གཅིག་གྱུར་མཐུན་སྦྱོར་དང་དཀའ་ངལ་ཁྱད་བསད་ཀྱིས་ཞིང་ཆེན་ཡོངས་ཀྱི་བཟོ་ལས་དང་ཆ་འཕྲིན་ཅན་གྱི་བྱ་བ་དེ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས།
2020.03.07 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 25

---མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་གྱི་ཐིན་ཀྲང་གཞོན་པ་ཀྲིག་ཕེན་ལ་བཅར་འདྲི་བྱས་པ།

དེང་སྐབས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བ་དམ་འཛིན་བྱེད་བཞིན་ཡོད་པ་དང་། བྱ་བ་དང་ཐོན་སྐྱེད་སླར་གསོ་དམ་འཛིན་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གོ་རིམ་ལྡན་པའི་སྒོ་ནས་སླར་གསོ་བྱེད་པར་ཤུགས་ཡོད་ཚད་འདོན་བཞིན་མཆིས།མཚོ་སྔོན་ཉིན་རེའི་ཚགས་པར་གྱི་གསར་འགོད་པས་ཚང་མས་སེམས་ཁུར་བྱེད་བཞིན་པའི་བཟོ་ལས་ཁེ་ལས་ཀྱིས་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱས་པ་དང་། ལས་གཞིའི་འཕེལ་རིམ་སོགས་འབྲེལ་ཡོད་གནད་དོན་གཙོ་བོའི་ཐད་ནས་མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་གྱི་ཐིན་ཀྲང་གཞོན་པ་ཀྲིག་ཕེན་ལ་བཅར་འདྲི་བྱས། གསར་འགོད་པས་མིག་སྔར་མཚོ་སྔོན་ཞིང་ཆེན་བཟོ་ལས་ཁེ་ལས་ཀྱི་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱས་པའི་གནས་ཚུལ་གང་འདྲ་ཡིན་པ་དང་། ཁེ་ལས་ཀྱིས་གོ་རིམ་ལྡན་པའི་སྒོ་ནས་ལས་ཀ་དང་ཐོན་སྐྱེད་སླར་གསོ་ལ་སྐུལ་འདེད་དང་མཐུན་སྦྱོར་བྱས་པའི་ཐད་ལ་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་གྱིས་བྱ་བ་གང་དག་སྒྲུབ་ཅེས་དྲིས་པར།

ཀྲིག་ཕེན་གྱིས་བཤད་རྒྱུར། ད་ལོའི་ཟླ་དང་པོ་ནས་བཟུང་།ནུས་པ་གང་ཡོད་བཏོན་ནས་རིམས་ནད་ཀྱིས་བཟོ་ལས་དཔལ་འབྱོར་ལ་ཤན་ཤུགས་ཐེབས་ཚད་ཇེ་ཉུང་དུ་བཏང་བ་དང་། མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་གྱིས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་བཀོད་སྒྲིག་དང་རེ་བ་ལྟར་དུ། རིམས་ནད་འགོག་སྲུང་ཚོད་འཛིན་ལ་དངོས་རྫས་ཀྱིས་འགན་སྲུང་བྱས་པ་དང་བཟོ་ལས་ཁེ་ལས་ཀྱི་ལས་ཀ་སླར་གསོ་བྱེད་པར་གཅིག་གྱུར་འཆར་འགོད་བྱས།ཟླ་གསུམ་པའི་ཚེས་བཞི་ཉིན་བར་དུ། ཞིང་ཆེན་ཡོངས་ཀྱི་སྒྲིག་སྲོལ་སྟེང་ཡོད་པའི་བཟོ་ལས་ཁེ་ལས་ལྔ་བརྒྱ་དང་དོན་བརྒྱད་ཁྲོད་བཞི་བརྒྱ་དང་ང་བརྒྱད་ཀྱིས་ལས་ཀ་སླར་གསོ་བྱས་ཡོད་པ་དང་།ལས་ཀ་སླར་གསོ་བྱས་པའི་ཚད་བརྒྱ་ཆའི་དོན་དགུ་གྲངས་ཆུང་གཉིས་གསུམ་ལ་སླེབས་ནས་ཟླ་གཉིས་པ་ནས་བཟུང་ལས་ཀ་སླར་གསོ་བྱས་པའི་ཚད་བརྟན་འཇགས་ཀྱིས་ཡར་འཕར་བའི་རྣམ་པ་བཟང་པོ་སྲུང་འཛིན་བྱས་ཡོད། བྱེ་བྲག་གི་བྱ་བའི་ཁྲོད།“དམ་འཛིན་ལྔ”གཙོ་བོ་བྱས་ནས་མངོན་མཚོན་བྱས་ཡོད་པ་སྟེ།

