ནུས་ཤུགས་ཡོད་རྒུས་རིམས་ནད་ཀྱི་ཤུགས་རྐྱེན་སེལ་ཏེ་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་དགོས།
2020.03.17 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 31

 མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཏང་ཞའོ་ཡུང་ལ་བཅར་འདྲི་བྱས་པའི་གནས་ཚུལ།

མིག་སྔར།   ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བ་དམ་འཛིན་བྱེད་བཞིན་ཡོད་པ་དང་། ལས་ཀ་དང་ཐོན་སྐྱེད་སླར་གསོ་དམ་འཛིན་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གོ་རིམ་ལྡན་པའི་ངང་སླར་གསོ་བྱེད་པར་ནུས་ཤུགས་ཡོད་ཚད་འདོན་བཞིན་མཆིས།  མཚོ་སྔོན་ཉིན་རེའི་ཚགས་པར་གྱི་གསར་འགོད་པས་ཚང་མས་སེམས་ཁུར་བྱེད་བཞིན་པའི་སྲིད་ཇུས་དངོས་འབེབས་དང་།   ལས་གཞིའི་འཕེལ་རིམ་སོགས་འབྲེལ་ཡོད་གནད་དོན་གཙོ་བོའི་ཐད་ནས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཏང་ཞའོ་ཡུང་ལ་བཅར་འདྲི་བྱས།

གསར་འགོད་པས་ཁེ་ལས་ཀྱིས་གོ་རིམ་ལྡན་པའི་ངང་ལས་ཀ་དང་ཐོན་སྐྱེད་སླར་གསོ་དང་ལས་གཞི་གལ་ཆེན་སླར་གསོ་བྱེད་པར་སྐུལ་འདེད་གཏོང་ཆེད། མཚོ་སྔོན་ཞིང་ཆེན་གྱིས་སྔ་གཞུག་ཏུ་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་འགྲེམ་སྤེལ་བྱས་ཡོད་པས། ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་སྲིད་ཇུས་སྣ་ཚོགས་དོན་འཁྱོལ་བྱེད་པའི་ཐད་ལ་སྐུལ་འདེད་ཅི་ལྟར་བྱས་པ་ཡིན་ཞེས་དྲིས་པ་ན།

ཏང་ཞའོ་ཡུང་གིས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིམས་ནད་ཚན་རིག་ལྟར་འགོག་བཅོས་ཚོད་འཛིན་བྱེད་པར་ཤུགས་སྣོན་དང་། ཁེ་ལས་ཀྱི་ལས་ཀ་དང་ཐོན་སྐྱེད་སླར་གསོ་ བྱ་བ་གོ་རིམ་ལྡན་པའི་ངང་ལེགས་པོར་སྒྲུབ་པའི་སྐོར་གྱི་བཀོད་སྒྲིག་མཐའ་གཅིག་ཏུ་དངོས་འབེབས་བྱས་ཏེ། ཡོངས་ཁྱབ་ཏུ་བསམ་འཆར་དང་གྲོས་གཞིར་ཉན་པ་དང་ཁྲིམས་བསྟར་ཚན་རིག་ཞིབ་འཇུག་གི་རྨང་གཞིའི་སྟེང་། སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་གཏན་ལ་ཕབ་ཡོད། སྲིད་ཇུས་དང་བྱེད་ཐབས་འདི་དག་གིས་ཀྲུང་དབྱང་གི་དགོངས་དོན་ཇི་མ་ཇི་བཞིན་དུ་དངོས་འབེབས་བྱེད་པ་དང་ཞིང་ཆེན་གྱི་གནས་ཚུལ་དང་ཟུང་འབྲེལ་ལེགས་པོ་བྱས་ཏེ། མིག་སྔར་རིམས་ནད་འགོག་བཅོས་ཚོད་འཛིན་དེ་སྔར་བཞིན་གནད་འགག་གི་གནས་སུ་ཡོད་པའི་དོན་དངོས་དམ་འཛིན་དང་། ཡང་སྔོན་ལོའི་ལས་ཀ་དང་ཐོན་སྐྱེད་སླར་གསོའི་ཆོས་ཉིད་ལ་བསམ་གཞིགས་བཏང་བར་མ་ཟད། ལྷག་པར་དུ་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་དམ་འཛིན་བྱས་ཡོད། དེ་ནི་མཚོ་སྔོན་ཞིང་ཆེན་གྱིས་རིམས་ནད་འགོག་བཅོས་དང་དམངས་ཚིས་འགན་སྲུང་། དཔལ་འབྱོར་བརྟན་འཇགས། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་དམིགས་འབེན་མང་པོ་སྙོམས་སྒྲིག་བྱེད་པའི་ཕྱོགས་བསྡུས་བྱེད་ཐབས་ཤིག་ཡིན།

མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་སྤྱི་འདོམས་ཀྱི་ནུས་པ་འདོན་སྤེལ་ལེགས་པོ་བྱས་ཏེ། དོན་འཁྱོལ་བཞི་ཡིས་སྲིད་ཇུས་དངོས་འབེབ་བྱེད་པར་སྐུལ་འདེད་བཏང་ཞིང་། འབད་བརྩོན་སྒོས་དཀའ་ཁག་གི་མདུན་ནས་སྲིད་ཇུས་སྔོན་ལ་ལག་བསྟར་བྱས། གཅིག་ནི་སྲིད་ཇུས་བྱེ་བྲག་ཏུ་དོན་འཁྱོལ་བྱས། དུས་སྐབས་སྔོན་མར་སྣེ་ཁྲིད་དེ་སྲིད་ཇུས་དང་བྱེད་ཐབས་ཉེར་བདུན་གཏན་འབེབས་བྱས་པའི་རྨང་གཞིའི་སྟེང་། ཡང་བསྐྱར་གནས་བབ་གཞིར་བཟུང་ཏེ་དོན་ཚན་ཉེར་གཉིས་ཀྱི་ཁ་གསབ་གཏན་འཁེལ་འགྲེམ་སྤེལ་བྱས་ཏེ། ལས་གཞི་གལ་ཆེན་སླར་གསོ་དང་བདེ་འཇགས་ཐོན་སྐྱེད་འགན་སྲུང་། རིམས་ནད་འགོག་བཅོས་ཚོད་འཛིན། རྟོག་ཞིབ་སློབ་སྟོན། ཆེད་དོན་དཔྱད་ཞིབ། བྱ་དགའ་ཆད་གཅོད་སོགས་བྱ་བའི་ཇུས་གཞི་གྲུབ་པར་བྱས་པ་དང་། བྱེད་ཐབས་གཅིག་དང་གཏན་འཁེལ་གཅིག་གི་ཇུས་གཞི་མང་པོའི་སྲིད་ཇུས་མ་ལག་བཙུགས་ཏེ། སྲིད་ཇུས་གྱི་སྟོབས་ཤུགས་ཆགས་ཡོད།

གཉིས་ནི་རྩ་འཛུགས་ཀྱི་འགན་སྲུང་དོན་འཁྱོལ་བྱས། མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་དང་ཚོང་ལས་གཉེར་མགོ་རྩོམ་པ་དང་ལས་གཞི་གལ་ཆེན་སླར་གསོའི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ། ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་ཚན་ཆུང་བརྒྱད་བཙུགས་ཤིང་། དེའི་ནང་གི་ཕྱོགས་བསྡུས་མཐུན་སྦྱོར་ཚན་ཆུང་གིས་ཆེད་དུ་གོང་འོག་འབྲེལ་མཐུད་དང་ཆ་འཕྲིན་ཕྱོགས་བསྡུས། སྲིད་ཇུས་ཞིབ་འཇུག  ཕྱི་ཕྱོགས་དྲིལ་སྒྲོག་སོགས་ཕྱོགས་བསྡུས་རང་བཞིན་གྱི་ལས་ཀའི་འགན་འཁུར། ཆེད་དོན་འབྲེལ་གཏུག་ཚན་ཆུང་བདུན་གྱིས་སོ་སོར་ཞིང་ཆེན་གྱི་ལས་གཞི་གལ་ཆེན་འཛུགས་སྐྲུན་དང་བཟོ་ལས་དཔལ་འབྱོར་འཁོར་སྐྱོད། འགྲིམ་འགྲུལ་བསྐྱེལ་འདྲེན། ཨར་ལས་འཛུགས་སྐྲུན། ཞིང་ལས་ཐོན་སྐྱེད། ཉོ་ཚོང་འཁོར་རྒྱུགས། དངུལ་རྩའི་ཞབས་ཞུ་བཅས་དང་འབྲེལ་མཐུད་བྱས་ཏེ། ནོར་སྲིད་དང་དངུལ་རྩ། ཁྲལ་བསྡུ། ལས་ཞུགས་སོགས་ཀྱི་སྲིད་ཇུས་སྣ་ཚོགས་དངོས་འབེབས་བྱེད་པར་མཐུན་སྦྱོར་བྱས་ནས། སྟོབས་ཤུགས་ཡོད་རྒུས་ཁེ་ལས་ཀྱི་དཀའ་ཁག་སེལ་རོགས་བྱས།

