མཚོ་ལྷོའི་ལས་ཐོན་བསྐྱར་ཚུགས་ཀྱི་གནས་ཚུལ།
2020.05.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

ཟླ་བཞི་བར། མཚོ་ལྷོའི་ས་གཞི་ཆེན་པོར་སྐྱེ་སྟོབས་རྒྱས་ཏེ། ལྗང་མྱུག་འབུས་ཤིང་དཔྱིད་ཀྱི་མེ་ཏོག་རྣམ་པར་བཞད།  པྲོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བའི་རྗེས་སུ། མི་རྣམས་རྒྱུས་མངའ་ཆེ་བའི་གྲོང་ཁྱེར་དེའི་འདུ་འཛིའི་རྣམ་པ་སླར་གསོ་བྱུང་།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཕྱོགས་གཅིག་ནས་རིམས་ནད་འགོག་སྲུང་ཚོད་འཛིན་དང་། ཕྱོགས་གཞན་ཞིག་ནས་ཐོན་སྐྱེད་དམ་འཛིན་བྱས་ཏེ། རིམས་ནད་ཀྱིས་དཔལ་འབྱོར་ཐད་ལ་གནོན་ཤུགས་བྱིན་པ་དེར་གདོང་གཏད་དེ།  ལས་རིགས་གསར་སྐྲུན་སྒུལ་ཤུགས་སུ་བསྒྱུར་བ་དང་། ཁེ་ལས་ཀྱི་ལས་ཐོན་བསྐྱར་ཚུགས་དང་། ལས་གཞི་གལ་ཆེན་ལས་མགོ་རྩོམ་པའི་འཛུགས་སྐྲུན། དཔྱིད་འདེབས་ཐོན་སྐྱེད། ཕྱུགས་ལས་ཐོན་ལས་བསྐྱར་ཚུགས་སོགས་ཀྱི་བྱ་བ་གལ་ཆེན་ལ་ཧུར་ཐག་གིས་སྐུལ་འདེད་བཏང་སྟེ། རིམས་ནད་འགོག་སྲུང་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཉིས་མཉམ་དུ་འཛིན་པ་དང་། གཉིས་ཀ་མི་འཆོར་བར་བྱེད་པ། གཉིས་ཀར་སྐུལ་འདེད་གཏོང་བར་ཁག་ཐེག་བྱས།

དེ་རིང་གི་མཚོ་ལྷོ་ནི་སྔར་བཞིན་མདུན་བསྐྱོད་ཁྲོད་ཀྱི་མཁར་གྲོང་ཞིག་ཡིན་པ་དང་། གུང་ཧོ་རྫོང་བཏུལ་ཐང་གི་ཀོང་ཧྥུའུ་གློག་འོད་བྱ་བ་སྒྲུབ་མཁན་གྱིས་མུ་མཐུད་དུ་འབད་བརྩོན་བྱས་ཏེ། མཚོ་ལྷོ་ཁུལ་གྱི་གཞི་གྲངས་ཆེན་པོའི་ཐོན་ལས་ར་བ་དང་། སྟོང་ཧྥུའུ་བརྒྱད་བརྒྱ་ཅན་གྱི་མཚོ་ལྷོའི་བཞུར་རྒྱུན་ས་ཚིགས་བརྗེ་བའི་ལས་ཡུལ་དུ་ལས་བཟོ་པ་ཚོ་བྱ་བར་བྲེལ་བཞིན་འདུག

དེ་རིང་གི་མཚོ་ལྷོ་ནི་སྔར་བཞིན་གསོན་ཤུགས་ཀྱིས་ཕྱུག་པའི་རེ་སྙེག་གི་མཁར་གྲོང་ཞིག་ཡིན་ལ། ཞིང་སྡེའི་བགྲོད་ལམ་གྱི་སྟེང་དུ་རྒྱང་རིང་གི་རི་བོ་དང་། ཤིང་སྡོང་། རྣང་ཞིང་གྲུ་བཞི་སོགས་ལྗང་མདོག་དུ་སྣང་ཡོད་པ་མཐོང་ཐུབ། རོང་འབྲོག་མང་ཚོགས་ཀྱིས་ལན་རེར་རྣང་ཞིང་དུ་རྨོ་འདེབས་བྱེད་བཞིན་ཡོད་པ་དང་། ལན་རེར་མཉམ་ལས་ཁང་དུ་ཕྱུགས་ཟོག་ལ་གཟན་ཆས་སྟེར་བཞིན་ཡོད་ཅིང་། ཞིང་ལས་དུས་ཚིགས་དམ་འཛིན་དང་ཐོན་སྐྱེད་གཉིས་མི་འཆོར་བར་དམ་འཛིན་བྱེད་བཞིན་ཡོད།