སྲིད་ཇུས་ཀྱི་འགན་སྲུང་དམ་འཛིན་བྱས།རྒྱལ་ཁབ་ཀྱི་ཁེ་ལས་ལ་ཕན་པའི་སྲིད་ཇུས་རབས་དང་རིམ་པ་དངོས་འབེབ་བྱེད་པར་དམིགས་ཏེ། ཞིང་ཆེན་སྲིད་གཞུང་ལ<ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་འཇལ་ནས་ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་དང་ལས་གཞི་གཙོ་བོས་ལས་ཀ་སླར་གསོ་བྱེད་པའི་སྲིད་ཇུས་བྱེད་ཐབས>བཟོས་ནས་ཡར་ཞུ་བྱས་པ་དང་།<ཉིས་སྟོང་ཉི་ཤུ་ལོའི་སྐོར་ཐེངས་དང་པོར་མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་གཏོང་བའི་ཆེད་དོན་མ་དངུལ་ལས་གཞི་ཡར་ཞུ་བྱེད་ཐབས>དཔར་ནས་བཀྲམས་པ་དང་།<མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་འབྲིང་ཆུང་ལ་མུ་མཐུད་དུ་དངུལ་བུན་གཏོང་བའི་འཁོར་བསྐྱོད་མ་དངུལ་གྱི་གནས་སྐབས་དོ་དམ་བྱེད་ཐབས>སོགས་དངོས་སུ་བཏོན་སྟེ།སྲིད་ཇུས་ཀྱི་མ་དངུལ་དང་།ཐོན་སྐྱེད་རྒྱུ་ཆ།མ་དངུལ་མཉམ་བསྲེས་ཞབས་ཞུ་སོགས་ཀྱི་འགན་སྲུང་ཇེ་དྲག་ཏུ་བཏང་ནས།ཕྱོགས་ཡོངས་ནས་ཁེ་ལས་ཀྱིས་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པར་རྒྱབ་སྐྱོར་བྱས།

མཐུན་སྦྱོར་མཉམ་འགུལ་དམ་འཛིན་བྱས་པ།མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས<ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོག་སྲུང་ཚོད་འཛིན་བྱེད་པའི་སྐབས་སུ་ཞིང་ཆེན་ཡོངས་ཀྱི་བཟོ་ལས་ཁེ་ལས་ཀྱི་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པའི་བྱ་བའི་བྱེད་ཐབས>དཔར་ནས་འགྲེམ་སྤེལ་བྱེད་དགོས་པའི་སྙན་ཞུ་བྱས་པ་དང་།སྒྲིག་སྲོལ་སྟེང་ཡོད་པ་དང་མེད་པའི་ཁེ་ལས་ཚང་མས་ལས་ཀ་སླར་གསོ་བྱེད་པའི་འཆར་གཞི་གཏན་འཁེལ་བྱེད་དགོས་ཤིང་།དུས་རིམ་རང་བཞིན་གྱི་དམིགས་འབེན་ལས་འགན་གཏན་འཁེལ་གསལ་བོ་བྱས་ཏེ།ཞིང་ཆེན་རིམ་པའི་སྡེ་ཁག་དང་།གྲོང་ཁྱེར།ཁུལ།ར་བ་ཁུལ་གྱི་མཐུན་སྦྱོར་མཉམ་འགུལ་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས།ཁ་གཏད་རང་བཞིན་གྱི་བྱེད་ཐབས་ལ་བརྟེན་ནས་ལས་ཀ་སླར་གསོ་བྱེད་པའི་འཕེལ་རིམ་ཇེ་མགྱོགས་སུ་བཏང་བ་དང་།ཐོན་སྐྱེད་བརྟན་འཇགས་དང་ཡོང་སྒོ་འཕར་སྣོན་ལ་སྐུལ་འདེད་བྱས།

