མདོ་ལ་རི་བོའི་ནགས་ཁྲོད་ཀྱི་རི་སྐྱེས་སྲོག་ཆགས་ཆུང་ཆུང་།
སའི་གོ་ལ་ནི་སྲོག་ཆགས་དང་རྩི་ཤིང་གྲངས་ལས་འདས་པའི་རིགས་ཀྱི་ཁྱིམ་གཞིས་ཡིན་པ་དང་། སྐྱེ་དངོས་རིགས་གཅིག་ལ་གཅིག་བརྟེན་དང་། ཕན་ཚུན་རང་གཅུན་བྱེད་པའི་ཚེ་སྲོག་གི་དྲ་བ་ཞིག་ཏུ་གྱུར་ཡོད། གལ་ཏེ་དྲ་རྒྱ་འདིའི་ནང་གི་རིམ་པ་གང་ཞིག་ལ་གཏོར་བརླག་ཐེབས་ན། སའི་གོ་ལའི་ཚེ་སྲོག་ཚང་མ་ཉེན་ཁའི་གནས་སུ་འཇུག མིའི་རིགས་ནི་དྲ་བ་འདིའི་ཁྲོད་ཀྱི་གྲུབ་ཆ་ཞིག་ཡིན་མོད། འོན་ཀྱང་ད་ལྟ། མིའི་རིགས་ཀྱི་རྒྱུན་མཐུད་མི་ཐུབ་པའི་བྱ་འགུལ་དང་། སྐྱེ་དངོས་རིགས་དང་རང་བྱུང་ཐོན་ཁུངས་གསར་སྤེལ་ཐལ་དྲགས་པ་དེས་གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་ལ་གནོད་འཚེ་བཟོ་བཞིན་ཡོད་པ་དང་། མ་འོངས་པའི་ལོ་བཅུ་ཕྲག་ཁ་ཤས་ནང་སྲོག་ཆགས་བཞི་ཆའི་གཅིག་ཙམ་རྩ་མེད་དུ་འགྲོ་བར་ཉེན་ཁ་ཡོད།
ཟླ་གསུམ་པའི་ཚེས་གསུམ་ཉིན་ནི་འཛམ་གླིང་རི་སྐྱེས་སྲོག་ཆགས་ཀྱི་ཉིན་མོ་ཡིན་ལ། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་རྒྱུན་མཐུད་སྒོས་སྲུང་སྐྱོབ་བྱེད་པ་དང་། གོ་ལ་ཧྲིལ་བོའི་སྟེང་གི་ཚེ་སྲོག་ཚང་མར་སྲུང་སྐྱོབ་བྱེད་པ་ནི་མིག་སྔར་སྤྱི་ཚོགས་ལས་རིགས་སོ་སོའི་ཐུགས་ཁུར་ཆེན་པོ་བྱེད་པའི་བྱ་བའི་གཙོ་གནད་དུ་གྱུར་ཡོད་ལ། ང་ཚོ་མིའི་རིགས་ཀྱི་ཐུན་མོང་གི་དམིགས་འབེན་ཡང་རེད།
རྒྱལ་ཁབ་ཀྱི“མཐོ་སྒང་སྐྱེ་དངོས་རིགས་ཀྱི་གཞི་རྒྱུའི་མཛོད”ལ་སྲུང་སྐྱོང་ཡག་པོ་བྱེད་པ།
སའི་གོ་ལའི་ཐོག་མིའི་རིགས་ཡོད་པ་ནས་བཟུང་། ང་ཚོའི་ལས་དབང་ནི་རི་སྐྱེས་སྲོག་ཆགས་དང་འབྲེལ་བ་དམ་ཟབ་ཡོད། སྲོག་ཆགས་ནི་སྐྱེ་དངོས་རྟེན་འབྱུང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས་སྔར་བྱུང་མྱོང་མེད་པའི་ཉམས་ཉེན་ཆེན་པོར་འཕྲད་ཡོད།
མཚོ་སྔོན་ནི་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཁུངས་ཡིན་པས།“ཀྲུང་ཧྭའི་ཆུ་མཛོད”ཅེས་པའི་མཚན་སྙན་ཡོད་ལ། རྒྱལ་ཁབ་ཀྱི་ཆུའི་ཐོན་ཁུངས་བདེ་འཇགས་སྲུང་སྐྱོང་ལ་འགན་སྲུང་བྱེད་པ་དང་ས་ཁོངས་ཀྱི་གནམ་གཤིས་ཁོར་ཡུག་སྙོམས་སྒྲིག་བྱེད་པ། བྱེ་ཐང་ཅན་དུ་འགྱུར་བར་ཚོད་འཛིན་བྱེད་པའི་སྐྱེ་ཁམས་བདེ་འཇགས་ཀྱི་གནད་འགག་