གསུམ་ནི་ལན་སློག་དོ་ཁུར་དོན་འཁྱོལ་བྱས། 12345ཡི་ཞབས་ཞུའི་ཁ་པར་དང་མཚོ་སྔོན་གྱི་ཐོན་སྐྱེད་དང་ལས་ཀ་སླར་གསོའི་ཞབས་ཞུའི་དྲ་བ། སྐད་འཕྲིན་སྤྱི་སྟེགས་བཅས་བཙུགས་ནས། རིགས་དང་རིམ་པ་མི་འདྲ་བའི་སྒོ་ནས་ཞབས་ཞུ་སྒྲུབ་པ་དང་། དུས་ཐོག་ཏུ་སྤྱི་ཚོགས་ཀྱི་རེ་ཞུར་ལན་བཏབ།

ཟླ་གསུམ་པའི་ཚེས་གསུམ་ཉིན་གྱི་དུས་ཚོད་བཅོ་བརྒྱད་བར། བསྡོམས་པས་ཁེ་ལས་དང་མང་ཚོགས་ཀྱི་རེ་ཞུ་ཡི་གེ་སྟོང་གསུམ་དང་བཞི་བཅུ་ཞེ་བརྒྱད་འབྱོར་བ་དང་། བསྡོམས་པས་རེ་ཞུ་ཡི་གེ་སྟོང་གསུམ་དང་བཅོ་ལྔ་ཐག་གཅོད་བྱས་ཤིང་། ཐག་གཅོད་བྱས་ཚད་བརྒྱ་ཆའི་གོ་བརྒྱད་དང་གྲངས་ཆུང་དགུར་བསླེབས་ཡོད། གཞི་གྲངས་ཆེན་མོའི་བྱེད་ཐབས་བེད་སྤྱོད་ལེགས་པོ་བྱས་ཏེ་རིམས་ནད་འགོག་བཅོས་ཚོད་འཛིན་དང་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པར་རྒྱབ་སྐྱོར་བྱས།

བཞི་ནི་དྲིལ་སྒྲོག་འགྲེལ་བཤད་དོན་འཁྱོལ་བྱས། དྲ་ངོས་དྲ་ཕྱི་དུས་མཉམ་དང་དྲིལ་སྒྲོག་འགྲེལ་བཤད་ཟུང་འབྲེལ་རྒྱུན་འཁྱོངས་བྱས་ཏེ། སྔ་གཞུག་ཏུ་སྲིད་ཇུས་དང་བྱེད་ཐབས་ཉེར་བདུན་དང་ཁ་གསབ་གཏན་འཁེལ་དོན་ཚན་ཉེར་གཉིས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་བ་དང་། ཞིང་ཆེན་ནང་ཁུལ་གྱི་སྨྱན་བྱད་ལ་འབྲེལ་གཏུག་བྱས་ཏེ་རྣམ་པ་མང་པོ་དང་ཕྱོགས་མང་པོ་ནས་དྲིལ་སྒྲོག་འགྲེལ་བཤད་བྱས་པར་མ་ཟད། 《སྒྲོག་འགྲེལ་ལག་དེབ》ཁྲི་གཉིས་པར་སྐྲུན་བྱས་ཏེ། ཚོང་ར་གཙོ་བོ་དག་གིས་སྲིད་ཇུས་ཀྱི་ཁེ་སྤོགས་དངོས་ལོངས་དུ་སྤྱོད་ཐུབ་པར་ཁག་ཐེག་བྱས།