དེ་རིང་གི་མཚོ་ལྷོ་ནི་དྲི་ཞིམ་གྱིས་གཏམས་པའི་མཁར་གྲོང་ཞིག་ཡིན། ལམ་འགྲམ་གྱི་ཁ་ཚ་ཟས་རིགས་དང་ཤ་བསྲེགས་མའི་ཚོང་ལས་ཧ་ཅང་བྲིན་ལ། མཚན་མོའི་གློག་འོད་ཀྱི་ཁྲོད་དུ་མི་ཚོགས་མང་པོ་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད་པས། སྔར་གྱི་འདུ་འཛི་དེ་མི་རྣམས་ཀྱི་མིག་ལམ་དུ་ཡང་བསྐྱར་མངོན་བྱུང་བ་དང་། བྱིས་པ་ཚོས་དཔེ་ཀློག་གོ་སྐབས་བཟང་པོ་འཆོར་དུ་མི་འཇུག་པར་སློབ་གྲྭར་ལོག་ཡོད། མཚོ་ལྷོ་ནི་སྔར་བཞིན་མི་རྣམས་ལ་དྲོད་སྐྱིད་སྟེར་བའི་བདེ་སྐྱིད་ཀྱི་མཁར་གྲོང་ཞིག་ཡིན།

འགན་འཁྲི་ཕྲག་ཏུ་བླངས་པའི་ཁེ་ལས་ཀྱི་འཁོར་ཁང་།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཟོ་ལས་དང་ཆ་འཕྲིན་ཅན་ཅུའུ་ཡི་བཟོ་ལས་འཁོར་བསྐྱོད་ཚན་ཁག་གི་འགོ་གཙོ་དབྱང་ལིས་བུན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། རང་འདེམས་ཚོང་ར་ཆེན་པོ་སོ་སོས་ཐོན་རྫས་རང་འདེམས་ཚོང་ཁང་དུ་འཇོག་པའི་ཚད་གཞིའི་ཆ་རྐྱེན་ཐད་ནས་གསལ་བཤད་བྱས་པ་དང་། ཁུལ་ནང་ཁུལ་གྱི་ལས་སྣོན་བཟོ་ལས་ཁེ་ལས་གཙོ་བོ་དང་ཆེད་ལས་མཉམ་ལས་ཁང་གིས་ཐོན་རྫས་རིགས་བརྒྱ་དང་བརྒྱད་མཚམས་སྦྱོར་འགྲེམ་སྟོན་བྱས་པ་དང་། ཡུལ་དངོས་ནས་མཉམ་ལས་བྱེད་འདོད་མཁན་གྱི་གྲོས་མཐུན་ཡི་གེ་ཉེར་དགུའི་སྟེང་མིང་རྟགས་བཀོད། ཐོན་རྫས་ཕྱིར་འཚོང་གི་འབྲེལ་མཐུད་བྱ་བ་བརྒྱུད་དེ། ཞིང་ལས་ཐོན་རྫས་རང་འདེམ་ཚོང་ཁང་དུ་འཇོག་པར་མཉམ་ལས་ཟབ་མོ་བྱས་པ་དང་། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་འབྱུང་བར་ཕན་ཐོགས་བསྐྲུན། འདི་ནི་མཚོ་ལྷོ་ཁུལ་གྱིས“དཔྱིད་ཀར་ཁེ་ལས་ལ་དྲོད་སྐྱིད”སྩོལ་བའི་འགུལ་སྐྱོད་ཧུར་ཐག་གིས་སྤེལ་བ་ཞིག་ཡིན་པ་དང་། མཚོ་ལྷོ་ཁུལ་ཡོངས་ཀྱིས་ཁེ་ལས་ཀྱི་ལས་ཐོན་བསྐྱར་ཚུགས་ལ་སྔར་ལས་ཡར་སྐུལ་དང་། འཛད་སྤྱོད་ལ་སྐུལ་འདེད་བཏང་།

རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ཁུལ་ཡོངས་ཀྱི་སྒྲིག་སྲོལ་སྟེང་ཡོད་པའི་ཁེ་ལས་ཞེ་གཅིག་ཁྲོད་ཁེ་ལས་བཞི་བཅུ་ཡིས་ལས་ཐོན་བསྐྱར་ཚུགས་བྱས་པ་དང་། ལས་ཀ་འགོ་རྩོམ་ཚད་བརྒྱ་ཆའི་གོ་བདུན་དང་གྲངས་ཆུང་ལྔ་ལ་སླེབས་པ་དང་། མི་སྣ་ལས་གནས་སུ་འབྱོར་བའི་ཚད་བརྒྱ་ཆའི་གོ་གཉིས་ལ་སླེབས།

མཚོ་ལྷོ་ཁུལ་གྱི་སྒྲིག་སྲོལ་སྟེང་ཡོད་པའི་ཁེ་ལས་ཚང་མས་ཕལ་ཆེར་ལས་ཀའི་མགོ་བརྩམས་པ་དང་། དེ་དང་ཆབས་གཅིག་ཏུ། ཁུལ་ཡོངས་ཀྱི་ལས་གཞི་གཙོ་བོར་ཡང་གོ་རིམ་ཡོད་པའི་སྒོ་ནས་སྐུལ་འདེད་གཏོང་བཞིན་ཡོད།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལྷ་མོ་བདེ་སྐྱིད་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ལས་གཞིའི་གྲ་སྒྲིག་བྱ་བར་མཐོང་ཆེན་བྱས་ནས། ལས་གཞིའི་དུས་རིམ་སྔོན་མའི་བྱ་བར་ཤུགས་ཆེན་པོས་སྐུལ་འདེད་བྱས་ཏེ། 《མཚོ་ལྷོ་ཁུལ་གྱི2020ལོའི་ལས་གཞི་གལ་ཆེན་གྱི་དུས་རིམ་སྔོན་མའི་བྱ་བའི་འགན་འཁྲིའི་ཁག་བགོས》སྒྲིག་བཟོ་བྱས་ནས་ཚར་བ་དང་། ལས་གཞི་གལ་ཆེན་སོ་དྲུག་གི་དུས་རིམ་སྔོན་མའི་བྱ་བ་བཀོད་སྒྲིག་བྱས།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནུས་ཁུངས་གསར་བའི་ཁྱབ་ཁོངས་ཀྱི་ཁེ་ལས་ངོས་མང་ཞིང་ཁྱབ་རྒྱ་ཆེ་བའི་གནས་བབ་ལ་དམིགས་ནས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས《ཀོང་ཧྥུའུ་རླུང་གློག་ར་བ་ཁུལ་གྱི་པྲོག་གསར་གློ་ཚད་ཀྱི་མཉམ་འགོག་བྱ་བའི་བྱེད་ཐབས་བཟང་པོར་སྒྲུབ་པ》དང་། 《རིམས་ནད་འགོག་སྲུང་སྐབས་སུ་ཁུལ་ཡོངས་ཀྱི་ནུས་ཁུངས་གསར་བའི་ཁྱབ་ཁོངས་ཀྱི་ལས་གཞི་གལ་ཆེན་ལས་འགོ་ཚུགས་པའི་ལག་བསྟར་བྱེད་ཐབས་ལ་གཅིག་གྱུར་བཀོད་སྒྲིག》བྱེད་པ་གཉིས་དཔར་སྐྲུན་འགྲེམ་སྤེལ་བྱས་ཏེ། “ལག་པ་གཉིས་ཀྱིས་དམ་པོར་འཛིན་པ་དང་། སྐུལ་འདེད་གཉིས”ལ་གཞི་རྩའི་སྒྲིག་ཁྲིམས་འདོན་སྤྲོད་བྱས།

