ཐུན་ཏེ་རྫོང་ཐང་མགོ་གྲོང་རྡལ་གྱིས“སྡེ་བའི་ནང་དུ་བསྐྱོད་པ་བཞི”ཞེས་པའི་རིམས་འགོག་བྱ་འགུལ་སྤེལ།
2020.02.11 ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས། 454

 ཁྱོན་ཡོངས་ནས་རིམས་འགོག་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ཆེད་དུ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་ཐང་མགོ་གྲོང་རྡལ་གྱིས་རང་འགུལ་སྒོས་འགན་འཁྲི་ཕྲག་ཏུ་བླངས་ནས་སྤོབས་པ་ཆེན་པོས་གཞི་རིམ་གྱི་རིམས་འགོག་དམག་འཐབ་ལ་ཞུགས་ཏེ། གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་ཐང་མགོ་ཁྲིམས་འཛིན་ཁང་དང་། ཐང་མགོ་གྲོང་རྡལ་དཀྱིལ་སྙིང་འཕྲོད་བསྟེན་ཁང་། རྫོང་འཕེལ་རྒྱས་དང་བཅོས་བསྒྱུར་ཅུའུ་སོགས་སྡེ་ཁག་མང་པོར་མཉམ་དུ་སྐུལ་སློང་དང་མཉམ་འབྲེལ་བྱས་ཏེ། “སྡེ་བའི་ནང་དུ་བསྐྱོད་པ་བཞི”ཞེས་པའི་རིམས་འགོག་བྱ་འགུལ་སྤེལ།

གཅིག་ནས་རིམས་འགོག་ཤེས་བྱ་སྡེ་བའི་ནང་དུ་བསྐྱོད་པ། མཉམ་འབྲེལ་སྡེ་ཁག་དག་གི་ལས་བྱེད་པ་ཚང་མ་ལས་གནས་སུ་འབྱོར་ནས་རིམས་འགོག་གི་དྲིལ་སྒྲོག་བྱ་བ་གཏིང་ཟབ་ཏུ་སྤེལ་ཞིང་། རང་མོས་ཀྱིས་སྡེ་བའི་རིམས་ནད་འགོག་སྲུང་ལ་ཞུགས་ནས་གྲོང་རྡལ་ཡོངས་ཀྱི་སྡེ་བ12དང་སྡོད་ཁུལ2སོགས་མངའ་ཁོངས་ཀྱི་ཁྱིམ་ཚང་སྟོང་གཅིག་དང་སུམ་བརྒྱ་ཉེར་ལྔ་ལྷག་ལ་རིམས་འགོག་གི་ཤེས་བྱ་དྲིལ་སྒྲོག་བྱས་པར་མ་ཟད། དྲིལ་སྒྲོག་ཡིག་ཆ་སྟོང་གསུམ་དང་དྲུག་བརྒྱ་དོན་དགུ་བཀྲམ་པ་དང་། ཕན་ཐོགས་པའི་མི་གྲངས་སྟོང་དྲུག་དང་ལྔ་བརྒྱ་སོ་གཉིས་ལྷག་ལ་བསླེབས།  རིམས་འགོག་གི་དྲིལ་སྒྲོག་མ་ཐོན་ས་མེད་ལ། མ་གོ་ས་མེད་པར་གྲོང་རྡལ་ཡོངས་སུ་ཁྱབ་ཅི་ཐུབ་བྱས།

གཉིས་ནས་ཁྲིམས་ཁྱབ་ཇུས་འདོན་སྡེ་བའི་ནང་དུ་བསྐྱོད་པ། རིམས་འགོག་གི་དུས་སུ་ཁྲིམས་དང་མི་མཐུན་པའི་བྱ་སྤྱོད་སྣ་ཚོགས་སྤེལ་བར་བཀག་འགོག་བྱས་ནས། འཆམ་མཐུན་བརྟན་ལྷིང་གི་སྤྱི་ཚོགས་སྒྲིག་སྲོལ་ཞིག་ཆགས་པའི་ཆེད་དུ། ཐང་མགོ་ཁྲིམས་འཛིན་ཁང་གིས་གཙོ་བོ་དངོས་གོང་སྤར་བ་དང་། དཀྲོག་གཏམ་བཤད་པ། བསྙད་རྐོ་ཟིང་སློང་བྱེད་པ་སོགས་ཁྲིམས་འགལ་གྱི་གནས་ཚུལ་དང་འབྲེལ་ནས་འབྲེལ་ཡོད་ཀྱི་ཁྲིམས་ལུགས་དྲིལ་སྒྲོག་བྱས་པ་དང་། རིམས་འགོག་གི་དམིགས་བསལ་དུས་རིམ་འདིའི་ཁྲིམས་སྐྱོང་སྲུང་སྐྱོབ་པ་བྱས་ཏེ། མི་དམངས་མང་ཚོགས་ལ་ཁྲིམས་ཀྱི་གོ་ཆ་བསྩལ་ནས་རིམས་འགོག་གི་ལྕགས་རི་བརྟན་པོ་ཞིག་བརྩིགས་ཡོད།