གསར་འགོད་པས་མ་དངུལ་ནི་མཚོ་སྔོན་ཞིང་ཆེན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འདེགས་སྐྱོར་གལ་ཆེན་ཞིག་རེད། ལས་གཞི་མགོ་མ་བརྩམས་ན་མ་དངུལ་བརྟན་འཇགས་མི་ཡོང་བས། ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ལས་གཞི་གལ་ཆེན་སླར་གསོ་ལ་སྐུལ་འདེད་བྱེད་པའི་ཐད་ལ་བྱ་བ་གང་དག་སྒྲུབ་པ་ཡིན་ཞེས་དྲིས་པ་ན།

ཏང་ཞའོ་ཡུང་གིས་བཤད་རྒྱུར། ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་དུས་ཐོག་ཏུ་བྱ་བ་གཙོ་བོ་དེ་རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་པ་ནས་ཕྱོགས་གཉིས་དམ་འཛིན་དང་ཕྱོགས་གཉིས་འགོར་འགྱངས་མི་བྱེད་པ།   གཉིས་ཀར་སྐུལ་འདེད་བྱེད་པའི་ཕྱོགས་སུ་བཞག་ཏེ། འགག་སྒྲོལ་དམ་འཛིན་དང་དུས་ཚོད་དམ་འཛིན། མྱུར་ཚད་དམ་འཛིན་སྒོས་ལས་གཞི་གལ་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཀྱི་བྱ་བ་སྒྲུབ་པ་ཡིན།

གཅིག་ནི་གནད་འཁེལ་གྱི་ཞབས་ཞུ་སྒྲུབ། ཞིབ་བཤེར་མཆན་འགོད་མྱུར་ཚད་ཇེ་མགྱོགས་སུ་བཏང་ཏེ། ནུས་ཤུགས་ཡོད་རྒུས་ཞིང་ཆེན་རིམ་པའི་སྡེ་ཁག་གི་ཞིབ་བཤེར་མཆན་འགོད་མ་ལག་བཙུགས་པ་དང་། གཙོ་བོ་ཞིང་ཆེན་སྲིད་གཞུང་གིས་གཏན་ལ་ཕབ་པའི་དུས་ཚིགས་དང་པོའི་ལས་གཞི་གལ་ཆེན་ཉིས་བརྒྱ་དང་གོ་ལྔར་སྐུལ་འདེད་བཏང་བར་མ་ཟད་ཞིབ་བཤེར་མཆན་འགོད་བྱས་ཏེ། སྟབས་བདེ་གང་ལེགས་བསྐྲུན་ཡོད། ལས་གཞི་གལ་ཆེན་ལ་ཉིན་རེ་རེར་བཀོད་གཏོང་བྱེད་པའི་ལམ་ལུགས་བཙུགས་པ་དང་། ནུས་ཤུགས་ཡོད་རྒུས་རྡོ་སྲོལ་དང་གློག  སྣུམ་རླངས་སོགས་ཀྱི་རྒྱུ་ཆ་དང་ཨར་ལས་རྒྱུ་ཆའི་སྐབས་བསྟུན་བསྐྱེལ་འདྲེན་འགན་སྲུང་དམ་འཛིན་བྱས་ནས། ལས་གཞིའི་མྱུར་ཚད་དང་དགོས་མཁོ་ཁག་ཐེག་བྱས་ཡོད།