ལྷ་མོ་བདེ་སྐྱིད་ཀྱིས་བཤད་རྒྱུར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དེ་མཚོ་སྔོན་ཞིང་ཆེན་གྱི་དག་གཙང་ནུས་ཁུངས་ཚོད་ལྟ་ཞིང་ཆེན་གྱི་རྟེན་གཞི་གཙོ་བོ་ཞིག་ཏུ་བསྐྲུན་ཡོད་པས། མཐོ་གནོན་རྟེན་གཞིའི་སྒྲིག་ཆས་ཆ་ཚང་གི་གློག་ཁུངས་ལས་གཞི་དང་། སྟོང་ཧྥུའུ་བརྒྱད་བརྒྱ་མཐོ་གནོན་གློག་སྐྱེལ་གློག་སྐུད། འཁོར་རྒྱུག་ས་ཚིགས་བརྗེ་བའི་བཟོ་སྐྲུན་གྱི་ལས་ཀ་འགོ་ཚུགས་པར་དོན་སྙིང་གལ་ཆེན་ལྡན། མིག་སྔར། ལས་གཞི་དེ་ཟླ་གསུམ་པའི་ཚེས་ཉེར་ལྔ་ཉིན་ནས་གཞི་རྒྱ་ཆེན་པོའི་སྒོ་ནས་འགོ་ཚུགས་པ་དང་། ལས་གཞི་དེ་འགྲུབ་རྗེས་གློག་འདོན་ཚད་སྟོང་ཝ་ཐེར་འབུམ་གཅིག་དང་དུང་ཕྱུར་དྲུག་ལ་སླེབས་ཐུབ་ངེས་ཡིན་ཟེར། བཟོ་སྐྲུན་དེ་ནི་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་ཡོངས་སུ་ཆེད་དུ་དག་གཙང་ནུས་ཁུངས་ཕྱི་ཕྱོགས་སུ་བསྐྱལ་བའི་མཐོ་གནོན་ལམ་བུ་གཅིག་པུ་རེད། བཟོ་སྐྲུན་དེ་ལས་ནས་འགྲུབ་རྗེས། མཚོ་སྔོན་གྱི་ནུས་ཁུངས་ཐོན་ཁུངས་ཀྱི་ཁྱད་སྟོབས་བསྒྱུར་བར་སྐུལ་འདེད་བྱས་ནས་ནུས་ཁུངས་གསར་བའི་རྟེན་གཞིའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་ཐུབ་པ་དང་། མཚོ་སྔོན་གྱི་དག་གཙང་ནུས་ཁུངས་ཚོད་ལྟའི་ཞིང་ཆེན་འཛུགས་སྐྲུན་བྱེད་པར་ཡང་སྐུལ་འདེད་གཏོང་ཐུབ།

གསོན་ཤུགས་ཀྱིས་ཕྱུག་པའི་ཞིང་གྲོང་།

ལུད་འཇོག་པ་དང་ཆུ་སྟོར་བ། ཞིང་ནང་གི་གད་སྙིགས་ལ་གཙང་དག་བྱེད་པ། ས་བོན་འདེབས་པ། འཕྲུལ་ཆས་ལ་ཞིབ་བཤེར་ཞིག་གསོ་བྱེད་པ་དེ་ནི་ཁྲི་ཀ་རྫོང་ཀ་རིང་ཞང་ཞིས་ཅི་ཐན་སྡེ་བའི་ཞིང་ནང་དུ། ཞིང་ལས་ལ་བྲེལ་བཞིན་བཞིན་པའི་རྣམ་པ་ཞིག་མངོན། ཞིས་ཅི་ཐན་སྡེ་བ་ནི་ཀ་རིང་ཞང་གི་སྔོ་ཚོད་འདེབས་ཁུལ་གཙོ་བོ་ཞིག་ཡིན་པའི་ཆ་ནས། དཔྱིད་འདེབས་བྱ་བར་གྲ་སྒྲིག་བཟང་པོ་བྱེད་པ་དེ་ནི་སྡེ་བ་ཡོངས་ཀྱི་ཞིང་ལས་ཐོན་སྐྱེད་ཀྱི་དོན་ཆེན་ཞིག་ཡིན་པ་རེད།

