ཏུའུ་ལན་རྫོང་གིས་ཏང་གི་འཛུགས་སྐྲུན་ལ་བརྟེན་ནས་གློག་རྡུལ་ཚོང་དོན་ལ་སྐུལ་ཁྲིད་བྱེད་པ་དང་དབུལ་ཐར་འགག་སྒྲོལ་བྱ་བར་རོགས་འདེགས་བྱས་པ།
2020.02.10 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 15

ན་ནིང་ནས་བཟུང་སྟེ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུའུ་ལན་རྫོང་གིས་དབུལ་ཐར་གཙང་སེལ་གྱི་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་སུ་གཏོང་བ་དང་། དབུལ་ཐར་མང་ཚོགས་ཕྱིར་དབུལ་བོར་འགྱུར་བ་གཏན་འགོག་བྱེད་པ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་བཅས་བྱེད་ཕྱོགས་གཙོ་བོར་བཟུང་ནས། “ཏང་འཛུགས་སྐྲུན་དང་ཤེས་ལྡན་འཇོན་མི། གློག་རྡུལ་ཚོང་དོན་མཉམ་འབྲེལ”ཞེས་པའི་དཔེ་དབྱིབས་རྣམ་པ་ཞིག་སྤྱད་པར་མ་ཟད། ཏང་གི་འཛུགས་སྐྲུན་ལ་བརྟེན་ནས་དབུལ་ཐར་གཙང་སེལ་གྱི་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་སུ་གཏོང་བའི་བཟོ་འགོད་ཤུགས་ཆེན་པོས་ལག་བསྟར་བྱས་པས། ཞིང་སྡེ་དར་སྤེལ་གྱི་འཐབ་ཇུས་ལ་སྟོབས་ཤུགས་ཡོད་རྒུས་སྐུལ་འདེད་བྱེད་པར་སྔར་ལས་ཆེ་བའི་སྒུལ་ཤུགས་གསར་པ་ཞིག་བསྣན་ཡོད།

ཏུའུ་ལན་རྫོང་གིས་ཏང་འཛུགས་སྐྲུན་གྱི་སྐུལ་ཁྲིད་ལ་བརྟེན་ནས། གློག་རྡུལ་ཚོང་དོན་འཕེལ་རྒྱས་སུ་འགྲོ་བའི“མྱུར་བགྲོད་ལམ”ཕྱེས་ཏེ། དེ་ནས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་ཟིན་པའི་སྡེ་བ་ཞེ་གསུམ་ལ“སྡེ་བའི་ཚོང་དཔོན”དང“སྦྲག་ཐོག་ཚོང་དཔོན”ལ་སོགས་པའི་གློག་རྡུལ་ཚོང་དོན་འཕྲིན་སྟེགས་རེ་བཙུགས་པས། ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་དྲ་ཐོག་ནས་བཙོང་བར་རྨང་གཞི་བརྟན་པོ་བཏིང་བར་མ་ཟད། གློག་རྡུལ་ཚོང་དོན་འཕེལ་རྒྱས་སུ་འགྲོ་བར་ཞབས་ཞུ་སྒྲུབ་ཐུབ་པ་དང་། དབུལ་ཐར་འགག་སྒྲོལ་ལ་སྐུལ་འདེད་བྱེད་པ་དེ་ཉིད་གཞི་རིམ་གྱི་ཏང་འཛུགས་སྐྲུན་བྱ་བའི་འགན་འཁྲིའི་དམིགས་འབེན་གྲས་སུ་བཞག་ཅིང་། གནད་ཆེའི་རྒྱུ་རྐྱེན་འགན་སྲུང་དང་སྲིད་ཇུས་དར་སྤེལ་རོགས་སྐྱོར། འགན་འཁྲི་ལས་འགན། བྱ་དགའ་དང་ཆད་གཅོད་ཀྱི་ནང་རྐྱེན་བཅས་གསལ་པོ་ཞིག་བཟོས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱི་རང