ཁོར་ཡུག་སྲུང་སྐྱོབ་ལ་བརྟེན་ནས་དབུལ་ཕོངས་ཞྭ་མོ་ཕུད་པའི་སྡེ་བའི“འཁོར་བསྐྱོད་ཞིང་ལས།”
2020.05.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 39

ཟླ་བཞི་བའི་ཟླ་སྨད་ལ་མཚོ་ཤར་གྲོང་ཁྱེར་མིན་ཧི་ཧོས་རིགས་རང་སྐྱོང་རྫོང་དུ་སིལ་སྡོང་མེ་ཏོག་རྣམ་པར་བཞད་ཅིང་། རྣང་ཞིང་གྲུ་བཞིའི་སྟེང་དུ་ལྗང་མདོག་གིས་ཁེངས་ཡོད་པ་དང་། དཔྱིད་ཀྱི་རྣམ་པ་ཞིག་ཕྱོགས་ཡོངས་སུ་ཤར་འདུག

མིན་ཧི་རྫོང་གི་ལུང་འབྲི་ཞང་ཆའོ་ཐུ་སྡེ་བའི་ཅི་ཡོན་རྟེན་གཞི་རུ། སྡེ་སྡོད་ཧྲུའུ་ཅི་དང་པོ་ལི་ཡུས་ལེན་དང་ཀོང་ལིན་འདེབས་འཛུགས་མཉམ་ལས་ཁང་གི་འགན་ཁུར་བ་ཐའེ་ལི་མའེ་གཉིས་ཀྱིས་སྡེ་བའི་ངལ་རྩོལ་པ་ཁྲིད་དེ་སྔོ་ཚོད་འདེབས་འཛུགས་དང་། ཉི་འབྲུ་འདེབས་བཞིན་ཡོད་པས། མེ་ཏོག་གི་དྲི་ཞིམ་གྱིས་གཏམས་པའི་དུས་ཚིགས་འདི་ལ་ཡིད་དུ་འོང་བའི་ཡུལ་ལྗོངས་གསར་བ་ཞིག་བཞེངས་བསྐྲུན་བྱས་འདུག

ཟླ་བཞི་བའི་ཚེས་ཉེར་གཉིས་ཉིན། གསར་འགོད་པ་ཆའོ་ཐུ་སྡེ་བའི་ཅི་ཡོན་རྟེན་གཞི་རུ་སླེབས་དུས་འགྱིག་ཤོག་མང་པོ་བསྒྲིགས་ཡོད་པ་དང་། ངལ་རྩོལ་པ་ཉི་ཤུ་ཙམ་གྱིས་བྱང་ཆ་ལྡན་པའི་ངང་ནས་ཉི་དགའ་མེ་ཏོག་འདེབས་བཞིན་ཡོད་པ་མཐོང་།

ཉི་འབྲུའི་ས་བོན་རེ་རེ་འགྱིག་ཤོག་འོག་གི་གཤིན་ས་རུ་འདེབས་བཞིན་པ་མཐོང་སྐབས། ཡུལ་དངོས་ན་མཛུབ་སྟོན་བྱེད་བཞིན་པའི་ཐའེ་ལི་མའེ་ཡི་གདོང་ལ་འཛུམ་མདངས་ཞིག་རྒྱས་འདུག ཐོན་ལས་རོགས་སྐྱོར་གྱི་སྲིད་ཇུས་ལ་བརྟེན་ནས་ཁོ་མོས་སྡེ་སྡོད་ཧྲུའུ་ཅི་དང་པོ་ལི་ཡུས་ལེན་གྱི་རོགས་རམ་བྱས་པ་བརྒྱུད། འཁོར་རྒྱུག་ས་ཞིང་མུའུ་སྟོང་གཅིག་ཡོད་པ་དེ་སེམས་ཞིབ་མོས་འདེབས་འཛུགས་བྱས་པས་ཆའོ་ཐུ་སྡེ་བ་དབུལ་ཕོངས་ལས་ཐར་བའི་ཐོན་ལས་རྟེན་གཞིའི་རྣམ་པའི་གཞི་ཁྱོན་ཞིག་གྲུབ་ལ། ཕན་འབྲས་ཉིན་རེ་ནས་ཉིན་རེར་མངོན་གསལ་དུ་གྱུར། ན་ནིང་ང་ཚོས་སྤྱི་ཆིངས་ཞེ་དྲུག་གྲངས་ཆུང་དྲུག་གི་སྟེང་བཏབ་པའི་ཉི་འབྲུའི་ཡོང་སྒོ་རྐྱང་རྐྱང་སྒོར་མོ་འབུམ་ལྔ་ལ་སླེབས་པ་དང་། ད་ལོར་ས་ཞིང་སྟེང་འདེབས་རེས་བྱས་པས་ས་ཞིང་སྤྱི་ཆིངས་སོ་གསུམ་གྲངས་ཆུང་གསུམ་གྱི་སྟེང་མ་གཏོགས་ཉི་འབྲུ་བཏབས་མེད། རང་བྱུང་གནོད་འཚེ་ཆེན་པོ་མ་བྱུང་ན་ད་ལོར་ཡང་ལོ་ལེགས་འབྱུང་བར་ང་རང་ཡིད་ཆེས་ཀྱིས་གཏམས་ཡོད་ཞེས་ཐའེ་ལིན་མའེ་ཡིས་དེ་ལྟར་བཤད།