གི་ས་ཁུལ་ཞིག་ཡིན་ལ། ཀྲུང་གོའི་སྐྱེ་དངོས་ས་ཁམས་ཁུལ་གྱི་བོད་ལྗོངས་མཐོ་སྒང་དང་ཧི་མ་ལ་ཡའི་གྲུབ་ཆ་ཞིག་ཀྱང་རེད། ཐུན་མོང་མ་ཡིན་པའི་ས་ཁམས་ཁོར་ཡུག་དང་གནམ་གཤིས་ཀྱི་ཁྱད་ཆོས་ཀྱིས་རི་སྐྱེས་སྲོག་ཆགས་སྣ་ཚོགས་ལ་རྒྱ་ཆེ་ཞིང་སྣ་མང་གི་འཚོ་གནས་ཁོར་ཡུག་འདོན་སྤྲོད་བྱས་པ་དང་། གོ་ལ་ཧྲིལ་པོའི་མཚོ་ངོས་ལས་མཐོ་བའི་ས་ཁུལ་གྱི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་མ་ལག་གསར་གཏོད་བྱས་ཡོད་པས། འཛམ་གླིང་གི་མཚོ་ངོས་ལས་མཐོ་བའི་ས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་གཅིག་བསྡུས་ཆེ་ཤོས་ཀྱི་ས་ཁུལ་ཞིག་ཡིན་པ་དང་། རྒྱལ་ཁབ་ཀྱི“མཐོ་སྒང་སྐྱེ་དངོས་རིགས་ཀྱི་གཞི་རྒྱུའི་མཛོད”གལ་ཆེན་ཞིག་ཀྱང་རེད།
སྡོམ་རྩིས་བྱས་པ་ལྟར་ན། མཚོ་སྔོན་གྱི་ས་ཁོངས་སུ་ཁྱབ་པའི་རི་སྐྱེས་སྲོག་ཆགས་ཀྱི་ཁྲོད། མཚོ་བོད་ས་ཁུལ་གྱི་སྲོག་ཆགས་ཀྱིས་བརྒྱ་ཆའི་བཞི་བཅུ་ཟིན་ཡོད། 2018ལོར《མཚོ་སྔོན་གྱི་སྒལ་ཚིགས་སྲོག་ཆགས་ཀྱི་རིགས་དང་ཁྱབ་ཚུལ》གྱི་ཟིན་ཐོ་གསར་བའི་ནང་། ཞིང་ཆེན་ཡོངས་སུ་རི་སྐྱེས་སྲོག་ཆགས་ཀྱི་རིགས་དྲུག་བརྒྱ་ལྔ་ཡོད་པ་དང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་རིགས་ཉེར་གཉིས་དང་། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་རིགས་རེ་གསུམ། མཚོ་སྔོན་ཞིང་ཆེན་གྱི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་རིགས་སོ་དྲུག་བཅས་ནི་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་དང་། ཀྲུང་གོའི་སྒལ་ཚིགས་སྲོག་ཆགས་ཀྱི་མིང་བྱང་དམར་པོ། ཀྲུང་གོའི་འཇིག་ཉེན་ཆེ་བའི་སྐྱེ་དངོས་རིགས་ཀྱི་མིང་བྱང་དམར་པོ། འཇིག་ཉེན་ཆེ་བའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་རྒྱལ་སྤྱིའི་ཚོང་དོན་སྤྱི་ཆིངས་ཁྲོད་ཉེན་ཁ་ཆེ་ཤོས་དང་། འཇིག་ཉེན་ཡོད་པ་བཅས་ཀྱི་རིམ་པ་ཅུང་མང་བ་དང་། གོ་ལ་ཧྲིལ་པོ་དང་རྒྱལ་ཡོངས་ཀྱི་སྲུང་སྐྱོང་དོན་སྙིང་དང་རིན་ཐང་ལྡན་པ། འཛམ་གླིང་དང་རྒྱལ་ནང་གི་དོ་ཁུར་ཆེན་པོ་ཐོབ་པ་བཅས་རེད།