གཉིས་ནི་གནད་ཁེལ་སྒོས་སྐུལ་སྤེལ་བྱས། བྱ་བའི་ཆེད་ཚན་སྒྲིག་འཛུགས་བྱས་ནས། ཟླ་བཞི་བའི་ཟླ་མཇུག་གི་སྔོན་ལ་སླར་གསོ་བྱེད་རྩིས་ཡོད་པའི་ལས་གཞི་གལ་ཆེན་བརྒྱད་ཅུ་ལྷག་གི་ལས་གཞི་རེ་རེར་རིམས་ནད་འགོག་བཅོས་ཚོད་འཛིན་དང་བདེ་འཇགས་ཐོན་སྐྱེད། གཙོ་རྒྱུ་འགན་སྲུང་། སླར་གསོའི་དུས་ཚོད། དངུལ་གཏོང་འཕེལ་རིམ། ལས་མི་བཀོལ་སྤྱོད་ཀྱི་མི་གྲངས་བཅས་དངོས་འབེབས་དང་མཐུན་སྦྱོར་བྱས། འབད་བརྩོད་བྱས་པ་བརྒྱུད་དེ། མཚོ་སྔོན་སྣུམ་ཞིང་མ་རྐང་ཚད་ཡོད་ཀུང་ཟིའི་སྣུམ་རླངས་ཐོན་ཁུངས་རྩད་ཞིབ་གསར་སྤེལ་དང་གཏེར་ལེན་ཁ་ཡི་གཞུང་ལམ་སོགས་ལས་གཞི་གལ་ཆེན་ཉེར་གཅིག་སླར་གསོ་བྱས་པར་མ་ཟད། ད་དུང་ལས་གཞི་འགའ་སླར་གསོ་བྱེད་པའི་ཆ་རྐྱེན་འཛོམས་ཡོད་པས། མི་འགྱངས་བར་སླར་གསོ་བྱེད་རྒྱུ་ཡིན།

གསུམ་ནི་གནད་ཁེལ་སྒོས་འབྲེལ་མཐུད་བྱས། ལོ་ཧྲིལ་བོའི་དངུལ་གཏོང་དབྱེ་འབྱེད་ཇུས་གཞི་བཏོན་ནས། ས་གནས་སོ་སོ་དང་སྡེ་ཁག་སོ་སོའི་ལས་གཞིར་ཡང་བསྐྱར་མཐུན་སྦྱོར་དང་ཡང་བསྐྱར་རྩད་ཞིབ། ཡང་བསྐྱར་འབྲེལ་མཐུད། ཡང་བསྐྱར་དངོས་འབེབས་བཅས་བྱས། རིམ་པ་སོ་སོའི་འཕེལ་རྒྱས་བཅོས་སྒྱུར་སྡེ་ཁག་གིས་དུས་འགོའི་བྱ་བ་དམ་འཛིན་དང་མཐུན་སྦྱོར་དམ་འཛིན། དངོས་འབེབས་དམ་འཛིན་བཅས་བྱས་ཏེ། དུས་ཚིགས་དང་པོའི་ལས་གཞི་སླར་གསོའི་རྩིས་ཐོ་དང་བྱ་བའི་འཆར་གཞི་གཏན་འབེབས་བྱེད་པ་དང་། མ་དངུལ་དང་དངུལ་བསྡུ། ཆེད་དམིགས་བུན་དངུལ། ས་ཞིང་སོགས་ཀྱི་འབྲེལ་མཐུད་བྱེད་ཚད་ཇེ་དྲག་ཏུ་བཏང་ཏེ། སྔ་མོ་ནས་དོན་འཁྱོལ་བྱེད་པར་ཡར་སྐུལ་བཏང་ཡོད།

གསར་འགོད་པས་ད་ལོ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་ལོ་ཡིན་པས། ལས་འགན་ཧ་ཅང་ལྕི། དེས་ན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ནུས་ཡོད་སྒོས་རིམས་ནད་ཀྱི་ཤུགས་རྐྱེན་སེལ་ཏེ། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ཇི་ལྟར་ཁག་ཐེག་བྱེད་རྒྱུ་ཡིན་ཞེས་དྲིས་པ་ན།