གསུམ་ནས་མཉམ་སྡེབ་དུག་སེལ་སྡེ་བའི་ནང་དུ་བསྐྱོད་པ། ཚོང་ཁང་དང་། མ་ཎི་ཁང་། ཕྱུགས་རིགས་གསོ་སྤེལ་ར་བ་སོགས་ནི་འབྲོག་ཁུལ་གྱི་མི་ཚོགས་འདུ་ལོང་ཅུང་ཆེ་སའི་གནས་ཡིན་པས། དཀྱིལ་སྙིང་འཕྲོད་བསྟེན་ཁང་གིས་མཉམ་སྤེལ་དུག་སེལ་རུ་ཁག་རྩ་འཛུགས་བྱས་ཏེ། འབྲོག་ཁུལ་གྱི་རི་དང་ལུང་པ་བརྒལ་ནས་མི་ཚོགས་ཀྱི་འདུ་ལོང་ཅུང་ཆེ་བའི་གནས་བཅས་སུ་དུག་སེལ་བྱས་པར་མ་ཟད།  ཕྱུགས་ར་སོགས་སུ་ཡང་དུག་སེལ་བྱས་པའི་ཞོར་ཏུ། ས་ཆ་དེ་དག་གི་མི་དམངས་ལ“གྲོགས་པོ་མཉམ་དུ་མི་འདུ་ཞིང་། གསོལ་སྟོན་ལྷན་དུ་མི་རོལ་ལ། ཁ་ཐུམ་རྒྱུན་དུ་རྒྱག་པ་དང་། ལག་པ་གཙང་མར་བཀྲུས་ནས། རྒྱུན་པར་དུག་སེལ་བྱེད་པ་ཡི ”རིམས་འགོག་བྱ་ཐབས་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་བཏང་།

བཞི་ནི་ཁྱིམ་ཉུལ་ཞིབ་བཤེར་སྡེ་བའི་ནང་དུ་བསྐྱོད་པ། ཁྱིམ་ཚང་རེ་རེའི་མི་སྣའི་འགྲོ་འོང་གནས་ཚུལ་དང་། ཞིང་ཆེན་དང་རྫོང་གི་ཕྱི་ནས་ཡོང་བའི་མི་དང་། ཟི་ལིང་སོགས་བརྒྱུད་ནས་ཡོང་བའི་མི་དག་ལ་ནད་རྟགས་ཡོད་མེད་སོགས་ཀྱི་གནས་ཚུལ་དུས་ལྟར་ཐོ་འགོད་དང་། དེ་དག་ལ་དྲན་སྐུལ་སློབ་གསོ་གཏོང་བ། སྲིད་ཇུས་ཁྱབ་བསྒྲགས་བྱེད་པ། ཕྱི་ཡོང་མི་སྣ་ལོགས་སུ་དགར་བ་སོགས་ཀྱི་ལས་ཀ་བདེ་ལེགས་ངང་འགྲུབ་ཆེད། འཕེལ་རྒྱས་བཅོས་བསྒྱུར་ཅུའུ་སོགས་སྡེ་ཁག་མང་པོ་མཉམ་འབྲེལ་བྱས་ནས་གྲོང་རྡལ་གྱི་ཁྱིམ་ཚང597ལྷག་ལ་ཁྱིམ་ཉུལ་ཞིབ་བཤེར་བྱས་ནས། ཁྱིམ་མི་རེ་རེའི་གནས་ཚུལ་ཐོ་འགོད་གསལ་བོ་བྱས།  དེ་ལྟར་ལས་བྱེད་པ་དག་གིས་ཉིན་མཚན་ལྟོས་མེད་དུ་གཞི་རིམ་གྱི་འཐབ་ར་ལེགས་པོར་བསྲུང་ནས། རང་ཉིད་ཀྱི་སེམས་ཤུགས་དང་མཐུན་སྒྲིལ་ལ་བརྟེན་ནས་རིམས་ནད་ཀྱི་དགྲ་བའི་གདོང་བསུས་ནས། རྒྱ་ཆེའི་མི་དམངས་ཀྱི་བདེ་འཇགས་ལ་སྲོག་བསྡོས་ཀྱིས་སྲུང་སྐྱོབ་བྱེད་དང་བྱེད་མུས་སུ་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།