ལྟ་སྐུལ་མཛུབ་སྟོན་ལ་དཔྱད་ཞིབ་བྱེད་པ་དམ་འཛིན་བྱས།གནད་དོན་གྱི་ཕྱོགས་སྟོན་དང་།དམིགས་འབེན་ཕྱོགས་སྟོན།གྲུབ་འབྲས་ཕྱོགས་རྒྱུན་འཁྱོངས་བྱས་ཏེ།<མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་གྱིས་བཟོ་ལས་ཁེ་ལས་ཀྱིས་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པར་ཆེད་དོན་ལྟ་སྐུལ་མཛུབ་སྟོན་དང་དཔྱད་ཞིབ་བྱེད་པའི་སྐོར་གྱི་འབྲེལ་ཡོད་བརྡ་སྦྱོར>དཔར་ནས་བཀྲམས་པ་དང་།ལྟ་སྐུལ་མཛུབ་སྟོན་དཔྱད་ཞིབ་བྱ་བའི་ཚན་ཆུང་གསུམ་གྱིས་ཟི་ལིང་དང་།མཚོ་ཤར།མཚོ་ནུབ་ཀྱི་ས་ཁུལ་གཙོ་བོ་ཁག་ཏུ་མཛུབ་སྟོན་བྱས་ནས་ཁེ་ལས་ཀྱིས་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པར་རྒྱབ་སྐྱོར་བྱས།

འབྲེལ་མཐུད་རོགས་སྐྱོར་དམ་འཛིན་བྱས།<ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོག་སྲུང་ཚོད་འཛིན་བྱེད་པའི་སྐབས་སུ་མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་གྱི་ཏང་ཨུའི་འགོ་ཁྲིད་ཀྱིས་འབྲེལ་མཐུད་ས་ཁུལ་གཙོ་བོའི་བཟོ་ལས་ཁེ་ལས་ཀྱིས་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པའི་སྐོར་གྱི་བརྡ་སྦྱོར>དཔར་ནས་བཀྲམས་པ་དང་།ཐོན་ཚད་ཀྱི་གཞི་ཁྱོན་དང་།སྐུལ་ཁྲིད་ཀྱི་ནུས་པ།ས་ཁོངས་ཁྱབ་ཚུལ་ལ་བསམ་གཞིགས་བྱེད་པ་གཞིར་བཟུང་ནས།ཐིན་རིམ་པའི་འགོ་ཁྲིད་པར་གནས་གཏན་འཁེལ་གྱི་འབྲེལ་གཏུགས་བྱེད་ས་བཅོ་ལྔ་བཀོད་སྒྲིག་བྱས་པ་དང་།རྒྱལ་ཁབ་དང་ཞིང་ཆེན་ནང་ཁུལ་ནས་བཏོན་པའི་སྲིད་ཇུས་དྲིལ་བསྒྲགས་དངོས་འབེབ་བྱེད་པར་ཤུགས་སྣོན་བྱས་ཏེ།མཉམ་འབྲེལ་གྱིས་བཀོད་གཏོང་བྱེད་པ་དང་།ཡུལ་དངོས་ནས་གཞུང་སྒྲུབ་བྱེད་པ་སོགས་ཀྱི་རྣམ་པ་སྤྱད་དེ།ཁེ་ལས་གཅིག་ལ་སྲིད་ཇུས་གཅིག་དང་།འདྲི་གཞི་གཅིག་ལ་གྲོས་སྡུར་གཅིག་བྱེད་པར་བརྟེན་ནས་ཁེ་ལས་ཀྱིས་མྱུར་དུ་ལས་ཀ་སླར་གསོ་བྱས་ཏེ།རིམས་ནད་ཀྱིས་ཤན་ཤུགས་ཐེབས་པ་ཇེ་ཉུང་དུ་གཏོང་ཅི་ཐུབ་བྱས།

གསར་སྐྲུན་ལག་ལེན་དམ་འཛིན་བྱས།ཁེ་ལས་གཙོ་བོ་རུ་འབྲེལ་གཏུགས་མི་སྣ་སྡོད་པའི་ལམ་ལུགས་ལག་བསྟར་བྱས་པ་དང་།འབྲེལ་གཏུགས་མི་སྣས་ཁེ་ལས་ཀྱི་གནད་དོན་འཚོལ་བ་དང་།ཐོ་འགོད་བྱེད་པ།བསམ་འཆར་ཐག་གཅོད་རོགས་བྱེད་པ།རྗེས་འདེད་མཐུན་སྦྱོར་ཞབས་ཞུ་སོགས་སྒྲུབས།ཁྱད་པར་དུ་སྒྲིག་སྲོལ་སྟེང་ཡོད་པ་དང་མེད་པའི་ཁེ་ལས་མཉམ་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ནས།ཁེ་ལས་ཀྱིས་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱས་པའི་ཉིན་ནས་བཟུང་བཀོད་གཏོང་བྱེད་པ་དང་།གློག་ཤུགས་འཁོར་བསྐྱོད་ཉིན་རེའི་ཚགས་པར་སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ།དངོས་རྫས་འགན་སྲུང་དང་།སྐྱེལ་འདྲེན་མཐུན་སྦྱོར།རང་བྱུང་སོལ་རླངས་མཁོ་འདོན་སོགས་ཀྱི་བྱ་བའི་རྩིས་ཐོ་བཟོས་ཏེ།རིགས་དགར་ནས་མཛུབ་སྟོན་དང་།ཁེ་ལས་ཁག་བགོས་ནས་སྲིད་ཇུས་ལག་བསྟར་བྱེད་པ།སྐོར་ཁག་བགོས་ནས་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པར་སྐུལ་འདེད་བཏང་།