གསར་འགོད་པས་ངལ་རྩོལ་པ་ཉི་ཤུ་ཡིས་ཉི་འབྲུ་བཏབ་ན་དུས་ཚོད་ཅི་ཙམ་དགོས་ཞེས་དྲིས་དུས། ཐའེ་ལིན་མའེ་ཡིས་བཤད་རྒྱུར། ཟླ་བཞི་བའི་ཚེས་ཉི་ཤུ་ཉིན་ནས་ཉི་འབྲུ་འདེབས་འགོ་བརྩམས་པ་དང་། ཆ་སྙོམས་བྱས་ན་མི་རེས་ཉིན་གཅིག་ལ་མུའུ་བཞི་ལྔ་ཙམ་འདེབས་ཐུབ། དེ་ལྟར་བྱས་ན་ཆེས་མང་ན་ཡང་གཟའ་འཁོར་གཅིག་གི་རིང་ལ་ཚང་མ་བཏབ་ཚར་འགྲོ་ཟེར།

དེའི་འཕྲོར། གསར་འགོད་པ་ཐའེ་ལིན་མའེ་དང་མཉམ་དུ་དྲོད་ཁང་འགའི་ནང་སོང་བ་དང་། དྲོད་ཁང་གསུམ་གྱི་ནང་དུ་ཚོད་དཀར་ཆུང་ཆུང་ལ་སྐྱེས་སྟོབས་ཀྱིས་ཁེངས་འདུག ཐའེ་ལིན་མའེ་ཡིས་བཤད་རྒྱུར། ད་ལོར་དྲོད་ཁང་གསུམ་གྱི་ནང་དུ་ཚོད་དཀར་ཆུང་ཆུང་བཏབ་ཡོད་ལ་སྤྱི་ཆིངས་ཐིག་གྲངས་གསུམ་གྱི་ས་བཟུང་ཡོད། དྲོད་ཁང་རེ་རེའི་ནང་དུ་ཚོད་དཀར་ཆུང་ཆུང་རྐང་བརྒྱད་སྟོང་ལྷག་ཡོད་པ་དང་། ཉིན་ཉི་ཤུ་ལྷག་གི་རྗེས་སུ་ཚོང་རར་བཀྲམས་ཆོག་ཟེར། ལི་ཡུས་ལེན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། དྲོད་ཁང་གསུམ་པོ་དེའི་ནང་གི་ཚོད་དཀར་ཆུང་ཆུང་དེ་དག་ཀན་སུའུ་ལན་གྲུ་གྲོང་ཁྱེར་ཧོང་ཀུའུ་ཁུལ་གྱི་སྔོ་ཚོད་ཕྱིར་འཚོང་སྦྱིན་བདག་ཅིག་གིས་མངགས་ཉོ་བྱས་ཟིན་པ་དང་། དྲོད་ཁང་རེ་རེར་སྒོར་མོ་སྟོང་ལྔ་ཡི་གཏའ་མ་བཞག་ཡོད། སྔོ་ཚོད་བཏོག་ཆོག་པའི་དུས་ལ་སླེབས་སྐབས་ཁོ་ཚོས་ཚོང་རའི་རིན་གོང་ལྟར་ཐད་ཀར་མངགས་ཉོ་བྱེད་བཞིན་ཡོད། སྔོ་ཚོད་ཕྱིར་བཙོང་བར་འདང་ཅི་ཡང་རྒྱག་མི་དགོས་པ་རེད། ཁོ་མོས་ཚོད་དཔག་ཅིག་བྱས་རྗེས། ཚོད་དཀར་ཆུང་ཆུང་གཅིག་ལ་ཚོང་རའི་རིན་གོང་ལྟར་སྒོར་མོ་གཅིག་བྱས་ནས་བཙོང་ན། དྲོད་ཁང་གསུམ་པོའི་ནང་གི་ཚོད་དཀར་ཆུང་ཆུང་དེ་དག་སྒོར་མོ་ཁྲི་གཉིས་དང་སྟོང་བཞི་ལ་བཙོང་ཐུབ་ཟེར།