དུས་ཡུན་རིང་པོའི་ནང་། ཞིང་ཆེན་ཡོངས་ཀྱི་ནགས་རྩྭ་སྡེ་ཁག་གིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་ཤེས་བྱ་དང་དེ་བཞིན་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་བ། ཁྲིམས་འགལ་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་པ་སོགས་ཀྱི་ཐད་བྱ་བ་མང་པོ་བསྒྲུབས་ཡོད་པ་དང་། རི་སྐྱེས་སྲོག་ཆགས་འཚོ་གནས་དང་འཕེལ་རྒྱས་ཀྱི་ཁོར་ཡུག་ཇེ་ལེགས་སུ་སོང་ཡོད་པ་མ་ཟད་རི་སྐྱེས་སྲོག་ཆགས་ཀྱི་རིགས་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད།
ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་ཚའེ་ཕིང་གིས་ངོ་སྤྲོད་བྱས་པ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་གྱི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་བྱེད་ཐབས་སྣ་མང་མཉམ་སྤྱོད་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་དང་རང་བྱུང་སྲུང་སྐྱོང་ས་ཁུལ་གྱི་སྲུང་སྐྱོང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བ་དང་། རང་བྱུང་ནགས་ཚལ་སྲུང་སྐྱོང་བཟོ་སྐྲུན་དང་རྨོ་བསྐྱུར་ནགས་གསོ། ཕྱུགས་སྐྱུར་རྩྭ་གསོ། རི་བཀག་ནགས་གསོ། ནགས་སྐྲུན་ལྗང་བསྒྱུར་སོགས་ཀྱི་སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་ལག་ལེན་བསྟར་རྒྱུར་སྐུལ་འདེད་བཏང་སྟེ། གང་བྱུང་དུ་རི་དྭགས་རྔོན་པ་དང་ཁྲིམས་འགལ་ངང་ཉོ་ཚོང་བྱེད་པའི་བྱ་སྤྱོད་ལ་རྒྱུན་མཐུད་སྒོས་རྡུང་རྡེག་ནན་མོ་བཏང་བས། ཐོན་ཁུངས་ལ་གཏོར་སྐྱོན་ཚབས་ཆེན་ཕོག་པའི་གནས་ཚུལ་ལ་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་བཀག་འགོག་ཐོབ་ཡོད། དེ་དང་ཆབས་ཅིག སྲུང་སྐྱོབ་དང་དྲིལ་བསྒྲགས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་། སྤྱི་དམངས་ཀྱི་སྲུང་སྐྱོང་འདུ་ཤེས་ཇེ་ཟབ་ཏུ་བཏང་བ་མ་ཟད་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་བཏོད་ནས། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་སླར་གསོ་རང་བཞིན་གྱི་འཕར་སྣོན་ལ་སྐུལ་འདེད་བཏང་སྟེ། ས་ཁོངས་གལ་ཆེན་གྱི་སྐྱེ་ཁམས་བདེ་འཇགས་ལ་ཁག་ཐེག་བྱས།
