ཆེས་མཛེས་པའི་འགྲིམ་འགྲུལ་ཉེན་རྟོག་པ་ཚེ་རིང་དོན་འགྲུབ་ཀྱིས་ནད་ཡམས་ཚོད་འཛིན་མ་བྱས་སྔོན་ལ་ནམ་ཡང་ཕྱིར་འཐེན་མི་བྱེད་ཟེར།
2020.02.05 ཁུངས། ཀྲུང་གོ་གསར་འགྱུར་དྲ་བ། ཀློག་གྲངས། 196

སྔོན་ཆད་མཚོ་སྔོན་ཞིང་ཆེན་གྱི“ཆེས་མཛེས་པའི་འགྲིམ་འགྲུལ་ཉེན་རྟོག་པའི་གཟི་བརྗིད་མཚན་སྙན”ཐོབ་མྱོང་བའི་རྩེ་ཁོག་རྫོང་སྤྱི་བདེ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ།འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་རུ་དཔོན་ཚེ་རིང་དོན་འགྲུབ་ཀྱིས་ང་ནི་གུང་ཁྲན་ཏང་ཡོན་ཞིག་ཡིན་པས།འཐབ་ཕྱོགས་དང་པོར་རྒྱུགས་དགོས་ཟེར།

ད་ལོའི་ནད་ཡམས་འགོག་བཅོས་སྐབས་སུ།ཚེ་རིང་དོན་འགྲུབ་ཀྱིས་རང་འགུལ་གྱིས“ལྡོག་ཕྱོགས་སུ་བསྐྱོད་པའི”ལམ་བུ་ཞིག་བདམས་བསེས་བྱས་ནས།རང་གི་ཁྱིམ་ཚང་བསྐྱུར་ཏེ་སེམས་ལ་མང་ཚོགས་བཅངས།

ད་ལོའི་ཟླ་དང་པོའི་ཚེས་ཉེར་བཞི་ཉིན་ཏེ།གནམ་གང་གི་ཉིན་མོར།རྩེ་ཁོག་རྫོང་དུ་ཁ་བ་འབྲིང་ཙམ་བབས་པ་དང་།རླངས་འཁོར་རེ་རེ་བདེ་འཇགས་ཀྱིས་ཁྱིམ་དུ་ཐོན་ནས་བདེ་སྐྱིད་ཀྱི་ལོ་གསར་བ་ཞིག་རོལ་ཐུབ་པའི་ཆེད་དུ།ཚེ་རིང་དོན་འགྲུབ་ཀྱིས་ལོ་སར་ལས་རེས་ཚན་ཆུང་ཁྲིད་དེ་དུས་ཚོད་དང་པོའི་ནང་རྩེ་ཁོག་རྫོང་ཁོངས་ཀྱི་ཉེན་ཁ་ཆེ་བའི་ལམ་རྒྱུད་དུ་སོང་སྟེ་ལམ་ནང་དུ་ཚྭ་བརྒྱབ་པ་དང་།ཁངས་ཕྱགས་པ་སོགས་བྱས་ཏེ།ལོ་སར་སྐབས་སུ་མང་ཚོགས་བདེ་འཇགས་ཀྱིས་བསྐྱོད་པར་ཁག་ཐེག་བྱས།

ཟླ་དང་པོའི་ཚེས་ཉེར་ལྔ་ཉིན་ཏེ།ལོ་སར་ཚེས་གཅིག་གི་ཉིན་མོར་རང་འགུལ་གྱིས་གོང་རིམ་སྡེ་ཁག་གི་ནད་ཡམས་སྔོན་འགོག་ཚོད་འཛིན་བྱེད་པའི་འགན་འཁྲི་དངོས་འབེབ་བྱས་ཏེ།སྔོན་ལ་འགོག་སྲུང་བཀོལ་ཆས་དང་།མཁོ་སྒྲུབ་དངོས་རྫས་གྲ་སྒྲིག་བྱས་ནས།ནད་ཡམས་སྔོན་འགོག་གི་ལས་གནས་བརྟན་སྲུང་དང་།ལོ་སར་སྐབས་ཀྱི་བདེ་འཇགས་ལ་འགན་སྲུང་བྱས་ཏེ།ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་ནད་འགོག་སྲུང་བྱས་ནས་མི་དམངས་མང་ཚོགས་ཀྱི་བདེ་ཐང་དང་། བདེ་འཇགས་ལ་སྲུང་སྐྱོབ་བྱེད་གང་ཐུབ་བྱས།