ཚོད་དཀར་ཆུང་ཆུང་དེ་དག་ཕྱིར་བཙོང་རྗེས། ཤུལ་དུ་བསྐྱུར་བའི་སྔོ་ཚོད་ཀྱི་ལོ་མ་དེ་དག་ཅི་ལྟར་བྱ་ཟེར་ན། ལི་ཡུས་ལིན་དང་ཐའེ་ལིན་མའེ་གཉིས་ཀྱིས་དངོས་པོ་དེ་དག་བཀོལ་སྤྱོད་བཟང་པོ་བྱས་ཏེ། ད་ལོར་མཉམ་ལས་ཁང་དུ་བྱ་ཕྲུག་ལྔ་བརྒྱ་གསོས་པ་དང་། སྔོ་ཚོད་ཀྱི་ལོ་མ་དེ་དག་བྱ་རིགས་ལ་གཟན་ཆས་བྱེད་དུ་བཅུག

བྱ་ཁང་ནང་གི་བྱ་ཕྲུག་ལྔ་བརྒྱ་བོ་ནར་སོན་པ་ཤིན་ཏུ་མགྱོགས་ལ་གཟན་ཆས་སར་སྟོར་མ་ཐག་མྱུར་མོར་ཚུར་ཡོང་སྟེ་འཕྲོག་རེས་བྱས་ནས་ཟ་བཞིན་ཡོད་ལ། ཚུགས་ཀ་དེར་བལྟས་ན་བྱ་ཕྲུག་དེ་དག་བདེ་ཐང་ཡིན་པ་རྟོགས་ཐུབ་ཟེར། ལི་ཡུས་ལེན་གྱིས་རྩིས་ཐོ་ཞིག་ཁྱེར་ཡོང་ནས་གསར་འགོད་པར་ལྟ་རུ་བཅུག བྱ་རིགས་ལྔ་བརྒྱ་བོའི་ནང་ནས་བྱ་རིགས་བཞི་བརྒྱ་གསོ་ཁ་ནས་འབུད་ཐུབ་པར་རྩིས་བརྒྱབ་ན། བྱ་རིགས་གཅིག་ཆེས་དམའ་ནའང་སྒོར་མོ་བརྒྱ་བྱས་ནས་བཙོང་ན་སྒོར་མོ་ཁྲི་བཞི་ཡི་ཡོང་སྒོ་ཡོད་པ་དང་། དེ་ལས་ཀྱང་གནད་འགག་གཙོ་བོ་ཅིག་ཡོད་པ་ནི་ཤུལ་དུ་ལུས་པའི་སྔོ་ཚོད་ཀྱི་ལོ་མ་དེ་དག་བཀོལ་སྤྱོད་བྱས་པ་ཡིན་པས། གྲོན་ཆུང་བྱས་པའི་མ་རྩ་དེས་དཔལ་འབྱོར་གྱི་ཡོང་སྒོ་བསྐྲུན་ཐུབ་བྱུང་བ་རེད། བྱ་རྟུག་ཕྱིར་ཞིང་ནང་དུ་སྟོར་ན་དེ་ནི་སྐྱེ་ལྡན་ལུད་རྫས་ཆེས་བཟང་པོ་ཞིག་རེད། དེ་ལས་གཞན། མཉམ་ལས་ཁང་གིས་ད་ལོར་སྤྱི་ཆིངས་སོ་གསུམ་དང་གྲངས་ཆུང་གསུམ་གྱི་མ་རྨོས་ལོ་ཏོག་བཏབ་ནས། ལུག་བརྒྱད་ཅུ་ནས་བརྒྱ་བར་དང་། ཕག་དྲུག་ཅུ་གསོ་སྤྱད་ཀྱི་གཟན་ཆས་འདེབས་རྒྱུའི་འཆར་གཞི་བཟོས་པས། ས་མུའུ་ལྔ་བརྒྱའི་སྟེང་མ་རྨོས་ལོ་ཏོག་བཏབ་པའི་ཡོང་སྒོ་གཞན་པ་ཡང་འཕར་སྣོན་བྱེད་ཐུབ་པ་བྱུང་། དེ་ལྟར་ཐོན་ཁུངས་བཀོལ་སྤྱོད་ལེགས་པོ་བྱས་པ་བརྒྱུད། “ཞིང་ལས་འཁོར་བསྐྱོད”ཀྱི་རྣམ་པ་ཞིག་གྲུབ།