རྒྱལ་ཡོངས་ཀྱི་སྐམ་སའི་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་བརྟག་དཔྱད་ཐེངས་དང་པོ་དང་ཉེ་བའི་ལོ་ཤས་རིང་ཁོང་དུ་ཆུད་པའི་སྲོག་ཆགས་ཁག་གཅིག་གི་གཞི་རྩའི་གནས་ཚུལ་ལ་ཚོད་དཔག་རགས་ཙམ་བྱས་པ་ལྟར་ན། ཞིང་ཆེན་ཡོངས་ཀྱི་ས་ཁོངས་སུ་སྲུང་སྐྱོབ་བྱེད་པའི་རྩྭ་གཟན་རྨིག་ཐོག་གི་སྲོག་ཆགས་རིགས་བཅུ་གཅིག་དང་གྲངས་ཀ་ས་ཡ་གཅིག་ཙམ་ཡོད་པ་དང་། རྒྱུན་དུ་མཐོང་བའི་ཤ་གཟན་སྲོག་ཆགས་རིགས་དྲུག་གི་གྲངས་ཀ་ཁྲི་གཅིག་ཙམ་ཟིན་ཡོད། སྔོན་ཆད་འཇིག་ཉེན་ཆེ་བའི་གཙོད་དང་དགོ་བའི་རིགས་ལོ་ཉི་ཤུའི་ནང་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་འོག་རིམ་བཞིན་འཇིག་ཉེན་ཆེ་བའི་གནས་བབ་ལས་སྒྲོལ་ཐུབ་པ་དང་། རི་སྐྱེས་སྲོག་ཆགས་ཀྱི་གྲངས་ཀ་སླར་གསོ་བྱུང་ཚད་ཧ་ཅང་མངོན་གསལ་རེད།
ཚང་མས་མཉམ་དུ་འབད་པ་བྱས་ཏེ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཐུབ་པ་བྱེད་དགོས།
ལོ་རེར་བྱ་རིགས་ལ་གཅེས་སྤྲས་དང་བྱ་རིགས་ལ་སྲུང་སྐྱོབ་དྲིལ་བསྒྲགས་བྱ་འགུལ་སྤེལ་སྐབས་ནི་ཡིག་ལུའུ་ཆིན་བྲེལ་འཚུབ་ཆེ་བའི་དུས་སྐབས་རེད། མཚོ་སྔོན་ཞིང་ཆེན་ཁོར་ཡུག་སློབ་གསོ་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཡིན་པའི་ཡིག་ལུའུ་ཆིན་གྱིས་བྱིས་པ་ཚོ་ཁྲིད་དེ་ཟི་ལིང་ཙོང་ཆུའི་རྒྱལ་ཁབ་བརླན་སའི་སྤྱི་གླིང་དང་། མཚོ་སྔོན་པོའི་བྱ་གླིང་རྒྱལ་སྤྱིའི་བརླན་ས་གལ་ཆེན། རྐང་ཚའི་འོམ་ཆུ་རྒྱལ་ཁབ་བརླན་སའི་སྤྱི་གླིང་། ཁྲི་ཀའི་རྨ་ཆུ་དྭངས་མོའི་རྒྱལ་ཁབ་བརླན་སའི་སྤྱི་གླིང་། ཧུའུ་ཀྲུའུ་ལྷོ་སྒོའི་འགག་རྒྱལ་ཁབ་བརླན་སའི་སྤྱི་གླིང་སོགས་སུ་སོང་སྟེ།“བརླན་སའི་སྲུང་དམག་ཆུང་ཆུང”དང “བརླན་སའི་བྱ་སྒྲོའི་རྗེས་འཚོལ་བ།” “བརླན་སའི་ཡུལ་སྐོར་ལམ་བུ།” “བརླན་སའི་དང་བླངས་པ་ངས་སྐད་ཆ་བཤད་དགོས”ཞེས་པ་སོགས་རང་བྱུང་སློབ་གསོའི་བྱ་འགུལ་རབ་དང་རིམ་པ་སྤེལ། 2012ལོ་ནས་ད་བར་དུ། ཁོ་ཚོས་རིམ་རྩིས་བྱས་ན་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཁོར་ཡུག་སྲུང་སྐྱོང་སློབ་གསོ་དྲིལ་བསྒྲགས་བྱ་འགུལ་ཐེངས་ལྔ་བརྒྱ་བཞི་བཅུ་ལྷག་སྤེལ་བ་རེད།