ཏང་ཞའོ་ཡུང་གིས་བཤད་རྒྱུར། ད་ལོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་ཧ་ཅང་ལྕི་ཞིང་། ནང་སྒོས་སུ་ཏོག་གསར་གློ་ཚད་རིམས་ནད་ཀྱིས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཤུགས་རྐྱེན་ངེས་ཅན་བཟོས། ཡིན་ན་ཡང་། ཤུགས་རྐྱེན་དེ་ནི་གནས་སྐབས་ཙམ་ཞིག་ཡིན་པས། དཔལ་འབྱོར་བརྟན་བརླིང་ངང་འཕེལ་རྒྱས་དང་ཡུན་རིང་འཕེལ་རྒྱས་འགྲོ་བའི་གཞི་རྩའི་ཁ་ཕྱོགས་གཏན་ནས་འགྱུར་མི་སྲིད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བཏོན་པའི“དཔེ་སྟོན་ལྔའི་ཞིང་ཆེན”འཛུགས་སྐྲུན་དང“དཔལ་འབྱོར་གྱི་རྣམ་པ་བཞི”ཡི་ཁྲིད་ཕྱོགས་ཀྱིས་ནུས་ཡོད་སྒོས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གྱི་རིགས་བསྒྱུར་རིམ་སྤར་ལ་སྐུལ་ཁྲིད་བྱེད་ངེས། དུས་མཚུངས་སུ་སྤུས་ཚད་མཐོན་པོས་རྒྱུད་གཅིག་ལམ་གཅིག་མཉམ་དུ་འཛུགས་སྐྲུན་དང་། དུས་རབས་གསར་བར་ནུབ་རྒྱུད་གསར་སྤེལ་ཆེན་པོའི་རྣམ་པ་གསར་བ་གྲུབ་པ། རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་དེ་དག་གིས་མཚོ་སྔོན་གྱི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྩལ་ཡོད།

ཐེངས་རྗེས་མར་ང་ཚོས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་ཁྱབ་ཁོངས་གཙོ་བོར་དམིགས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བ་སྣ་ཚོགས་གཅིག་གྱུར་གྱིས་དམ་འཛིན་བྱེད་པ་དང་། ཤུགས་ཆེན་པོས་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པར་སྐུལ་འདེད་གཏོང་དགོས།

གཅིག་ནི་ཚན་རིག་ལྟར་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཆར་འགོད་བཟོ་སྒྲིག་བྱ་དགོས།  “ཆེ་ཕྱོགས་གཉིས”དམ་འཛིན་བྱེད་པར་མཐོང་ཆེན་བྱས་ཏེ། དུས་རིམ་རང་བཞིན་གྱི་ཁྱད་ཆོས་ཡང་དག་པས་ཁོང་དུ་ཆུད་པར་བྱེད་པ་དང་། སྤུས་ཚད་མཐོན་པོས“ལོ་ལྔའི་འཆར་གཞི་བཅུ་བཞི་བའི་འཆར་འགོད”ཀྱི་རྩ་གནད་འཆར་ཟིན་བཟོ་སྒྲིག་བྱེད་པ། ཆེད་དོན་འཆར་འགོད་བཟོ་སྒྲིག་དུས་མཉམ་དུ་སྐུལ་སྤེལ་བྱས་ཏེ། མ་འོངས་པའི་ལོ་ལྔའི་འཕེལ་རྒྱས་ཀྱི་དཔེ་རིས་ཆེན་མོ་འགོད་དགོས།

གཉིས་ནི་ནུས་ཤུགས་ཡོད་རྒུས་མ་དངུལ་དང་འཕར་ཚད་བརྟན་འཇགས་སུ་གཏོང་དགོས། དཔལ་འབྱོར་འཁོར་སྐྱོད་ཀྱི་དབྱེ་ཞིབ་ཉེན་བརྡར་ཤུགས་བསྣན་ཏེ། དུས་ཐོག་ཏུ་སྲིད་ཇུས་དང་བྱེད་ཐབས་འགྲེམ་སྤེལ་བྱ་དགོས། སྦྲེལ་ཚིགས་ལ་དམ་པོར་དམིགས་ནས་མ་དངུལ་གཏོང་བར་སྐུལ་འདེད་བྱེད་པ་དང་། ལས་གཞི་རེ་རེ་བཞིན་དུ་དམ་འཛིན་བྱེད་པ། ཁེ་ལས་གཅིག་ལ་ཐབས་ཇུས་གཅིག་གིས་ལས་ཀ་སླར་གསོ་དམ་འཛིན་བྱས་ཏེ། ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་དང་རྨ་ཆུ་ཟི་ལིང་དུ་འདྲེན་པ། མཚོ་སྔོན་པོའི་གནམ་གྲུ་ཐང་། ཡུལ་ཤུལ་གནམ་གྲུ་ཐང་སོགས་ལས་གཞི་གལ་ཆེན་དག་འཆར་གཞི་ལྟར་སྐུལ་སྤེལ་བྱེད་པར་ཁག་ཐེག་བྱ་དགོས། གནད་དོན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། རྨང་གཞི་སྒྲིག་ཆས་དང་སྤྱི་པའི་འཕྲོད་བསྟེན། སྐབས་བསྟུན་འགན་སྲུང་། སྡོད་ཁུལ་རྙིང་བ་བསྒྱུར་བཀོད། ཞིང་སྡེའི་མི་སྡོད་ཁོར་ཡུག་ལེགས་བཅོས་སོགས་ཁྱབ་ཁོངས་སྐོར་ཞིག་གི་ཞན་ཆ་ཁ་གསབ་ལས་གཞིར་གཅིག་གྱུར་གྱིས་ཇུས་འགོད་བྱ་དགོས།