ད་ལོའི་དཔྱིད་འདེབས་ཀྱི་ས་བོན་ནི་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་གཅིག་གྱུར་གྱིས་ཉོས་པ་ཞིག་ཡིན་པར་མ་ཟད། ཁྱིམ་ཚང་གི་སྒོ་ཁར་བསྐྱལ་ནས་ཡོང་ལ། ང་ཚོས་དུས་ལྟར་ཡར་ཞུ་བྱས་པས་ཆོག་ཞེས་སྡེ་མི་ཁུང་ཀྲན་བེ་ཡིས་དེ་ལྟར་བཤད་པ་དང་། མ་གཞི་ད་ལོར་རིམས་ནད་ཀྱིས་ཤན་ཤུགས་ཐེབས་པ་ལ་བརྟེན་ནས་ས་བོན་དང་། ལུད་རྫས། ཞིང་ས་འགེབ་སྤྱད་ཀྱི་འགྱིག་ཤོག་སོགས་ཞིང་ལས་ཐོན་རྫས་ཉོ་བར་དཀའ་ངལ་འཕྲད་ཀྱང་། ཡིན་ཡང་དོན་དངོས་སྟེང་དངོས་རྫས་སྣ་ཚོགས་གསོག་འཇོག་བྱས་ཡོད་པས། རིན་གོང་ཡང་ལོ་སྔོན་མ་ལྟར་ཡིན་པ་རེད་ཞེས་བཤད།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིང་ཕྱུགས་ཅུའུ་ཞིང་ལས་ཚན་ཁག་གི་འགོ་གཙོ་ཀྲུའུ་བེ་ཝུའུ་ཡིས་བཤད་རྒྱུར། རིམས་ནད་འགོག་སྲུང་ཚོད་འཛིན་བྱེད་པའི་སྐབས་སུ་ཞིང་ལས་དུས་ཚིགས་མི་ནོར་བར་བྱེད་པར་འགན་སྲུང་བྱེད་ཆེད། ཁུལ་དང་རྫོང་ཞིང་ཕྱུགས་སྡེ་ཁག་གིས་དཔྱིད་འདེབས་ཞིང་ལས་ཐོན་རྫས་བྲེལ་མྱུར་མཁོ་སྤྲོད་འགན་སྲུང་ཚན་ཆུང་ཞིག་བཙུགས་པ་དང་། ཤུགས་ཡོད་ཚད་ཀྱིས་ས་བོན་དང་། ལུད་རྫས། ཞིང་སྨན། ཞིང་ལས་འགྱིག་ཤོག་སོགས་ཞིང་ལས་དངོས་རྫས་མཁོ་སྤྲོད་བྱེད་མཁན་གྱི་ཁེ་ལས་ཀྱི་ལས་ཀ་བསྐྱར་ཚུགས་དང་། འགྲིམ་འགྲུལ་ཤར་གཏོང་། ཚོང་ཁང་གི་སྒོ་ཕྱེས་པར་སྐུལ་འདེད་བྱས། མིག་སྔར། ཁུལ་ཡོངས་ཀྱིས་བསྡོམས་པས་རིགས་སྣ་ཚོགས་ཀྱི་ཞིང་ལས་འདེབས་འཛུགས་ས་བོན་ཏུན་སྟོང་གཉིས་དང་བརྒྱ་དང་རེ་བརྒྱད་ལྷག་དང་། ལུད་རྫས་ཏུན་འབུམ་གཅིག་དང་ཁྲི་བཞི་སྟོང་དྲུག་སུམ་བརྒྱ་ང་ལྔ། ཞིང་སྨན་ཏུན་ཉེར་གཉིས་གྲངས་ཆུང་དགུ ཞིང་ལས་འགྱིག་ཤོག་ཏུན་བརྒྱ་དང་དོན་དགུ་ལྷག་སྐྱེལ་འདྲེན་བྱས།

