“རྩིས་ཐོ”ཁྱད་པར་བ་ཞིག་གི་རྒྱབ་ལོགས་ཀྱི་གཏམ་རྒྱུད།
2020.02.12 ཁུངས། ཀློག་གྲངས། 31

“ཐུག་རིང་དང་སྟབས་བདེ་ཐུག་པ་སྒམ་གང་། སྒོ་ང་སྡེར་མ་གང་། འོ་མ་དེམ་གསུམ། གོ་རེ་ཁུག་མ་གང་།”

ཉེ་བའི་ཉིན་འགའི་རིང་ལ། འདི་ལྟ་བུའི“རྩིས་ཐོ”ཁྱད་པར་བ་ཞིག་སྐད་འཕྲིན་གྱི་ནང་ཚང་མས་བརྒྱུད་བསྐུར་བྱེད་བཞིན་འདུག རྩིས་ཐོ་འདི་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཐེ་གེ་ཞང་ནས་བྱུང་བ་རེད། བྱེ་བྲག་གིས་བཤད་ན་དེ་ནི་ལོ་སར་ཚེས་གསུམ་ཉིན་ཐེ་གེ་ཞང་ནས་གསར་དུ་བཙུགས་པའི་རིམས་ནད་འགོག་སྲུང་བྱེད་སའི་ཕ་ཡུལ་དུ་ལོག་པའི་ཕྱིར་ཡོང་མི་སྣ་ཐོ་འགོད་བྱེད་སའི་རྩིས་ཐོ་རེད།

ཐེ་གེ་ཞང་མངགས་གཏོང་ཁང་ན་ལས་གནས་བརྟན་སྲུང་བྱེད་བཞིན་པའི་མཱ་ཁྲིན་ཧུའུ་ནི་རྩིས་ཐོ་འདི་འགོད་མཁན་རེད། ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོར། ཁོས་རླངས་འཁོར་ལ་རྟོག་དཔྱོད་བྱེད་བཞིན་པ་དང་། གློ་བུར་དུ།རླངས་འཁོར་ཞིག་ལམ་འགྲམ་དུ་བསྡད་བྱུང་། མཱ་ཁྲིན་ཧུའུ་ཡི་སེམས་ལ་དོགས་པ་ཞིག་ལངས་བཞིན་པའི་སྐབས་སུ། རླངས་འཁོར་ལས་གསར་བུ་ཞིག་སྒོར་བུད་བྱུང་། “ཁོ་མཱ་ཧེ་ཐའེ་སྡེ་བའི་མཱ་ཧྲིན་ཀོས་མ་ཡིན་ནམ།” མཱ་ཧྲིན་ཀོས་ཁྱིམ་མི་གང་བོས་ཐེ་གེ་ཞང་ཐོག་ཏུ་ཟ་ཁང་གཉེར་བཞིན་ཡོད་པས། ཁ་ཐུམ་བརྒྱབ་ཡོད་ཀྱང་། ཁོ་རང་ངོ་ཤེས་ཐུབ།

“མཱ་སའོ་ཀྲང་། ཁྱེད་ཚོས་དཀའ་ལས་མྱངས་སོང་། ང་ཚོས་རོགས་ཆེན་པོ་བྱེད་མི་ཐུབ་ཀྱང་། དེ་རིང་སླ་ང་དང་། ཐབ་ཀ སྔོ་ཚོད་སོགས་ཁྱེར་ནས་ཁྱེད་ཚོར་ཟ་མ་བསྐོལ་དུ་ཡོང་བ་ཡིན”ཞེས་པའི་སྐད་ཆ་ཞིག་ཐོས་བྱུང་། ལས་གྲོགས་གཞན་པ་ཚོས་ཅི་ཡིན་འདི་ཡིན་ཤེས་བཞིན་མེད་པའི་སྐབས་དེར། མཱ་ཧྲིན་ཀོས་ཡིས་ཆུང་མ་དང་བྱིས་པ་ཚོ་དང་མཉམ་དུ་མྱུར་མོར་ཟ་མ་ལས་བྱེད་ཀྱི་ཅ་ལག་རྣམས་རླངས་འཁོར་ལས་མར་བླངས།