གསར་འགོད་པ་ཁ་འབྲལ་ཁར། ཐའེ་ལིན་མའེ་ཡིས་གསར་འགོད་པར་སྤྱི་ཆིངས་བཞིའི་ཚོད་མ་མགོ་བཏུམ་གྱི་མྱུ་གུ་འབུས་ཡོད་ས་ཞིག་ལ་ལྟ་རུ་བཅུག ན་ནིང་སྤྱི་ཆིངས་ཐིག་དང་གྲངས་ཆུང་ཐིག་གཅིག་གི་སར་ཚོད་མ་མགོ་བཏུམ་བཏབ་པ་དང་། ཡོང་སྒོ་སྒོར་མོ་སྟོང་གསུམ་ཡོད་ལ། གལ་ཏེ་ད་ལོར་ཚོང་རའི་རིན་གོང་ལ་འགྱུར་བ་མ་བྱུང་ན་སྤྱི་ཆིངས་བཞིའི་སྟེང་གི་ཚོད་མ་མགོ་བཏུམ་གྱི་ཡོང་སྒོ་སྒོར་མོ་ཁྲི་དྲུག་བདུན་ལ་སླེབས་ཐུབ་ཀྱི་རེད་ཟེར། དྲོད་ཁང་གཞན་པ་ཞིག་གི་ནང་དུ།  ཧྲུའུ་ཅི་ལི་ཡུས་ལེན་གྱིས་སྡེ་མི་རྣམས་ཁྲིད་དེ་ཉི་འབྲུ་འཛུགས་བཞིན་ཡོད་པ་དང་། ཚོད་ལྟ་བྱས་ནས་ཡོང་སྒོའི་གནས་ཚུལ་ལ་ལྟ་རྒྱུ་ཟེར།

ཆའོ་ཐུ་སྡེ་བ་ནི2016ལོར“དབུལ་ཞྭ”ཕུད་པའི་དབུལ་ཕོངས་སྡེ་བ་ཞིག་ཡིན་པ་དང་། ཀོང་ལིན་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་གིས་སྡེ་བ་རང་གི་ས་ཞིང་སྤྱི་ཆིངས་བརྒྱ་འཁོར་བསྐྱོད་བྱས་ནས་སྐྱེ་ལྡན་ཚོད་མ་དང་། ཉི་འབྲུ། མ་རྨོས་ལོ་ཏོག་སོགས་ཞིང་ལས་ཐོན་རྫས་འདེབས་འཛུགས་བྱས། འདེབས་འཛུགས་དང་། གསོ་སྤེལ་མཉམ་འབྲེལ་བྱས་ཏེ། ཞིང་ས་འདི་རྒྱུ་ནོར་བཙལ་སྤྱད་ཀྱི་རིན་ཆེན་ནོར་བུ་ལྟ་བུ་ཞིག་ཏུ་བསྒྱུར། དེ་བས་ཀྱང་སྦས་ཤུགས་ཆེན་པོ་ཞིག་ཡོད་པ་ནི་གོ་རིམ་རྗེས་མར་མཉམ་ལས་ཁང་གིས་ལྟ་སྐོར་དང་། ངལ་གསོ། སྔོ་ཚོད་དང་སིལ་ཏོག་བཏོག་པ་སོགས་གཞི་གཅིག་ཅན་གྱི་ཁྱད་ལྡན་ཐོན་ལས་ར་བ་བསྐྲུན་པར་སྐུལ་འདེད་བཏང་སྟེ། མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་གཏོང་བའི་ཐབས་ལམ་སྔར་ལས་རྒྱ་བསྐྱེད་རྒྱུ་དེ་རེད།

                                                                                                                 ལོ་ཙཱ། ཚེ་རིང་སྒྲོལ་མ།