གསར་འགོད་པས་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་ཁེ་ལས་མི་ཉུང་བ་ཞིག་དཀའ་ངལ་ལ་འཕྲད་པ་དང་།མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་གྱིས་གནད་དོན་དེ་ཅི་ལྟར་མཐུན་སྦྱོར་ཐག་གཅོད་བྱས་ཏེ།ཁེ་ལས་ཀྱིས་མྱུར་དུ་ཐོན་སྐྱེད་སླར་གསོ་བྱེད་པར་ཁག་ཐེག་བྱས་པ་ཡིན་ནམ་ཞེས་དྲིས་པར།

ཀྲིག་ཕེན་གྱིས་བཤད་རྒྱུར།རིམས་ནད་འགོག་སྲུང་ཚོད་འཛིན་གྱི་འཕེལ་རྒྱས་གནས་བབ་ལ་འགྱུར་ལྡོག་བྱུང་བ་དང་བསྟུན་ནས།མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་གྱིས་ཏང་ཀྲུང་དབྱང་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་།ཞིང་ཆེན་ཏང་ཨུ།ཞིང་ཆེན་སྲིད་གཞུང་བཅས་ཀྱི་རེ་བ་དངོས་འབེབ་ནན་མོ་བྱས་ཏེ།གཅིག་ནས་ཁེ་ལས་ཀྱི་གློག་སོལ་དང་།རྡོ་སོལ་བསྲེགས་མ།ལྕགས་ཕྱེ་སོགས་མ་བཅོས་རྒྱུ་ཆ་སྐྱེལ་འདྲེན་དང་བཟོ་ལས་ར་བ་ཁུལ་གྱི་ཁེ་ལས་ཀྱི་ཤར་བགྲོད་འགན་སྲུང་གནད་དོན་མཐུན་སྦྱོར་ཐག་གཅོད་བྱས།གཉིས་ནས་གློག་ཤུགས་ཀྱི་ཚད་ཇེ་བཟང་དུ་བཏང་ནས་གློག་ཤུགས་ཐད་ཀར་དུ་བརྗེ་རེས་བྱེད་པར་སྐུལ་འདེད་བཏང་བ་དང་།བརྗེ་རེས་ནང་ཞུགས་པའི་ཁེ་ལས་ཀྱིས་ཟླ་དང་པོ་དང་།ཟླ་གཉིས་པའི་ནང་གློག་བཀོལ་ཚད་ཀྱི་ཧེ་བག་ལ་དཔྱད་ཞིབ་དང་ཐག་གཅོད་བྱེད་མི་དགོས་པར་བཟོས།ཁེ་ལས་གཙོ་བོ་དང་།དཀའ་ངལ་ཅན་གྱི་ཁེ་ལས་འབྲིང་ཆུང་གིས་གློག་རིན་རྗེས་ལ་བསྣུར་བ།གློག་རིན་ཆད་ཀྱང་གློག་འདོན་སྤྲོད་བྱེད་པའི་བྱེད་ཐབས་དངོས་འབེབ་བྱེད་པར་མཐུན་སྦྱོར་བྱས།གསུམ་ནི་འབར་རླངས་ཁེ་ལས་ཀྱིས་ཁེ་ལས་གཙོ་བོས་འབར་རླངས་རིན་པ་རྗེས་ལ་བསྣུར་ནས་སྤྲོད་པའི་བྱེད་ཐབས་ལ་རྒྱབ་སྐྱོར་བྱེད་པར་མཐུན་སྦྱོར་བྱས།བཞི་ནི་ཁེ་ལས་འབྲིང་ཆུང་ལ་མུ་མཐུད་དུ་དངུལ་བུན་གཏོང་བའི་འཁོར་བསྐྱོད་མ་དངུལ་འཛུགས་པར་ཡར་སྐུལ་བྱས་ཏེ།དམིགས་བསལ་