གསུམ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། “དཔེ་སྟོན་ལྔའི་ཞིང་ཆེན”འཛུགས་སྐྲུན་དང“དཔལ་འབྱོར་གྱི་རྣམ་པ་བཞི”འཛུགས་པར་གཅིག་གྱུར་གྱི་སྐུལ་འདེད་བཏང་ཏེ། སྒུལ་ནུས་གསར་བ་མགྱོགས་མྱུར་ངང་གསོ་སྐྱོང་དང་འཕེལ་རྒྱས་སུ་གཏོང་དགོས། ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་དང་གླིང་སྣེའི་ས་ཁུལ་སྲུང་སྐྱོབ་བྱེད་པའི་མཚོ་སྔོན་གྱི་བྱ་བ། གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོ་སོགས་གནད་སའི་སྐྱེ་ཁམས་བཟོ་སྐྲུན་མཐུན་སྦྱོར་ངང་དམ་འཛིན་བྱ་དགོས། རྒྱུད་གཅིག་ལམ་གཅིག་དང་རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་ཁྲོད་ཧུར་ཐག་གིས་འདྲེས་པར་བྱས་ཏེ། རྣམ་པ་གསར་བའི་མཁར་གྲོང་ཅན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཞིང་སྡེ་དར་སྤེལ་ལ་སྐུལ་འདེད་གཏོང་དགོས།

བཞི་ནི་ཚོང་རའི་སྟོབས་ཤུགས་གཙོ་བོ་ཇེ་དྲག་ཏུ་གཏོང་དགོས། རྒྱལ་དབང་ཁེ་ལས་དང་ནོར་སྲིད་དཔྱ་ཁྲལ་དངུལ་རྩ། རོང་འབྲོག་ཁུལ་སོགས་ཁྱབ་ཁོངས་གལ་ཆེན་དང་གནད་འགག་གི་ལྷུ་ཚིགས་དག་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་ཏེ། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བསྐྲུན་པ་དང་། ཤུགས་ཆེན་པོས་སྒོ་འབྱེད་རྒྱ་བསྐྱེད་དགོས།

ལྔ་ནི་དམངས་ཚིས་བདེ་སྐྱིད་ཆེ་རུ་གཏོང་དགོས། ནུས་ཤུགས་ཡོད་རྒུས་དབུལ་ཐར་མཁྲེགས་གཏོར་འཐབ་འཛིང་ལ་རྒྱལ་ཁ་བླངས་ཏེ། ཀུན་ཕན་རང་བཞིན་དང་རྨང་གཞི་རང་བཞིན། མཐིལ་རྟོལ་རང་བཞིན་བཅས་ཀྱི་དམངས་ཚིས་འཛུགས་སྐྲུན་ལ་དངོས་གནས་ཤུགས་སྣོན་བྱ་དགོས། ཚོང་རའི་རིན་གོང་གི་ལྟ་ཞིབ་སྔོན་དཔག་ཤུགས་ཚད་རྒྱ་བསྐྱེད་དེ། ཤུགས་ཆེན་པོས་མཁོ་སྤྲོད་འགན་སྲུང་དང་རིན་གོང་བརྟན་འཇགས་གཏོང་བའི་བྱ་བ་སྣ་ཚོགས་དམ་འཛིན་བྱ་དགོས།

ལོ་ཙཱ།སྒྲོལ་མ་སྐྱིད།