་འགུལ་བྱེད་སྟངས་ལ་ཁྲིད་སྟོན་བྱས། མ་དངུལ་སྒོར་ས་ཡ་གཉིས་དང་འབུམ་དགུ་ཁྲི་དྲུག་བཏང་ནས། ཏུའུ་ལན་རྫོང་གི་གློག་རྡུལ་ཚོང་དོན་འཁོར་སྐྱོད་ཚོང་གཉེར་ལྟེ་གནས་བསྐྲུན་ཚར་བ་དང་། ཞང་དང་གྲོང་རྡལ་བརྒྱད་དང་སྡེ་བ་རིམ་པའི་གློག་རྡུལ་ཚོང་དོན་ཞབས་ཞུ་ས་ཚིགས་འཛུགས་སྐྲུན་བྱས་ནས། གློག་རྡུལ་ཚོང་དོན་ཞབས་ཞུ་ས་ཚིགས་ཀྱི་སྒྲིག་གཞི་འཐུས་ཚང་དུ་བཏང་ཞིང་། ལྗང་མདོག་ལྷད་མེད་ཀྱི་བགྲོད་ལམ་ཆེན་པོ་ཞིག་གསར་འབྱེད་བྱས་ཡོད་ལ། རིགས་འདྲ་མིན་སྣ་ཚོགས་ཀྱི་ཕྱིར་འཚོང་འཕྲིན་སྟེགས་ལེགས་པར་བཙུགས་ནས། ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་ཀྱི་ཕྱིར་འཚོང་ལམ་བུ་སྔར་ལས་རྒྱ་ཆེ་རུ་བསྐྱེད་པ་དང་། མགྱོགས་མྱུར་ངང་ས་དེ་གའི་ཁྱད་ལྡན་ཐོན་རྫས་ཀྱི་ཁྱད་སྟོབས་ཅི་རིགས་དཔལ་འབྱོར་གྱི་ལེགས་ཆ་རུ་བསྒྱུར་ནས། ཁེ་ལས་དང་ཞིང་པ་ཁྱིམ་ཚང་གཉིས་ཀ་ཕན་ཚུན་སྐུལ་རེས་ཀྱིས་མཉམ་རྒྱལ་ཡོང་བ་མངོན་འགྱུར་བྱས།

ཤེས་ལྡན་འཇོན་མིའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས། གློག་རྡུལ་ཚོང་དོན་འཕེལ་རྒྱས་སུ་འགྲོ་བའི་སྒུལ་བྱེད་འཕྲུལ་འཁོར་གསར་པ་བསྐྲུན་ཡོད། “ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག”དང “བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ”ཞེས་པ་ཐེག་བྱད་བྱས་ཏེ། རོགས་ཁྲིད་ལམ་ལུགས་གསར་དུ་བཙུགས་ཤིང་། དབུལ་ཕོངས་ཞྭ་མོ་ཕུད་པའི་ཁྱིམ་ཚང་ལ་རོགས་སྐྱོར་བྱས་ནས་གློག་རྡུལ་ཚོང་དོན་གྱི་གཞི་རྩའི་རྒྱུན་ཤེས་ཁོང་དུ་ཆུད་པར་བྱེད་པ་དང་། གློག་རྡུལ་ཚོང་དོན་གྱི་ཐོན་ལས་སུ་འདྲེས་ཐུབ་པར་བྱས། རྫོང་ཡོངས་ནས་གློག་རྡུལ་ཚོང་དོན་གྱི་ཤེས་ལྡན་འཇོན་མི་མི་ཐེངས་ཉིས་བརྒྱ་དྲུག་ཅུ་གསོ་སྦྱོང་བྱས་པས། རོང་འབྲོག་ཁུལ་གྱི་གློག་རྡུལ་ཚོང་དོན་གྱི་ཤེས་ལྡན་འཇོན་མིའི་བརྩོན་སེམས་དང་ཁེ་ལས་ཀྱི་ཧུར་ཐག་རང་བཞིན་སྐུལ་སློང་གང་ནུས་བྱས་ལ། དྲ་རྒྱའི་ཕྱིར་འཚོང་གི་ནུས་པ་སྔར་ལས་མཐོར་འདེགས་བྱས་ཤིང་། ཕུལ་དུ་བྱུང་བའི་ཆས་རྟགས་སྐོར་ཞིག་དང་རང་ས་ཆའི་གློག་རྡུལ་ཚོང་དོན་གྱི་སྣེ་ཁྲིད་པ་སྐོར་ཞིག་གིས་དཔེ་སྟོན་སྣེ་འདྲེན་དང་སྐུལ་ཁྲིད་ཀྱི་ནུས་པ་ཐོན་པ་ཧ་ཅང་མངོན་གསལ་དོད་པོ་བྱུང་ཡོད་ཅིང་། ནུས་ལྡན་སྒོས་དབུལ་ཕོངས་ཁྱིམ་ཚང་དང་དབུལ་ཐར་མང་ཚོགས་རྣམས་གློག་རྡུལ་ཚོང་དོན་གྱི་ལས་ཀར་ཞུགས་པར་སྐུལ་ཁྲིད་དང་ལས་ལམ་གསར་འབྱེད་ཀྱི་ལས་ལ་འཇུག་པའི་སྤྲོ་སེམས་ཀུན་ནས་བསླངས་ཡོད།