ལོ་སར་ཚེས་གཉིས་ཉིན་ནས་ཚེས་དགུ་ཉིན་བར་དུ།ཚེ་རིང་དོན་འགྲུབ་ཀྱིས་རྩེ་ཁོག་རྫོང་ཏང་ཨུ་དང་།རྫོང་སྲིད་གཞུང་།རྫོང་སྤྱི་བདེ་ཅུའུ།འཕྲོད་བསྟེན་སྡེ་ཁག་སོགས་དང་མཉམ་འབྲེལ་བྱས་ཏེ།དམེ་ཤུལ་ནགས་རུའི་རུ་ཆེན་གཉིས་པ་དང་།རྡོ་དཀར་མོ་ཞང་གཉིས་ཀྱི་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པའི་རྟོག་དཔྱོད་ས་ཚིགས་དང་།ཉིན་ཤུག་ཞང་།རྩེ་ཁོག་ནས་བོན་རྒྱ་ཞང་བར་གྱི་གཞུང་ལམ་སྤྱི་ལེ་ཉི་ཤུའི་མཚམས་སུ་རིམས་ནད་རྟོག་དཔྱོད་ས་ཚིགས་བཞི་བཙུགས་པ་དང་།དུས་ཚོད་ཉེར་བཞིའི་རིང་ལ་མཉམ་འབྲེལ་གྱིས་བྱ་བ་སྒྲུབ་པའི་རྣམ་པ་ལག་བསྟར་བྱས་པ་དང་།ཕྱི་འགྲོ་ནང་ཡོང་གི་འགྲུལ་བར་རྟག་དཔྱད་ཞིབ་མོར་བྱས་ཏེ།སྤྱི་བའི་འགྲིམ་འགྲུལ་ལམ་དུ་ནད་ཡམས་ཚོད་འཛིན་བྱེད་པའི་བྱ་བ་བརྟན་སྲུང་བྱས་ནས།ནད་ཡམས་ཚོད་འཛིན་གྱི་བྱ་བར་རྨང་གཞི་སྲ་བརྟན་བཏིངས།

ཚེ་རིང་དོན་འགྲུབ་ཀྱིས་དམེ་ཤུལ་ནགས་རའི་རིམས་ནད་རྟག་དཔྱད་ས་ཚིགས་སུ་ཉིན་ཞག་བརྒྱད་ལ་སྲུང་བ་དང་།ཁང་བའི་ཕྱི་རོལ་གྱི་དྲོད་གྲང་གོར་ཐིག་མན་གྱི་ཏུའུ་ཉི་ཤུ་ཡས་མས་ཀྱི་ཁོར་ཡུག་ཏུ་ཁོས་སྔར་བཞིན་ལས་གནས་བརྟན་སྲུང་དང་།འཐབ་ཕྱོགས་དང་པོའི་རོགས་འདེགས་མཁན་ལ་བཀོད་འདོམས་དང་།འཕྲོད་བསྟེན་བདེ་ཐང་སོགས་སྡེ་ཁག་ལ་མཉམ་འབྲེལ་བྱས་ཏེ།ཏོག་དབྱིབས་ནད་དུག་གསར་བའི་གློ་ཚའི་ནད་འགོག་སྲུང་བྱ་བ་བཟང་པོར་སྒྲུབ།

ལམ་དུ་འགྲོ་བའི་རླངས་འཁོར་ཁ་ལོ་བ་སུ་ཡིན་རུང་ཚང་མས“ཁ་ལོ་བ།ཁྱོད་བདེ་མོ།ཁྱེད་ཀྱིས་རང་དང་རང་གི་ཁྱིམ་མིའི་བདེ་ཐང་དང་།བདེ་འཇགས་ཀྱི་ཆེད་དུ་སྒོ་ཕྱི་ལ་ཉུང་འགྲོ་བྱེད་པ་དང་།སྒོ་ཕྱི་ལ་འགྲོ་ན་ཁ་ཐུམ་རྒྱག་དགོས”ཞེས་པའི་སྐད་ཆ་ཞིག་ཐོས་ཐུབ།

ནད་ཡམས་འགོག་སྲུང་དང་།ལོ་སར་སྐྱེལ་འདྲེན་གྱི་རྟོག་དཔྱོད་ས་ཚིགས་སུ་ལོ་ན་ལྔ་བཅུ་བརྒལ་བའི་འགྲིམ་འགྲུལ་ཉེན་རྟོག་པ་ཞིག་གི་བྲེལ་འཚུབ་ཀྱི་གཟུགས་བརྙན་དེ་མཐོང་ཐུབ།

ལོ་ལྔ་བཅུ་ལྷག་ལ་སླེབས་པའི་འགྲིམ་འགྲུལ་ཉེན་རྟོག་པ་རྒན་པ་ཞིག་དང་།འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་འགོ་བ་ཡིན་པའི་ཆ་ནས།རང་ཉིད་ཀྱི་བྱ་བ་རང་ཉིད་ཀྱིས་སྒྲུབ་པ་དེ་ནི་ཁོའི་བྱ་བའི་སྤྱོད་ཚུལ་ཞིག་ཡིན་པ་དང་།སེམས་མི་བདེ་བ་དེ་ཁོའི་ནང་སེམས་ཀྱི་སྐད་ཆ་དྲང་མོ་ཡིན་ལ།ཚང་མའི་ཆེད་དུ་རང་གི་ཁྱིམ་ཚང་རྒྱབ་ཏུ་བསྐྱུར་བ་དེ་ཡང་དོན་དངོས་ཤིག་ཡིན་པ་རེད།