སྒྲོག་ཙེ་ཆུང་ཆུང་དེའི་སྟེང་གྲ་སྒྲིག་བྱས་པའི་སྔོ་ཚོད་དང་ཐུག་པ་བཀང་བསྒྲིགས་ཡོད་། ཐུག་རིང་དཀའ་ཡོལ་གང་བསྐོལ་རྒྱུ་ནི་ལོ་ངོ་མང་པོར་ལས་ཀ་དེ་གཉེར་བའི་མཱ་ཧྲིན་ཀོས་ལ་མཚོན་ན་ཧ་ཅང་ལས་སླ་མོ་ཞིག་རེད།

ཚང་མ་ཟ་མ་ཟ་རུ་ཤོག་ཅེས་མཱ་ཧྲིན་ཀོས་ཡིས་ཞིབ་བཤེར་ཐོ་འགོད་ས་ཚིགས་ཀྱི་མི་སྣ་རྣམས་བོས།

མིག་མདུན་གྱི་ཐུག་རིང་ཁོལ་མ་ལ་ལྟ་བཞིན་མཱ་ཁྲིན་ཧུའུ་ཡིས་ཁ་ཐུམ་བླངས་པ་དང་། གྲང་རླུང་འདྲེས་མའི་ཁྲོད་དྲི་ཞིམ་ཞིག་ཁོའི་སྣ་ལམ་འཐུལ་ཡོང་ལ། རྣམ་པ་དེས་མ་གཞི་གཟབ་ནན་གྱི་ཐོ་འགོད་བྱེད་ས་དེ་རུ་དགའ་སྤྲོའི་ཁེངས་པ་དང་།ལས་རེས་བྱེད་བཞིན་པའི་མི་ཉི་ཤུ་ལྷག་ཡོད་པ་རྣམས་རེས་བསྐོར་ནས་གྲལ་བསྒྲིགས་ཤིང་། མི་རེ་རེའི་གདོང་ལ་འཛུམ་གྱིས་ཁེངས་འདུག

“ཐུག་རིང་དེ་འཐུང་རྗེས་ཕོ་བར་དྲོད་རྒྱས་པ་དང་། སེམས་པ་ཡང་སྔར་ལས་དྲོད་ལམ་ལམ་དུ་གྱུར”ཞེས་ཐོ་འགོད་བྱེད་ས་རུ་སྔར་བཞིན་ལས་རེས་བྱེད་བཞིན་པའི་ཐེ་གེ་ཞང་གི་ཞང་གཙོ་གཞོན་པ་ཏུའུ་བུན་ཞིན་གྱིས་དེ་ལྟར་བཤད། ཚོར་བ་དེ་དུས་ཡུན་རིང་བོར་སེམས་སུ་ཉར་ཡོད། མཱ་ཁྲིན་ཧུའུ་དང་ཏུའུ་བུན་ཞིན་སོགས་མི་སུ་ཡིན་རུང་བསམ་ཡུལ་ལས་འདས་པ་ཞིག་ལ། སེམས་པ་དྲོད་བྱེད་ཀྱི་བྱ་བ་དེ་ལྟ་བུ་རྗེས་ཀྱི་ཉིན་མ་རེ་རེའི་ནང་བྱུང་།