ཕྱུགས་ལས་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཐོན་ལས་གཙོ་བོ་ཡིན་པ་དང་། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་རྟེན་ས་དང་། ཐོན་སྐྱེད། འཕེལ་རྒྱས་ཀྱི་གཞི་རྩའི་ཐོན་ལས་རེད། དེ་བས། ཁུལ་ཡོངས་ཀྱི་མཉམ་ལས་ཁང་དང་། ཁྱིམ་ཚང་ཞིང་ཕྱུགས་རའི་ལས་ཐོན་བསྐྱར་ཚུགས་བྱ་བ་། དཔྱིད་ཀར་སྲོག་ཆགས་ཀྱི་རིམས་ནད་འགོག་སྲུང་བྱེད་པ། ཧྥེ་གླིང་གི་ཕག་གི་རིམས་ནད་འགོག་སྲུང་བྱ་བའི་དགོས་ངེས་ཀྱི་བྱ་བ་བཟང་པོར་སྒྲུབ་པའི་དུས་མཚུངས་སུ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཡང་བསྐྱར་ཕྱུགས་ལས་ཆེན་པོའི་གླིང་བསྐྲུན་པའི་དམིགས་འབེན་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་བཏིང་།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིང་ཕྱུགས་ལས་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ལག་རྩལ་པ་ཞའེ་ཡུང་ཧུའུ་ཡིས་བཤད་རྒྱུར། མཉམ་ལས་ཁང་གི་ལས་ཐོན་བསྐྱར་ཚུགས་ཀྱི་ཡིད་ཆེས་མཐོར་འདེགས་གཏོང་ཆེད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིང་ཕྱུགས་སྡེ་ཁག་གིས་དུས་གཏན་འཁེལ་གྱིས་གསོ་སྤེལ་མཉམ་ལས་ཁང་ལ་དུག་སེལ་བྱེད་པར་མཛུབ་སྟོན་བྱས་པ་དང་། ནོར་ལུག་ལ་འགོག་སྨན་བརྒྱབ་པ་མ་ཟད། རིམས་ནད་འགོག་སྲུང་བྱ་བ་བཟང་པོར་སྒྲུབ་སྟེ། གཟན་ཆས་མི་འདང་བའི་མཉམ་ལས་ཁང་གིས་དུས་ལྟར་གཟན་ཆས་ཁ་གསབ་བྱས།

རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཕྱུགས་ལས་སྨན་པས་ས་གནས་རང་གི་གནས་ཚུལ་དངོས་དང་བསྟུན་ནས། བྱ་ནད་སྔོན་འགོག་དང་། ལུ་གུ་རྩེབས་པར་བདག་སྐྱོང་བྱེད་པ། གཟན་ཆས་ཀྱིས་གསོ་བ། ཕྱུགས་ནད་འགོག་སྲུང་སོགས་ཐད་ལ་ལག་རྩལ་གྱི་མཛུབ་སྟོན་འདོན་སྤྲོད་བྱས། མིག་སྔར། ཁུལ་ཡོངས་སུ་གསོ་ཁ་བུད་པའི་ཕྱུགས་རིགས་ཁྲི་བཞི་དང་སྟོང་བརྒྱད་དྲུག་བརྒྱད་ཡོད་པ་དང་། གསོ་སྤེལ་བྱས་པའི་ཕྱུགས་ཕྲུག་ས་ཡ་གཅིག་དང་འབུམ་བདུན་ཁྲི་བདུན་ལྷག་ཡོད་པ་དང་། ཕྱུགས་ཕྲུག་ས་ཡ་གཅིག་དང་འབུམ་ལྔ་ཁྲི་བདུན་ལྷག་གསོན་ཐུབ་པ་བྱུང་ལ། ཕྱུགས་ཕྲུག་གསོན་ཚད་བརྒྱ་ཆའི་གོ་བདུན་གྲངས་ཆུང་དགུ་ལ་སླེབས་ཡོད།