ཡིག་ལུའུ་ཆིན་གྱིས་མིའི་རིགས་རི་སྐྱེས་སྲོག་ཆགས་དང་ལྷན་དུ་གོ་ལ་གཅིག་གི་སྟེང་དུ་འཚོ་སྡོད་བྱས་ཡོད་པ་དང་། ཕན་ཚུན་ཤ་ཉེ་དང་གྲོགས་པོ་ལྟ་བུའི་འབྲེལ་བ་ཡིན་པས། ང་ཚོས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཇེ་མཐོར་བཏང་ནས་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་དང་། ཐུན་མོང་གི་སའི་གོ་ལར་སྲུང་སྐྱོབ་བྱེད་དགོས་ཟེར།
ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གི་ལྷོ་སྒོའི་འགག་རྒྱལ་ཁབ་བརླན་སའི་སྤྱི་གླིང་དུ་གནས་པ་དང་། ས་བབ་ཧེ་བག་གི་རྐྱེན་གྱིས་ཐུན་མོང་མ་ཡིན་པའི་གངས་ལྗོངས་ཀྱི་རང་བྱུང་མཛེས་ལྗོངས་ཤིག་ཆགས་ཡོད། ལྷོ་སྒོའི་འགག་ནི་རང་རྒྱལ་གྱི་གནས་སྤོའི་འདབ་ཆགས་རིགས་ཀྱི་ནུབ་རྒྱུད་བགྲོད་ལམ་སྟེང་གི་ངལ་གསོ་བྱ་ཡུལ་དང་དབྱར་ཁར་འཚོ་སྡོད་བྱེད་ས་གལ་ཆེན་ཞིག་ཡིན་པ་དང་། དུས་མཚུངས་སུ་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ས་ཁོངས་ཀྱི་གྲས་ཤིག་ཀྱང་ཡིན། ཁྱད་པར་བའི་ཁོར་ཡུག་དང་ཕུན་སུམ་ཚོགས་པའི་སྐྱེ་དངོས་རིགས་ཀྱིས་དེ་ག་ངོ་མཚར་བའི་རང་བྱུང་སྐྱེ་ཁམས་མ་ལག་ཅིག་ཏུ་ཆགས་ཡོད།
ལྷོ་སྒོའི་འགག་བརླན་སའི་སྤྱི་གླིང་བྱ་རིགས་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་འགན་འཁུར་བས་གསར་འགོད་པར་བཤད་རྒྱུར། ལོ་རེར་མཚོ་སྔོན་ཞིང་ཆེན་ཁོར་ཡུག་སློབ་གསོ་མཐུན་ཚོགས་ཀྱིས་སློབ་གྲྭའི་དགེ་སློབ་རྩ་འཛུགས་བྱས་ནས་བྱ་རིགས་ལྟ་ཞིབ་ཚད་ལེན་ས་ཚིགས་སུ་བསྐྱོད་ནས། རྒྱང་ཤེལ་ཇི་ལྟར་སྤྱད་དེ་བརླན་སའི་བྱ་རིགས་ལ་ལྟ་ཞིབ་ཚད་ལེན་བྱེད་པ་དང་། སློབ་མ་ཚོར་བྱ་རིགས་ངོ་ཤེས་སུ་འཇུག་པ་དང་བྱ་རིགས་ལ་གཅེས་སྐྱོང་བྱེད་པ། བྱ་རིགས་ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་ཤེས་བྱ་ངོ་སྤྲོད་བྱེད་ཀྱིན་ཡོད་ཟེར། སློབ་མ་མང་པོ་ཞིག་གིས་བྱ་རིགས་ལ་ཐོག་དང་པོར་ལྟ་ཞིབ་བྱས་པ་ཡིན་པས། རྩ་ཆེའི་བྱ་རིགས་ལ་ལྟ་དཔྱད་ཚད་འཇལ་བྱས་པ་བརྒྱུད་སློབ་མའི་སློབ་གསེང་གི་ཚན་རིག་ཤེས་བྱ་ཁྱབ་གདལ་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་ཐུབ་པ་མ་ཟད། ད་དུང་སློབ་མའི་རང་བརྟེན་སློབ་སྦྱོང་གི་ནུས་པ་ཡང་ཆེ་རུ་གཏོང་ཐུབ།
རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བྱས་པའི་ཚུན་ལ། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་ཡིས་ཚོད་ལྟ་ས་ཁུལ་དུ་བྱ་འགུལ་སྤེལ་བ་དང་། ཚོད་ལྟ་ས་ཁུལ་ཞིག་གི་བྱིས་པ་ཚོར་སློབ་གསོ་བཏང་བ་བརྒྱུད་ཁྱིམ་ཚང་གཅིག་དང་ཐ་ན་ས་ཁོངས་ཤིག་གི་སྡོད་དམངས་ཀྱི་སྐྱེ་ཁམས་ཀུན་སྤྱོད་ཀྱི་འདུ་ཤེས་ཇེ་མཐོར་འགྲོ་རྒྱུར་སྐུལ་ཁྲིད་བྱས་ཡོད།
མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་ཡི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཧན་ཆང་གིས་བཤད་རྒྱུར། མདོ་ལ་རི་བོ་ནི་ཀྲུང་གོའི་ནུབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་ཞིག་ཡིན་ལ། གཞི་ཁྱོན་ཆེ་བའི་ཐང་རྒོད་གསོ་སྐྱོང་བྱས་ཡོད་པ་དང་ཐང་རྒོད་ནི་ཚེ་སྲོག་གསོ་སྐྱོང་བྱེད་སའི་དགའ་ཚལ་དུ་གྱུར་ཡོད། གནས་དེ་གའི་ཚེ་སྲོག་ཚང་མ་བདེ་ཐང་དང་སྤྲོ་སྐྱིད། འཆམ་མཐུན་བཅས་ཡིན་པས་ང་ཚོས་ངེས་པར་དུ་རང་ཉིད་ནས་མགོ་བརྩམས་ཏེ། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་དང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།
རིམས་ནད་སྔོན་འགོག་ཚོད་འཛིན་ཐད་རི་སྐྱེས་སྲོག་ཆགས་དོ་དམ་ཚོད་འཛིན་གྱི་བྱེད་ཐབས་ནན་ཏན་སྒོས་ལག་ལེན་དུ་བསྟར་དགོས།
ཏོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བ་ནས་བཟུང་། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ཞིབ་ཚགས་ཡིན་པ་དང་ཕྱོགས་ཡོངས་ནས་བཀོད་སྒྲིག་ཚད་མཐོན་པོ་བྱས་ཡོད། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ནགས་ལས་དང་རྩྭ་ཐང་སྡེ་ཁག་གིས་མགྱོགས་མྱུར་དང་ལེན་དང་འགན་འཁྲི་གཟབ་ནན་དུ་བཏང་ནས། རིམ་པ་དང་པོའི་འཕྲལ་སྒྲུབ་དང་ལེན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་དང་། མུ་མཐུད་དུ་བྱེད་ཐབས་རབ་དང་རིམ་པ་བཏོན་ནས་རི་སྐྱེས་སྲོག་ཆགས་ལ་དོ་དམ་ཚོད་འཛིན་ནན་མོ་ལག་བསྟར་བྱས། སྔར་ལས་ལྷག་པའི་སྒོ་ནས་རི་སྐྱེས་སྲོག་ཆགས་ཀྱི་རིམས་ནད་འབྱུང་ཁུངས་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དྲ་མིག་ཅན་གྱི་ལྟ་སྐུལ་དོ་དམ་ལྟ་ཞིབ་ཚད་ལེན་མ་ལག་འཐུས་ཚང་དུ་གཏོང་བ་དང་། གཙོ་གནད་ས་ཁོངས་ཀྱི་གནས་སྤོའི་དུས་བྱ་རིམས་ནད་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་བྱས་ཏེ། རི་སྐྱེས་སྲོག་ཆགས་གསོ་སྤེལ་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་ལྟ་སྐུལ་དོ་དམ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ་བཅས་བྱས་ནས། ལས་རིགས་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཏེ་གོང་འོག་ཚང་མ་མཉམ་འགུལ་བྱེད་པའི་རྣམ་པ་བཏོད་པ་རེད།