གཟིགས་སྐྱོང་སྐྱེད་ཀ་དང་།ཞིབ་བཤེར་ཆོག་མཆན་འགོད་པའི་བརྒྱུད་རིམ།བྲེལ་མྱུར་གྱི་ཤར་བགྲོད་ལམ་བུ་བཏོད་པ་སོགས་ཀྱི་བྱེད་ཐབས་ལ་སྐུལ་འདེད་བཏང་ཞིང་།མིག་སྔའི་བར་དུ།ཞིང་ཆེན་ནང་ཁུལ་གྱི་དངུལ་ཁང་བཅུ་གཅིག་གིས་ཞིང་ཆེན་ཡོངས་ཀྱི་ཁེ་ལས་ཉེར་གསུམ་ལ་ཡིད་རྟོན་དངུལ་བུན་སྒོར་མོ་དུང་ཕྱུར་བརྒྱད་དང་བྱེ་བ་དགུ་ས་ཡ་ལྔ་འདོན་སྤྲོད་བྱས།ལྔ་ནི་ཁེ་ལས་ཀྱི་མ་བཅོས་རྒྱུ་ཆ་མཁོ་འདོན་དང་།ཐོན་རྫས་སྐྱེལ་འདྲེན།ཚོང་ར་རྒྱ་སྐྱེད་པ།ལས་མི་བཀོལ་སྤྱོད་མཐུན་སྦྱོར།འགོག་སྲུང་དངོས་རྫས་འགན་སྲུང་སོགས་འབུར་ཐོན་གནད་དོན་ལ་ལྟ་རྟོག་ནན་མོ་བྱས་ནས།“ཁེ་ལས་གཅིག་ལ་རྩིས་ཐོ་གཅིག”བཟོས་ཏེ།ཁེ་ལས་ཀྱི་ཆ་འཕྲིན་དོ་མཉམ་མིན་པ་དང་།འབྲེལ་མཐུད་དམ་ཟབ་མིན་པ།ལས་ཀ་སླར་གསོ་བྱས་པ་དོ་མཉམ་མིན་པ་སོགས་ཐག་གཅོད་བྱེད་པར་རོགས་རམ་བྱས།དྲུག་ནི་ཆ་འཕྲིན་མཉེན་ཆས་དང་།སྟེགས་བུ་རྒྱ་སྐྱེད་དེ་བཀོལ་སྤྱོད་བྱེད་པའི་ཤུགས་ཚད་ཇེ་མགྱོགས་སུ་བཏང་ནས།མཉེན་ཆས་གསར་སྤེལ་ཀུང་ཟིར་མཐུན་སྦྱོར་བྱས་ཏེ།ས་ཁུལ་གཙོ་བོ་དང་།ར་བ་ཁུལ་དུ་ཁེ་ལས་ཀྱི་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པའི་དོ་དམ་མ་ལག་བཟོ་རུ་བཅུག་པ་དང་།དེས་ཕན་འབྲས་ལྡན་པའི་སྒོ་ནས་མི་སྣའི་འགྲོ་འོང་ཇེ་ཉུང་དུ་བཏང་བས།ཁེ་ལས་ཀྱིས་ལས་ཀ་སླར་གསོ་བྱེད་པར་ཞིབ་དཔྱད་ཆོག་མཆན་འགོད་པའི་དུས་ཡུན་ཇེ་ཐུང་དུ་བཏང་།བདུན་ནི་ཐབས་ལམ་མང་པོ་བརྒྱུད་དེ་རྒྱལ་ཁབ་དང་རང་ཞིང་གིས་བཏོན་པའི་ཁེ་ལས་ལ་ཕན་པའི་སྲིད་ཇུས་རབས་དང་རིམ་པ་སྒྲོག་འགྲེལ་བྱས་པར་མ་ཟད།ཆེད་དུ་མི་སྣ་བཀོད་སྒྲིག་བྱས་ནས་ཁེ་ལས་ཀྱི་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པའི་ཞབས་ཞུ་ཁ་པར“12345”བརྒྱུད་དེ་ཁེ་ལས་ཀྱི་དོ་ཁུར་ལ་ལན་སློག་པ་དང་།སྲིད་ཇུས་དངོས་འབེབ་བྱེད་པར་མཐུན་སྦྱོར་བྱས།