ཟླ་བཞི་བའི་ཚེས་བརྒྱད་ཉིན་གྱི་དགོང་མོར། གསར་འགོད་པ་ཆབ་ཆ་གྲོང་བརྡལ་གྱི་ཤམ་བྷ་ལ་ཐང་ཆེན་དུ་ཐོན་པ་ན། དེ་ནི་རྫོང་མཁར་གྱི་ཆེས་འདུ་འཛི་ཆེ་བའི་ས་ཁུལ་ཞིག་ཡིན་པ་དང་། མི་རྣམས་མཚན་མོར་འདུ་འཛོམས་བྱེད་སའི་ས་ཁུལ་ཞིག་ཡིན། མ་གཞི་རིམས་ནད་ཀྱི་ཤན་ཤུགས་ཐེབས་པ་ལ་བརྟེན་ནས་སྲང་ལམ་ཡོད་ཚད་ལྷིང་འཇགས་ཡིན་པ་དེ་ད་ལྟ་རླངས་འཁོར་གྱི་འདུ་འཛིས་ཁེངས་ཡོད། ཐང་ཆེན་གྱི་མེ་ཏོག་བཙོང་ས་རུ་མེ་ཏོག་སྣ་ཚོགས་རྣམ་པར་བཀྲ་འདུག  སིག་ཏོག་འཚོང་ས་རུ་སིལ་ཏོག་མང་པོ་བསྒྲིགས་ཡོད་པ་དང་། ཟ་མ་ཟ་ས་རུ་ཟས་ཞིམ་པོ་སྣ་ཚོགས་ཀྱི་དྲི་ཞིམ་བར་སྣང་དུ་ཁྱབ་འདུག གནས་འདི་རུ་མི་ཚོགས་ཀྱིས་ཁེངས་ནས་དགའ་སྤྲོའི་ཡོ་ལང་རྒྱས་འདུག

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་མི་ཚོགས་ཀྱི་འདུ་འཛི་སླར་གསོ་བྱུང་བ་དེ་ནི་ཁུལ་ཡོངས་ཀྱི་ཚོང་རའི་ལྟ་རྟོག་དོ་དམ་སྡེ་ཁག་གི་བྱ་བའི་མི་སྣའི་འབད་བརྩོན་དང་ཁ་འབྲལ་ཐབས་མེད་པ་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཚོང་རའི་ལྟ་རྟོག་དོ་དམ་ཅུའུ་ཟས་རིགས་ལས་གཉེར་བདེ་འཇགས་ལྟ་རྟོག་དོ་དམ་ཚན་ཁག་གི་འགོ་གཙོ་ཆི་ཧའེ་ཡུན་གྱིས་བཤད་རྒྱུར། རིམས་ནད་འགོག་སྲུང་ཚོད་འཛིན་བྱེད་པའི་སྐབས་སུ། ང་ཚོ་དུས་ལྟར་ཁུལ་ཡོངས་ཀྱི་ལས་ཐོན་བསྐྱར་ཚུགས་བྱ་བའི་ཁྲོད་དུ་ཞུགས། རིམས་ནད་ཆེས་གནད་འགག་གི་སྐབས་སུ། ང་ཚོས་རང་འདེམ་ཚོང་ར་དང་། སྔོ་ཚོད་དང་ཤ་འཚོང་ས། འབྲུ་སྣུམ་འཚོང་ས་སོགས་ཀྱི་སྒོ་མི་རྒྱག་པ་དང་། དངོས་གོང་ཡར་མི་འཕར་རྒྱུའི་རེ་བ་བཏོན།