ཆ་བསྒྲིགས་ནས་གློག་རྡུལ་ཚོང་དོན་འཕེལ་རྒྱས་འགྲོ་བའི་སེམས་སྦྲེལ་ཟམ་པ་འཕངས་ཡོད། སྡེ་བར་བཅའ་སྡོད་བྱས་པའི་དབུལ་སྐྱོར“ཧྲུའུ་ཅི་དང་པོ”འམ་ཡང་ན་སློབ་གྲྭ་ཆེན་མོ་པའི་སྡེ་དཔོན་གྱིས་དྲ་ཚིགས་ཀྱི་འགན་ཁུར་པ་གཙོ་བོའི་ལས་འགན་ཕྲག་ཏུ་བླངས་ནས། གློག་རྡུལ་ཚོང་དོན་འཕེལ་རྒྱས་གཏོང་བའི་འདོད་བློ་ཡོད་པའི་འཇོན་མི་ཁྱིམ་ཆེན་དེ་དག་ཚོང་གི་འཁོར་སྐྱོད་ནང་ཞུགས་པར་གཙོ་གནད་དུ་རོགས་སྐྱོར་བྱས་པ་དང་། གློག་རྡུལ་ཚོང་དོན་ལ་འགན་ཁུར་བའི་ལས་གཉེར་མཁན་དང་དབུལ་ཕོངས་ཁྱིམ་ཚང་། གློག་རྡུལ་ཚོང་དོན་གྱི་ཁེ་ལས་དང་དབུལ་ཕོངས་ལས་ཐར་བའི་སྡེ་བ་གཉིས་ཀྱི་བར་དུ་ཕན་ཚུན་ཆ་བསྒྲིགས་རོགས་སྐྱོར་བྱས། ངལ་རྩོལ་ནུས་པ་ཡོད་པའི་དབུལ་ཕོངས་མང་ཚོགས་རྩ་འཛུགས་བྱས་ཏེ། གློག་རྡུལ་ཚོང་དོན་གྱི་ཁེ་ལས་སུ་ཕྱིན་ནས་ཞིང་ལས་ཐོན་རྫས་ཀྱི་དབྱེ་བ་འབྱེད་པ་དང་ཐུམ་རྒྱག་པ། གསར་པ་ཉར་སྲུང་སོགས་ཀྱི་བྱ་བ་སྒྲུབ་པ་དང་། དབུལ་ཕོངས་ཁྱིམ་ཚང་དང་དབུལ་ཐར་མང་ཚོགས་ཀྱིས་གློག་རྡུལ་ཚོང་དོན་གྱི་ཐོན་ལས་ཕྲེང་སྦྲེལ་དུ་ལས་ཞུགས་བྱེད་པར་སྐུལ་ཁྲིད་བྱས་ཏེ། དབུལ་ཐར་ཁྱིམ་ཚང་ལ་མུ་མཐུད་དུ་བརྟན་བརླིང་ཡིན་པའི་ཡོང་སྒོ་འཕར་བར་བྱས། ཁྱད་ལྡན་ཞིང་ལས་ཐོན་རྫས་སྣ་འཛོམས་ཡིན་པའི་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས། གློག་རྡུལ་ཚོང་དོན་དང་ཞིང་ལས་ཀྱི་ཁྱད་ལྡན་ཐོན་རྫས་མཉམ་འདྲེས་འཕེལ་རྒྱས་འབྱུང་བ་རྒྱུན་འཁྱོངས་བྱས་པ་དང་། རིམ་བཞིན་སྲོལ་རྒྱུན་གྱི་ཕྱིར་འཚོང་དཔེ་དབྱིབས་རྣམ་པ་དག་བསྒྱུར་བཅོས་བྱས་པས། ཏང་གི་འཛུགས་སྐྲུན་ལ་བརྟེན་ནས་གློག་རྡུལ་ཚོང་དོན་ལ་སྐུལ་ཁྲིད་བྱེད་པ་དང་དབུལ་ཐར་འགག་སྒྲོལ་གྱི་བྱ་བར་རོགས་འདེགས་བྱེད་པ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་ལམ་བུ་གསར་པ་ཞིག་ཏུ་སྐྱོད་པར་ཐོག་མའི་གོམ་པ་སྤོ་ཐུབ་པ་བྱུང་ཡོད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།