ཁྲག་ཤེད་མཐོ་བའི་ནད་ཡོད་ཀྱང་།སྔར་བཞིན་མཚོ་ངོས་ལས་མཐོ་བའི་ས་ཁུལ་དུ་བྱ་བ་སྒྲུབ་བཞིན་པའི་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་འགོ་བ་ཚེ་རིང་དོན་འགྲུབ་ཀྱིས་རྫོང་ཡོངས་ཀྱི་མི་དམངས་ཀྱི་བདེ་ཐང་དང་།བདེ་འཇགས་ཀྱི་ཆེད་དུ་རང་གི་ཁྱིམ་མི་དང་ལྷན་འཛོམས་བྱེད་པའི་གོ་སྐབས་བསྐྱུར་བ་དང་།གནམ་གང་དགོང་མོ་ནས་ལོ་སར་ཚེས་པ་དགུ་ཉིན་བར་དུ་འཐབ་ཕྱོགས་དང་པོའི་ལས་གནས་བརྟན་སྲུང་བྱས། ཁོས་བཤད་རྒྱུར།ནད་ཡམས་ལས་རྒྱལ་མ་ཐུབ་ན།ཕྱིར་འཐེན་མི་བྱེད་ཟེར།

དམེ་ཤུལ་གྲོང་བརྡལ་དང་།ཉིན་ཤུག་གྲོང་བརྡལ།རྡོ་དཀར་མོ་ཞང་།བོན་རྒྱ་ཞང་གི་ལམ་རྒྱུད་དེ་ནི་རྩེ་ཁོག་ནས་ཀན་སུའུ་དང་།ཟི་ལིང་གྲོང་ཁྱེར་ལ་འགྲོ་ན་ངེས་པར་བརྒྱུད་དགོས་ས་ཞིག་ཡིན་པ་དང་།གནས་འདི་སྲུང་ན་རྩེ་ཁོག་རྫོང་གི་ཤར་དང་།ནུབ།བྱང་གི་སྒོ་ཆེན་སྲུང་བ་དང་འདྲ་ལ།དེང་སྐབས་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོའི་ནད་ཡམས་འགོག་སྲུང་བྱ་བའི་གནས་བབ་ཚབས་ཆེན་ཡིན་ཞིང་།ནད་ཡམས་འགོག་སྲུང་བྱ་བ་དེ་ཁ་ཚ་དགོས་གཏུག་ཞིག་ཏུ་གྱུར་འདུག

ཚེ་རིང་དོན་འགྲུབ་དང་ཁོའི་འཐབ་གྲོགས་ཚོས་དུས་ཚོད་ཉེར་བཞིའི་རིང་ལ་རྩེ་ཁོག་རྫོང་གི་ཕྱི་འགྲོ་ནང་ཡོང་གི་རླངས་འཁོར་དང་མི་སྣ་ཡོད་ཚད་ལ་རྟོག་དཔྱོད་བྱེད་དགོས་པར་མ་ཟད།འཕྲོད་བསྟེན་འགོག་སྲུང་སྡེ་ཁག་གི་སྨན་བཅོས་མི་སྣས་དུག་སེལ་དང་ཕྱི་ཡོང་མི་སྣའི་ལུས་ཕུང་ལ་རྟག་དཔྱད་དང་གནས་ཚུལ་ཐོ་འགོད་སོགས་ཀྱི་བྱ་བ་སྒྲུབ་པར་མཉམ་འབྲེལ་བཟང་པོ་བྱས་ཏེ།བྱ་བ་དེ་ཉིན་ནུབ་མེད་པར་སྒྲུབས།