གཡོས་སྦྱོར་ལས་རིགས་ཀྱིས་ལས་གཉེར་བྱེད་པར་སྐུལ་འདེད་བྱེད་ཆེད། ང་ཚོས་ལས་ཐོན་བསྐྱར་ཚུགས་ཀྱི་ཐོ་འགོད་གྲ་སྒྲིག་རེ་བ་མེད་པར་བྱས་ནས“སྔོན་ལ་ལས་འགོ་རྩོམ་པ་དང་རྗེས་ནས་རྟག་དཔྱད་བྱེད་པའི”ལམ་ལུགས་ལག་བསྟར་བྱས། ང་ཚོས་རང་འགུལ་གྱིས་གཡོས་སྦྱོར་ཁེ་ལས་སོ་སོས་རིམས་ནད་འགོག་སྲུང་ཚོད་འཛིན་གྱི་བྱེད་ཐབས་དང་ཟས་རིགས་སྤུས་ཀའི་བདེ་འཇགས་ལ་ཞིབ་བཤེར་བྱས། གལ་ཏེ་གནད་དོན་ཡོད་ཚེ། བཙན་གྱིས་སྒོ་རྒྱག་ཏུ་མི་འཇུག་པར་ཕྱོགས་གཅིག་ནས་ལེགས་སྒྲིག་དང་ཕྱོགས་གཞན་ཞིག་ནས་ལས་གཉེར་བྱེད་དུ་བཅུག གཞན་ཡང་། ཁེ་ལས་དང་ལས་གཉེར་མི་སྣའི་འགན་ཁུར་ཇེ་ཡང་དུ་གཏོང་ཆེད། གུང་ཧོ་རྫོང་གིས་མ་དངུལ་སྒོར་མོ་འབུམ་དགུ་དང་ཁྲི་བརྒྱད་བཏང་ནས“སྲིད་གཞུང་གིས་རྩིས་རྒྱག་པའི”བདེ་ཐང་བརྟག་དཔྱད་སྲིད་ཇུས་དངོས་འབེབ་བྱས་ནས། ལས་གཉེར་མི་སྣ་ལས་གནས་སྟེང་མ་སླེབས་སྔོན་ལ་རིན་མེད་སྒོས་ལུས་ཕུང་ལ་བརྟག་དཔྱད་བྱེད་དུ་བཅུག ཚོང་པར་ཚོང་དཀོན་པའི་གནད་དོན་ལ་དམིགས་ནས་ཁ་ཐུམ་དང་། དུག་སེལ་བཤེར་ཁུ་སྐོར་ཞིག་དངོས་འབེབ་བྱས་ཞེས་ཆི་ཧའེ་ཡུན་གྱིས་དེ་ལྟར་བཤད།

རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། རིམས་ནད་འགོག་སྲུང་ཚོད་འཛིན་བྱེད་པའི་སྐབས་སུ། ཁུལ་ཡོངས་ཀྱི་ཚོང་རའི་ལྟ་རྟོག་དོ་དམ་སྡེ་ཁག་གིས་ཕན་འབྲས་ལྡན་པའི་བྱེད་ཐབས་སྤྱད་དེ་རིམས་ནད་འགོག་སྲུང་ཚོད་འཛིན་གྱི་ཤུགས་ཚད་ཇེ་དྲག་ཏུ་བཏང་བ་དང་། ཁེ་ལས་དང་མི་སྒེར་གྱི་བཟོ་ཚོང་ཁྱིམ་ཚང་གི་ཐོན་ལས་བསྐྱར་ཚུགས་ཀྱི་བྱ་བར་ཧུར་ཐག་གིས་ཡར་སྐུལ་བྱས། མིག་སྔར། ཁུལ་ཡོངས་ཀྱི་ཚོང་ར་གཙོ་བོས་ལས་འགོ་བརྩམས་པའི་ཚད་དེ་རིམས་ནད་ཀྱི་རིམ་པ་དང་པོའི་འབོད་སྐུལ་བཏང་བའི་སྐབས་སུ་བརྒྱ་ཆའི་བཅུ་ཡང་མེད་པ་དང་། མིག་སྔར་བརྒྱ་ཆའི་གྱ་བདུན་ཡན་ལ་སླེབས་ཡོད། ལས་ཀ་འགོ་བརྩམས་པའི་ཚོང་ཁང་ཁྲི་གཉིས་དང་སྟོང་ལྔ་ཉིས་བརྒྱ་གྱ་གཉིས་ལ་སླེབས་པ་དང་། དེའི་ནང་ཁེ་ལས་སྟོང་ལྔ་དང་སུམ་བརྒྱ་ང་བརྒྱད་དང་། སྒེར་གཉེར་ཚོང་གཉེར་ཁང་ཁྲི་གཉིས་དང་དགུ་བརྒྱ་ཉེར་བཞི་ལ་སླེབས་ཡོད་པ་རེད།

                                                                                                                   ལོ་ཙཱ། ཚེ་རིང་སྒྲོལ་མ།