གྲོང་ཁྱེར་དང་ཁུལ་སོ་སོའི་ནགས་རྩྭ་དང་ནགས་ཚལ་སྤྱི་བདེ། ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག གཞི་རིམ་གྱི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་མི་སྣ་བཅས་རྩ་འཛུགས་བྱས་ནས། རི་སྐྱེས་སྲོག་ཆགས་ཉོ་ཚོང་ཐད་དྲ་མིག་ཅན་གྱི་ཞིབ་བཤེར་བྱས་པ་དང་། རྨ་ཆུའི་བཞུར་རྒྱུད་དང་མཚོ་སྔོན་པོའི་མཐའ་སྐོར། མདོ་ལ་རི་བོ་སོགས་རི་སྐྱེས་སྲོག་ཆགས་འཚོ་སྡོད་ས་ཁུལ་དུ་དགུན་བྱོལ་དང་གནས་སྤོའི་དུས་བྱ་ལྟ་ཞིབ་ཚད་ལེན་བྱས་པ་དང་། སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་སྔོན་འགོག་ཚོད་འཛིན་གྱི་དྲ་རྒྱ་བཙུགས་པས། མགོ་ཁུངས་ནས་རི་སྐྱེས་སྲོག་ཆགས་ཀྱི་རིམས་ནད་འབྱུང་ཁུངས་དང་རིམས་ནད་ཕྱིར་གཏོང་གི་ཐབས་ལམ་བཀག ཞིང་ཆེན་ཡོངས་ཀྱི་ནགས་ཚལ་སྤྱི་བདེ་ཡིས་ཞིང་ཆེན་ཡོངས་ཀྱི་རི་སྐྱེས་སྲོག་ཆགས་གསོ་སྤེལ་ར་བ་བརྒྱ་དང་དགུ ཤྭ་བའི་ཐོན་རྫས་ཉོ་ཚོང་དང་བེད་སྤྱོད་གཙོ་བོར་བྱས་པའི་རི་སྐྱེས་སྲོག་ཆགས་ཉོ་ཚོང་བྱ་ཡུལ་སུམ་བརྒྱ་བཅུ་ལ་ལྟ་སྐུལ་ཞིབ་བཤེར་དང་གཙང་སེལ་ལེགས་བཅོས་བྱ་བ་སྤེལ། རི་སྐྱེས་སྲོག་ཆགས་རྩ་ཆེན་དང་འཇིག་ལ་ཉེ་བའི་རིགས་ཀྱི་ཐོན་རྫས་ཁྲིམས་འགལ་ངང་ཉོ་སྒྲུབ་བྱས་པའི་གྱོད་གཞི་ཆེ་གྲས་གཅིག་རྩད་ཆོད་ནས་དོགས་ཡོད་ཉེས་ཅན་གཅིག་བཟུང་བ་དང་། བ་སོ་དང་བསེ་རུ་ར། རྨོག་ཞྭ་དང་བསེ་རུའི་ཐོན་རྫས་ལྔ་བཅུ་ལྷག་ཙམ་དང་གླ་རྩི་བཅུ་གཉིས་ཡོད་པ་བཅས་གྱོད་དོན་ལ་འབྲེལ་བ་ཡོད་པའི་རིན་ཐང་སྒོར་འབུམ་གསུམ་ཙམ་རྩད་ཆོད་པ་རེད། 《རི་སྐྱེས་སྲོག་ཆགས་མིའི་ཐབས་ལ་བརྟེན་ནས་གསོ་སྤེལ་བྱ་ཡུལ་གྱི་བདེ་འཇགས་འགོག་སྲུང་གི་བསྲུང་བྱ་དང་རྒྱུན་མཐོང་དུག་སེལ་བྱ་ཐབས》པར་འགྲེམས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་བཏང་ནས། གསོ་སྤེལ་བྱ་ཡུལ་གྱི་དུག་སེལ་འཕྲོད་བསྟེན་རིམས་འགོག་གི་བྱ་ཐབས་ཁག་སྔར་བས་དོན་འཁྱོལ་ཡག་པོ་བྱེད་དགོས། དེ་དང་ཆབས་ཅིག རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་དང་ཉེན་ཁ་དོ་དམ་ཚོད་འཛིན་གྱི་ཡུན་རིང་རྐྱེན་སྲོལ་དོ་དམ་བྱེད་ཐབས་བཅུ་གཏན་འབེབ་བྱས་པ་དང་། ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་ལྔ་བཙུགས་ནས་རི་སྐྱེས་སྲོག་ཆགས་དོ་དམ་ཚོད་འཛིན་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་རྒྱུ་ཁག་ཐེག་བྱས།
རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ཁྲོད་མི་རྣམས་ཀྱིས་བསམ་བློ་བཏང་ནས་རྨོངས་གཉིད་ལས་སད་པ་དང་བྱ་བ་དག་ཕྱོགས་ཡོངས་ནས་འཐུས་སྒོ་ཇེ་ཚང་དུ་བཏང་ཡོད། དེའི་ཐད་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། ཅུས་ཀྲང་ལི་ཞའོ་ནན་གྱིས་མྱོང་ཚོར་ཟབ་མོའི་སྒོ་ནས་མི་དང་སྲོག་ཆགས་དབར་མཛའ་མཐུན་མཉམ་གནས་བྱ་རྒྱུ་ནི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་སྔོན་འགྲོའི་ཆ་རྐྱེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དང་རང་བྱུང་ཁམས་ནི་ཚེ་སྲོག་གི་ཐུན་མོང་ཚོགས་པ་ཞིག་ཡིན་པས་རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་དང་བསྟུན་པ། རང་བྱུང་སྲུང་སྐྱོབ་བཅས་བྱ་དགོས་པ་ནན་བཤད་གནང་ཡོད། སྲོག་ཆགས་ནི་རང་བྱུང་ཁམས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་སྲོག་ཆགས་ལ་སྲུང་སྐྱོབ་བྱ་རྒྱུ་ནི་རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ནང་དོན་གལ་ཆེན་ཞིག་ཡིན་ལ། མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་ལས་འགན་གལ་ཆེན་ཞིག་ཀྱང་རེད། ཟླ་གསུམ་པའི་ཚེས་གསུམ་ཉིན་ནི“འཛམ་གླིང་གི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཉིན་མོ”ཡིན་པས་ང་ཚོས་མཉམ་དུ་འབད་བརྩོན་བྱས་ཏེ་མཚོ་བོད་མཐོ་སྒང་གི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ལ་དཔེ་སྟོན་དང་། སྐྱེ་ཁམས་འཆམ་མཐུན་དང་མི་དམངས་བདེ་སྐྱིད་ཡོང་ཆེད་འབད་བརྩོན་ལྷོད་མེད་བྱས་ཏ། ཚེ་སྲོག་གི་ཐུན་མོང་ཚོགས་པ་ཕུན་སུམ་ཇེ་ཚོགས་དང་བདེ་ཐང་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།
ལོ་ཙཱ་བ། ཤ་བོ་རིན་མཚོ།