མི་ལ་ལས་ཚེ་རིང་དོན་འགྲུབ་ལ་ཉིན་དཀར་བྱ་བ་སྒྲུབ་ན་ཐང་ཆད་དམ།དགོང་མོར་བྱ་བ་སྒྲུབ་ན་ཐང་ཆད་ཅེས་འདྲི་དུས།ཁོས་ཉིན་དཀར་གཙོ་བོ་བྱ་བ་མང་བ་དང་།མི་དང་རླངས་འཁོར་ལ་རྟོག་དཔྱོད་བྱེད་དགོས་པར་མ་ཟད།ད་དུང་མང་ཚོགས་ལ་དྲིལ་སྒྲོག་དང་འགྲེལ་བཤད་བྱེད་པའི་བྱ་བ་བཟང་པོར་སྒྲུབ་དགོས་ལ།དེ་ལྟར་སྒྲུབ་པ་ནི་མང་ཚོགས་ཀྱིས་ང་ཚོའི་བྱ་བར་བསམ་ཤེས་དང་རྒྱབ་སྐྱོར་བྱེད་པའི་ཆེད་ཁོ་ན་མ་ཡིན་པར་མང་ཚོགས་ཀྱིས་ཏོག་དབྱིབས་ནད་དུག་གསར་བ་འགོག་པའི་ཤེས་བྱར་རྒྱུས་ལོན་བྱས་ནས།བསམ་བློའི་སྟེང་སྣང་དོགས་མི་བྱེད་པ་གཏན་འགོག་དང་།ཁོ་ཚོའི་འགོག་སྲུང་འདུ་ཤེས་ཇེ་མཐོར་བཏང་སྟེ།ཚང་མའི་བདེ་འཇགས་ལ་ཁག་ཐེག་བྱེད་པའི་ཆེད་ཡིན་ཟེར།

ཁོས་བཤད་རྒྱུར།རང་ཉིད་ཀྱིས་དེ་དཀའ་སྡུག་ཤིག་ཏུ་འདོད་བཞིན་མེད་དེ།རྒྱུ་མཚན་ནི་ཧུའུ་པེ་ཡི་ནད་ཡམས་བྱུང་སའི་ས་ཁུལ་དུ་འཐབ་རྩོད་བྱེད་བཞིན་པའི་སྨན་པ་དང་།ཉེན་རྟོག་པར་བསྡུར་ནས་བཤད་ན།དཀའ་ཚེགས་འདི་འདྲ་ཅི་ལའང་བརྩི་སྲོལ་མེད་ཅེས་བཤད།

ཧུའུ་པེ་བུའུ་ཧན་ས་ཆ་ནས་ནད་ཡམས་བྱུང་བ་ནས་རྒྱལ་ཡོངས་མི་དམངས་ཀྱིས་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་ནད་ཡམས་འགོག་སྲུང་གི་བྱ་བའི་ཁྲོད་ཞུགས་པ་དང་།ང་ཚོས་ཀྱང་དངོས་གནས་དཀའ་ངལ་དང་གནོན་ཤུགས་ཚོར་བྱུང་ལ།སྐབས་འདིར་ང་ཚོས་སྔར་ལས་ཡིད་ཆེས་བརྟན་པོས་མཐུན་སྒྲིལ་བྱེད་དགོས་པ་དང་།རྒྱལ་ཁབ་ལ་དགའ་ན།འགག་སྒོ་སྲུང་དགོས་པས།ང་ཚོ་ཐེངས་འདིའི་ནད་ཡམས་ལས་རྣམ་པར་རྒྱལ་ངེས་ཡིན་ཞེས་ཚེ་རིང་དོན་འགྲུབ་ཀྱིས་མིག་མདངས་ལ་བརྟན་བརླིང་གི་མདངས་ཤིག་ཤར་ནས་དེ་ལྟར་བཤད།

ནད་ཡམས་ཀྱི་གནས་ཚུལ་ནི་བཀའ་རྒྱ་ལྟ་བུ་ཡིན་པ་དང་།འགོག་སྲུང་ནི་འགན་འཁྲི་ཡིན།མིའི་རིགས་ཀྱི་ལོ་རྒྱུས་ལ་ཕྱིར་ལྟ་བྱས་ཚེ།འཐབ་འཁྲུག་དང་ནད་ཡམས་གཉིས་མིའི་རིགས་འཕེལ་རྒྱས་དང་མཉམ་དུ་གནས་ཡོད་ནའང་།རྒྱུ་རྐྱེན་གང་ཞིག་གིས་ཀྱང་མིའི་རིགས་འཕེལ་རྒྱས་ཀྱི་གོམ་ཁ་ལ་འགོག་རྐྱེན་བཟོ་ཐུབ་མེད།ནད་ཡམས་བྱུང་བ་ནི་མིའི་རིགས་ཀྱི་བློ་ཤུགས་ལ་ཉམས་སད་བྱེད་པ་ཞིག་ཡིན་པ་དང་།ཚང་མས་རང་གི་ལས་གནས་བརྟན་སྲུང་བྱེད་པ་དང་།ཚེ་རིང་དོན་འགྲུབ་ལྟ་བུའི་ལས་བྱེད་པ་རྒན་པ་ཡོད་ན།ད་གཟོད་ཐེངས་འདིའི་ནད་ཡམས་ལས་རྒྱལ་ཐུབ་པར་ཡིད་ཆེས་ཡོད།

                                                                                                                ལོ་ཙཱ། ཚེ་རིང་སྒྲོལ་མ།