གསར་འགོད་པས་ད་ལོར་མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་གྱིས་ཁྱབ་ཁོངས་གཙོ་བོ་དང་གནད་འགག་གི་སྐབས་གང་དག་ཅིག་ལ་ཤུགས་འདོན་རྩིས་ཡོད་ཅེས་དྲིས་པར།

ཀྲིག་ཕེན་གྱིས་བཤད་རྒྱུར།ད་ལོར་མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་གྱིས་བརྟན་འཇགས་ཀྱི་སྒོ་ནས་འཕར་སྣོན་གཏོང་བ་དང་།དངུལ་གཏོང་ལ་སྐུལ་འདེད།མཁོ་འདོན་བཟང་པོ་བྱེད་པ།རྣམ་པ་བསྒྱུར་བ།ཡུན་རིང་ལ་འཆར་གཞི་འཐེན་པ་སོགས་ཀྱི་ཕྱོགས་གཙོ་བོར་བཟུང་ནས།ཞིང་ཆེན་ཡོངས་ཀྱི་བཟོ་ལས་དང་ཆ་འཕྲིན་ཅན་དེ་སྐས་རིམ་གསར་བ་ཞིག་དང་།འཕེལ་རྒྱས་གསར་བ་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་རྒྱུ་རེད།

གཅིག་ནས་ལྟ་སྐུལ་མཛུབ་སྟོན་དང་མཐུན་སྦྱོར་དམ་འཛིན་བྱས་ནས་ཐོག་མའི་དུས་ཚིགས་ཀྱི་མགོ་བཟང་པོ་ཚུགས་པར་ཁག་ཐེག་བྱེད་རྒྱུ་རེད།རིམས་ནད་ཀྱིས་ཞིང་ཆེན་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་འཕེལ་རྒྱས་ལ་ཤན་ཤུགས་ངན་པ་ཐེབས་པ་ཇེ་ཉུང་དུ་གཏོང་ཅི་ཐུབ་བྱས་ནས།<ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོག་སྲུང་ཚོད་འཛིན་བྱེད་པའི་སྐབས་སུ་ཞིང་ཆེན་ཡོངས་ཀྱི་བཟོ་ལས་ཁེ་ལས་ཀྱིས་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པའི་བྱ་བའི་བྱེད་ཐབས>ནན་ཏན་གྱིས་དངོས་འབེབ་བྱས་ཏེ།ཞིབ་ཚགས་ཀྱིས་འགྲེལ་བཤད་དང་སྲིད་ཇུས་དངོས་འབེབ་བཟང་པོ་བྱེད་པ་དང་།མཐུན་སྦྱོར་ལ་ཤུགས་སྣོན་བྱེད་པའི་ཚད་ཇེ་དྲག་ཏུ་བཏང་སྟེ།ཁེ་ལས་ཀྱི་དཀའ་ངལ་དང་གནད་དོན་དུས་ལྟར་མཐུན་སྦྱོར་ཐག་གཅོད་དང་།བཟོ་ལས་དཔལ་འབྱོར་གྱི་ཐོག་མའི་དུས་ཚིགས་ཀྱི་མགོ་བཟང་པོ་ཚུགས་པར་བརྩོན་ལེན་བྱས་ནས་ལོ་ཧྲིལ་བོའི་བྱ་བ་བརྟན་འཇགས་ངང་འཕར་བར་རྨང་གཞི་བརྟན་པོ་བཏིངས།

