྫོང་ཡོངས་ཀྱི་མི་གྲངས་ཀྱི་བརྒྱ་ཆའི་ཉེར་གཅིག་དང་གྲངས་ཆུང་བརྒྱད་ཟིན་པས་རང་ཞིང་གི་ཆེས་དཀའ་ཁག་ཆེ་ཞིང་དཔལ་འབྱོར་འཕེལ་རྒྱས་ཆེས་རྗེས་ལུས་ཡིན་པའི་རྫོང་གི་གྲས་ཀྱི་གཅིག་ཡིན།

ཕྱོགས་ཡོངས་ནས་དབུལ་ཐར་བྱེད་པ་མངོན་འགྱུར་བྱེད་པར་ཟླ་གཉིས་ཀྱི་དུས་ཚོད་མ་གཏོགས་མེད་པས་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་དབུལ་ཐར་ལས་འགན་ད་དུང་ཧ་ཅང་ལྗིད། དབུལ་ཐར་ནས་འབྱོར་འབྲིང་གི་ལམ་དུ་བསྐྱོད་པར་གྲ་སྒྲིག་བྱེད་བཞིན་པའི་ཆུ་དམར་ལེབ་རྫོང་དུ་བཀྲ་ཤིས་དཔལ་ལྡན་དང་འདྲ་བའི་དབུལ་སྐྱོར་མཁྲེགས་གཏོར་གྱི་སྣེ་ཁྲིད་པ་བཟང་བོ་སྐོར་ཞིག་ལ་རང་ཉིད་ཀྱི་དཔྲལ་བ་ནས་བཞུར་བའི་དཀའ་སྡུག་གི་རྔུལ་ཆུ་འབྱིད་པའི་དུས་ཚོད་ཙམ་ཡང་མེད་པར།  དབུལ་ཐར་གྱི་བྱ་བའི་ལས་ལ་འབད་ཀྱིན་པའི་བྲེལ་འཚུབ་ཀྱི་རྒྱབ་གཟུགས་དེ་ང་ཚོའི་མིག་ལམ་དུ་སྣང་བར་བྱེད།

བཀྲ་ཤིས་དཔལ་ལྡན་ནི་ཉིས་སྟོང་བཅི་དྲུག་ལོའི་ཟླ་བཅུ་བར་ལས་གནས་སྤར་ཏེ་དབུལ་སྐྱོར་གསར་སྤེལ་ཅུའུ་རུ་ཡོང་ནས་བྱ་བ་སྒྲུབ་དང་། ཁོའི་དུས་རྒྱུན་གྱི་འདུ་ཤེས་ཁྲོད་དུ་དབུལ་ཐར་ཞེས་པ་ནི་གྲངས་འབོར་ཙམ་ལ་བརྟེན་པའི་དབུལ་ཐར་རྫུན་མ་ཞིག་གིས་ཅི་ཡང་མི་ཡོང་བས་མི་དམངས་མང་ཚོགས་རྣམས་ཕྱུགས་འགྱུར་གྱི་ལམ་དུ་སྐུལ་བར་འབད་བརྩོན་བྱས་ཏེ། སྔར་ལས་མཛེས་སྡུག་ལྡན་པའི་འཚོ་བ་རོལ་ཐུབ་པར་སྒུལ་ཤུགས་བསྩོལ་རྒྱུ་ནི་གནད་འགག་གཙོ་བོ་ཡིན་པར་འདོད་ཡོད།

                                                                                         ལོ་ཙཱ་བ། གཡང་འབུམ་རྒྱལ།