“སྟབས་བདེ་ཐུག་པ། འོ་མ། སྒོ་ང་། ཚོད་མ། འོ་ཇ་སོགས་ཕལ་ཆེར་ཉིན་མ་རེ་རེར་སྡེ་མི་རྣམས་ཀྱིས་བསྐྱལ་ནས་ཡོང་བཞིན་ཡོད། ང་ཚོས་ཡང་དང་བསྐྱར་དུ་ཁོ་ཚོར་བསྐྱལ་ཡོང་མི་དགོས་པར་བཤད་པ་དང་། སྡེ་བའི་ལས་བྱེད་པས་ཚོགས་འདུ་བསྡུས་ཏེ་ཟ་མ་བསྐྱལ་མི་དགོས་པར་བཤད་ཀྱང་། ཁོ་ཚོས་ཟ་མ་བསྐྱལ་རྒྱུ་མཚམས་མ་བཞག  མི་ལ་ལས་ཟ་མ་ཁོ་ཚོའི་སར་བཞག་ཏེ་བུད་འགྲོ་ལ། ང་ཚོས་བཀའ་དྲིན་ཞིག་ཀྱང་ཞུ་ཁོམ་མ་བྱུང་།”བརྩེ་བ་འདི་མི་བརྗེད་པར་བྱེད་ཆེད། མཱ་ཁྲིན་ཧུའུ་དང་འཐབ་གྲོགས་ཚོས་སྡེ་བའི་མི་རྣམས་ཀྱིས་བསྐྱལ་ཡོང་བའི་དངོས་པོ་རྣམས་ཟོན་ཐོར་བཀོད་ཡོད་པ་དང་། དེ་ལྟར་བསྒྲུབས་པའི་རྐྱེན་གྱིས་ད་གཟོད་སེམས་པ་དྲོད་བྱེད་ཀྱི་རྩིས་ཐོ་ཁྱད་པར་བ་འདི་བྱུང་བ་རེད།

གསར་འགོད་པས་བཅར་འདྲི་བྱེད་པའི་སྐབས་སུ། ཐོ་འགོད་ས་ཚིགས་སུ་དངོས་ཟོག་སྐྱེལ་འདྲེན་བྱེད་སྤྱད་ཀྱི་རླངས་འཁོར་ཆུང་བ་ཞིག་ཐོན། རླངས་འཁོར་དེ་ནི་ཧོ་ལོ་སི་གོང་མ་སྡེ་བ་ནས་ཡོང་བ་དང་། དེ་དང་ཆབས་ཅིག་དང་བླངས་པས་སླ་ང་ཆེན་པོ་ཞིག་རླངས་འཁོར་གྱི་འཁོར་སྒམ་ལས་མར་བླངས་བྱུང་།

དེ་དགོང་ཚང་མར་འཐེན་ཐུག་སྐོལ་ཡོད། དཀར་ཡོལ་དང་། ཐུར་མ་ལེན་ཞོར་དང་བླངས་པ་ལྕགས་ཐར་འཚོ་ཡིས་ལས་རེས་བྱེད་བཞིན་པའི་མི་རྣམས་འབོད་བཞིན་འདུག སྐར་མ་འགའི་རྗེས་སུ། ལས་རེས་བྱེད་བཞིན་པའི་མི་རྣམས་སྐོར་ཁག་བགོས་ནས་ཟ་མ་ཟ་རུ་སླེབས།

“ངས་བྱ་བ་བསྒྲུབས་ནས་ལོ་ངོ་སུམ་ཅུ་འགོར་ཡོད། ངས་རང་ལ་ཐོབ་པའི་གྲུབ་འབྲས་ནི་མང་ཚོགས་ཀྱིས་ང་ཚོར་བཅངས་པའི་བརྩེ་བ་དེ་ཡིན་པར་འདོད་ཡོད།” མིག་མདུན་གྱི་རྣམ་པ་དེར་ལྟ་བཞིན་ཆེས་གཞུག་མར་ཟ་མ་ཟ་བཞིན་པའི་མཱ་ཁྲིན་ཧུའུ་ཡིས་སེམས་འགུལ་ཐེབས་བཞིན་དེ་ལྟར་བཤད། ཁ་ཐུམ་བརྒྱབ་ཡོད་པའི་རྐྱེན་གྱིས་གསར་འགོད་པས་མཱ་ཁྲིན་ཧུའུ་ཡི་གདོང་གི་རྣམ་འགྱུར་མཐོང་མི་ཐུབ་ཀྱང་། མིག་མཐའ་མཆི་མས་བརླན་འདུག

                                                                                                                 ལོ་ཙཱ། ཚེ་རིང་སྒྲོལ་མ།