གཉིས་ནས་ལས་གཞི་གཙོ་བོ་དམ་འཛིན་བྱས་ནས་དངུལ་གཏོང་སྐུལ་འདེད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུ་རེད།མ་དངུལ་གཏོང་བ་དེས་དགོས་མཁོ་ཕྱོགས་གཉིས་ལ་ཕན་ཁེ་བསྐྲུན་པ་དང་།བསྒྱུར་གྲངས་ཕན་འབྲས་ཀྱི་འཐབ་ཕྱོགས་རང་བཞིན་གྱི་གསར་དར་ཐོན་ལས་དང་།ཁེ་ལས་ལག་རྩལ་གསར་སྐྲུན།ཐོན་ལས་སྦྲེལ་མཐུད་སོགས་ཁྱབ་ཁོངས་གཙོ་བོར་བསྲིངས་ཏེ།ཤུགས་ཡོད་ཚད་ཀྱིས་ལས་གཞི་གལ་ཆེན་ཞེ་དྲུག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ།ཤུགས་ཆེན་པོས་བཟོ་ལས་དངུལ་གཏོང་བརྟན་འཇགས་སུ་བཏང་།ས་ཁུལ་སོ་སོ་དང་།ར་བ་ཁུལ་གྱི་ལས་གཞིའི་བྱ་བ་དེ་བཟོ་ལས་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱེད་པ་ནས་དམ་འཛིན་བྱེད་པ་ཞིག་ཡིན་པའི་ཆ་ནས་མགོ་ཚུགས་ས་མཐོ་བ་དང་།སྣེ་ཁྲིད་ཀྱི་ནུས་པ་དྲག་པོ་ལྡན་པའི་དངུལ་གཏོང་ལས་གཞི་སྐོར་ཞིག་འཆར་འགོད་བྱས་ཏེ།བཟོ་ལས་ལས་གཞི་རྒྱུན་མཐུད་བྱེད་པར་ཁག་ཐེག་བྱས།

གསུམ་ནས་ཁྱབ་ཁོངས་གཙོ་བོ་དམ་འཛིན་བྱས་ནས་མཁོ་འདོན་གྱི་སྤུས་ཀ་མཐོར་འདེགས་བཏང་།བཟོ་ལས་ཁྱབ་ཁོངས་ཀྱི་མཁོ་འདོན་གྱི་གྲུབ་ཚུལ་རང་བཞིན་བཅོས་སྒྱུར་ལ་སྐུལ་འདེད་བཏང་སྟེ།གསར་སྐྲུན་ལ་བརྟེན་ནས་ལག་རྩལ་བསྒྱུར་བཀོད་བྱེད་པར་དམིགས་ཏེ།གསར་སྐྲུན་གྲུབ་འབྲས་དང་ལག་རྩལ་བསྒྱུར་བཀོད་ལས་གཞི་ལྔ་བཅུ་ལག་བསྟར་བྱས་པ་དང་།ལག་རྩལ་བསྒྱུར་བཀོད་བྱས་ཏེ་ལས་གཞིའི་སྤུས་ཀ་ཇེ་མཐོར་གཏོང་བའི་ལས་གཞི་བརྒྱ་རྩ་འཛུགས་བྱས་ནས་ལག་བསྟར་བྱས་པ་དང་།ཐོན་ལས་ཀྱིས་སྤུས་དག་ཅན་དང་།རྩེར་སོན་ཅན།ལྗང་མདོག་ཅན་གྱི་འཕེལ་རྒྱས་ཕྱོགས་སུ་རྣམ་པ་བསྒྱུར་བར་སྐུལ་འདེད་བཏང་།མུ་མཐུད་དུ་ཐོན་ནུས་འདོར་བར་སྐུལ་འདེད་བྱེད་པར་དམིགས་ཏེ།རང་ཞིང་གི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རྡོ་སོལ་ལས་རིགས་ཀྱིས་ཐོན་ནུས་ལྷག་མའི་དམིགས་ཚད་ལས་འགན་ཕྱོགས་ཡོངས་ནས་སེལ།ཁེ་ལས་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་བར་རྒྱབ་སྐྱོར་བྱས་པ་དང་།རྒྱལ་ཁབ་དང་ཞིང་ཆེན་གྱིས་བཏོན་པའི་དམིགས་བསལ་སྲིད་ཇུས་རབས་དང་རིམ་པ་དངོས་འབེབ་བཟང་པོ་བྱས་ཏེ།ཁེ་ལས་ཀྱི་ལས་གཉེར་སོ་སོའི་མ་རྩ་ཇེ་ཉུང་དུ་བཏང་།ཕན་འབྲས་ལྡན་པའི་སྒོ་ནས་ཉེན་ཁ་འགོག་སྲུང་བྱེད་པར་དམིགས་ཏེ།ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས།རིགས་དགར་ནས་མཛུབ་སྟོན་དང་།ཁེ་ལས་དགར་ནས་སྲིད་ཇུས་ལག་བསྟར་བྱས་ཏེ།“ཆེ་ཕྱོགས་བརྟན་འཇགས་དང་།གཅིག་གྱུར་འཆརམའགོད་དང་མཐུན་སྦྱོར་བྱེད་པ།རིགས་དགར་ནས་སྲིད་ཇུས་ལག་བསྟར་བྱེད་པ།གནད་ལ་འཁེལ་བའི”སྒོ་ནས་བྱ་བ་དངོས་སྒྲུབས།

བཞི་ནི་དཔལ་འབྱོར་སྣ་བཞི་དམ་འཛིན་བྱས་ནས་རིགས་བསྒྱུར་རིམ་སྤོར་ལ་སྐུལ་འདེད་བྱེད་པའི་ཤུགས་ཚད་ཇེ་མགྱོགས་སུ་བཏང་།གཙོ་བོ་ནི་སྐྱེ་ཁམས་དང་བཟོ་ལས་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས།ནུས་ཁུངས་ཁོར་སྲུང་འཕེལ་རྒྱས་དང་།ཐོན་སྐྱེད་དག་གཙང་།དག་གཙང་ནུས་ཁུངས་ཐོན་ལས།ལྷད་མེད་ར་བ་ཁུལ་རྒྱ་བསྐྱེད་པ།ལྷད་མེད་ཁེ་ལས།ལྷད་མེད་ཐོན་རྫས་དཔེ་སྟོན་བྱེད་ས་སོགས་གསོ་སྐྱོང་བྱེད་པར་སྣེ་ཁྲིད་བྱས།ནུབ་བྱང་ས་ཁུལ་གྱི་ཆེས་ཐོག་མའི་བརྙན་ཤེལ་ཞབས་ཞུ་འཁོར་བསྐྱོད་བྱས་པ་དང་།རྒྱལ་སྤྱིའི་དྲ་འབྲེལ་དྲ་ཚིགས་ཀྱི་གཞི་གྲངས་ཆེད་བཀོལ་ཤར་གཏོང་ལ་ཆོག་མཆན་ཐོབ་པའི་རྨང་གཞིའི་སྟེང་།གྲངས་ཀའི་དཔལ་འབྱོར་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བའི་བསམ་འཆར་དང་འཆར་འགོད་མྱུར་དུ་དངོས་འབེབ་བྱས་ཏེ།“1119”ཡི་གྲངས་ཀའི་དཔལ་འབྱོར་མ་ལག་བཙུགས།

ལྔ་ནི་འཆར་འགོད་སྒྲིག་བཟོ་དམ་འཛིན་བྱས་ཏེ།ཡུན་རིང་ལ་དམིགས་ནས་བཀོད་སྒྲིག་བྱས།རྒྱལ་ཁབ་ཀྱི་སྲིད་དོན་ཆེན་མོའི་བྱེད་ཕྱོགས་དང་འཚམ་པ་དང་།ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་འགོད་རྩེ་གྲས་དང་འཚམ་པ།ད་ལྟའི་ཐོན་ལས་དང་ཁེ་ལས་འཕེལ་རྒྱས་ཀྱི་དངོས་ཡོད་རྩ་དོན་དང་འཚམ་དགོས་པ་ལྟར།“ལོ་ལྔའི་འཆར་གཞི་བཅུ་བཞི་བའི”བཟོ་ལས་ཆ་འཕྲིན་དང་རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་དངརྒྱལ་ཁབ་ལ་དབང་བའི་ཁེ་ལས་བཅོས་བསྒྱུར་འཕེལ་རྒྱས་ཀྱི་འཐབ་ཕྱོགས་བདམས་གསེས་བྱེད་པ་དང་།ཐོན་ལས་བཀོད་སྒྲིགལས་གཞི་གལ་ཆེན།སྲིད་ཇུས་འགན་སྲུང་སོགས་ཐད་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ།མདུན་ལྗོངས་ཡོད་པ་དང་།མཛུབ་སྟོན་རང་བཞིན་ལྡན་པ།བཀོལ་སྤྱོད་བྱེད་ཆོག་པའི་འཕེལ་རྒྱས་འཆར་འགོད་བཟོ་བར་འབད་བརྩོན་བྱས་ནས།ཞིང་ཆེན་ཡོངས་ཀྱི་བཟོ་ལས་དང་ཆ་འཕྲིན་ཅན།རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་དང་རྒྱལ་ཁབ་ལ་དབང་བའི་ཁེ་ལས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བར་ཚན་རིག་དང་མཐུན་པའི་སྒོ་ནས་བརྩི་སྲུང་དང་རམ་འདེགས་བྱེད་པར་སྐུལ་འདེད་བཏང་།

                                                                                                                   ལོ་ཙཱ། ཚེ་རིང་སྒྲོལ་མ།