—རྨ་ཆེན་རྫོང་གིས་དབུལ་ཐར་མཁྲེགས་གཏོར་བྱས་པའི་གནས་ཚུལ་རགས་བཀོད།
རྨ་ཆེན་རྫོང་གི་རིགས་སོ་སོའི་མང་ཚོགས་ཁྲི་ལྔ་དང་སྟོང་བདུན་ལྷག་གིས་མི་རབས་ནས་མི་རབས་བརྒྱུད་དེ་ཨ་མྱེས་རྨ་ཆེན་གངས་རིའི་འདབས་སུ་འཚོ་བ་རོལ་བཞིན་ཡོད།
ཡིན་ནའང་ཆ་སྙོམས་ཀྱི་མཐོ་ཚད་མཚོ་ངོས་ལས་མུས་བཞི་སྟོང་བརྒྱ་ཡོད་པ་དང་།རང་བྱུང་ཁོར་ཡུག་གི་ཆ་རྐྱེན་ཞན་ཞིང་རྨང་གཞིའི་སྒྲིག་བཀོད་རྗེས་ལུས་ཡིན་པའི་ཡུལ་གྲུ་འདིས་རང་ས་གནས་ཀྱི་མང་ཚོགས་གསོ་སྐྱོང་བྱེད་མི་ཐུབ་པས། དབུལ་པོ་དབུལ་ནག་གི་རྫོང་དུ་གཏན་འཁེལ་བྱས་ཡོད། 2016ལོར། རྫོང་ཡོངས་ལ་ཞང་དྲུག་དང་གྲོང་རྡལ་གཉིས་སྲིད་འཛིན་སྡེ་བ་སོ་ལྔ་ཡོད་པ་ལས། བསྡོམས་པས་དབུལ་ཕོངས་སྡེ་བ་བཅུ་བཞི་གཏན་འཁེལ་བྱས་ཤིང་། གནད་ཁེལ་དབྱེ་འབྱེད་བྱས་རྗེས་ཡིག་ཚགས་བཙུགས་ནས་བྱང་བུ་ལས་པའི་དབུལ་ཕོངས་ཁྱིམ་ཚང་སྟོང་གཉིས་སུམ་བརྒྱ་ཞེ་ལྔ་ཡོད་པ་དང་མི་གྲངས་སྟོང་བདུན་དང་དྲུག་བརྒྱ་བཅོ་ལྔ་ཡོད་པས།དབུལ་ཕོངས་ཀྱི་ཚད་བརྒྱ་ཆའི་ཉེར་གསུམ་དང་གྲངས་ཆུང་དྲུག་ལྔ་ལ་སླེབས།
ནུས་ཤུགས་ཡོད་རྒུས་དབུལ་ཐར་མཁྲེགས་གཏོར་གྱི་འཐབ་འཛིང་ལས་རྣམ་པར་རྒྱལ་བས། གངས་རིའི་འདབས་སུ་རེ་བའི་མྱུ་གུ་འབུས། ལོ་ངོ་གསུམ་གྱི་རིང་ལ། རྫོང་ཡོངས་ཀྱིས་མཐོ་གནས་ནས་སྐུལ་འདེད་གཏོང་བ་དང་། འགན་འཁྲི་དངོས་འབེབས་ནན་ཏན་བྱེད་པ། གཙོ་གནད་གཅིག་ཏུ་བསྡུ་བ། བྱེད་ཐབས་སྣ་མང་འདོན་པ་བཅས་བྱས་པས། དབུལ་ཕོངས་སྡེ་བ་བཅུ་གཅིག་དབུལ་ཕོངས་ལས་ཐར་ཞིང་། ཁྱིམ་ཚང་སྟོང་གཅིག་དགུ་བརྒྱ་གྱ་གསུམ་དང་མི་གྲངས་སྟོང་དྲུག་ལྔ་བརྒྱ་དོན་གཉིས་ཀྱིས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པས། དབུལ་ཕོངས་བྱུང་ཚད་བསྟུད་མར་བརྒྱ་ཆའི་གསུམ་དང་གྲངས་ཆུང་གཅིག་དགུ་མར་བབས། ད་ལོའི་ལོ་མཇུག་ཏུ། དབུལ་ཕོངས་སྡེ་བ་གསུམ་དབུལ་པོ་ལས་ཐར་ཐུབ་ཅིང་། དབུལ་ཕོངས་ཁྱིམ་ཚང་སུམ་བརྒྱ་རེ་གསུམ་གྱི་མི་གྲངས་སྟོང་གཅིག་དང་ང་ལྔ་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་ཐུབ་པས། དབུལ་ཕོངས་གཙང་སེལ་བྱེད་པར་རེ་བ་ཆེན་པོ་ཡོད།
ཡུལ་གཞན་དུ་གནས་སྤོར་བར་གཙོ་གནད་དམ་དུ་བཟུང་བ།
རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་དུ་ཡོད་པའི་འཇིགས་མེད་གཞིས་ཁྱིམ་ནི་རྫོང་ཡོངས་ཀྱི་ཆེས་ཆེ་བའི་གནས་སྤོར་བཀོད་སྒྲིག་ས་ཚིགས་ཤིག་རེད། 2019ལོའི་ཟླ་བཅུ་བའི་ཚེས་དགུ་ཉིན། གསར་འགོད་པ་སྡེ་ཁུལ་དེར་སོང་བ་ན། ར་སྐོར་ནང་གི་ཤིང་སྡོང་རྩི་ཤིང་ལ་སོགས་པས་གསེར་མདོག་གི་ན་བཟའ་བཀླུབས་ཏེ་སེར་ལམ་མེར་གནས་ཤིང་། སྡེ་ཁུལ་གྱི་དཀྱིལ་དུ་ཆགས་པའི་ཐང་ཆེན་དུ་ལུས་སྦྱོང་སྒྲིག་ཆས་དང་དྲིལ་སྒྲོག་ཁྱམས་ར་སོགས་གང་མཁོ་ཅི་འདུས་རེད།
“ཚང་མ་ངེད་ཚང་ལ་སོང་ནས་ངལ་གསོ་ཞིག་བྱོས”མགྲོན་རྩིས་ཆེ་བའི་ནོར་བུ་རྒྱ་མཚོས་གསར་འགོད་པ་རྣམས་ཁོ་ཚང་ལ་བོས་རྗེས་མཚམས་སྦྱོར་བྱེད་རྒྱུར།“ང་རང་ནི་2019ལོའི་ཟླ་དགུ་པར་སྡེ་ཁུལ་འདིའི་ནང་དུ་གནས་སྤར་བ་ཡིན། ད་ལྟ་བཟའ་མི་གསུམ་ཡོད་ལ། བུ་མོ་དབང་པོ་སྐྱོན་ཅན་ཡིན་པས་གཉོར་སྐྱོང་བྱེད་དགོས་པ་དང་། ཆུང་མར་ལིང་ཏོག་མིག་ནད་བྱུང་ཡོད། སྔོན་ཆད་འཚོ་བར་དཀའ་ཁག་ཧ་ཅང་ཆེ་བས། སྲིད་གཞུང་གིས་ང་ཚོར་རོགས་སྐྱོར་མང་དུ་བྱས་མྱོང་།”
ད་ལོ་ལོ་ང་གཅིག་ལ་སོན་པའི་ནོར་བུ་རྒྱ་མཚོ་ནི་སྔོན་ཆད་གངས་རི་ཞང་གི་རྩྭ་ཐང་དུ་འཚོ་བ་རོལ་བཞིན་ཡོད་ལ། ཁྱིམ་དུ་རང་ཉིད་ཀྱིས་ལས་པའི་ཁང་མིག་གཉིས་ཅན་གྱི་ས་ཁང་ཞིག་ལས་མེད་པར་མ་ཟད། འགྲིམ་འགྲུལ་ཧ་ཅང་སྟབས་མི་བདེ་བ་རེད། སྔོན་ཆད་ཀྱི་འཚོ་བ་གླེང་སྐབས་ཁོས་བཤད་རྒྱུར།“སྐབས་འགར་གཉེན་ཉེ་ཚང་ལ་ཐེངས་གཅིག་སོང་ནའང་ཉིན་འགའི་དུས་ཚོད་དགོས། དེས་མི་ཚད་ད་རུང་ཆར་བ་བབས་པ་དང་རླུང་ཆེན་གཡུག་པའི་སྐབས་སུ། ཁང་པའི་ནང་དུ་དྲོད་ཅིག་མེད་པར་འཁྱག་སིབ་སིབ་ཏུ་འདུག་པར་མ་ཟད། དགུན་ཁར་ཁངས་ཆེན་བབས་ན། ལྟོ་རྒྱབ་མི་ཁེབས་ནའང་ཉོ་རུ་འགྲོ་ཐབས་མེད”ཟེར།
ཉིན་གུང་ལ་སླེབས་རྗེས། ཉི་འོད་སྒེའུ་ཁུང་ནས་སེར་ལམ་མེར་ཐད་ཀར་མགྲོན་ཁང་དུ་འཕྲོས་པས། ཁང་པ་ཡོངས་རྫོགས་དྲོད་ལམ་ལམ་དུ་གྱུར།“ད་ལྟ་ངོ་མ་སྐྱིད་ཀི། སྡོད་ཁང་དུ་མལ་ཁང་གཉིས་དང་མགྲོན་ཁང་གཉིས་ཡོད་ལ། བུ་མོ་དང་ཆུང་མ་གཉིས་ཀས་ད་རུང་ལོ་རེ་རེ་བཞིན་རོགས་སྐྱོར་དངུལ་བླངས་ཆོག་པ་དང་། གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་རྫོང་སྨན་ཁང་ལའང་ཐག་མི་རིང་བས། ནད་ལ་སྟོན་ནའང་ཧ་ཅང་སྟབས་བདེ་རེད། སྲིད་གཞུང་གིས་གསོ་སྦྱོང་བྱེད་པའི་གོ་སྐབས་དང་བསྟུན་ནས། ངས་ད་རུང་ཟས་རིགས་གཡོས་སྦྱོར་གྱི་ལག་རྩལ་བསླབས་པས།ད་ལྟ་ངོ་མ་ཁྱིམ་ཚང་གང་བོ་ཧ་ཅང་སྐྱིད་པོ་རེད། ངས་ནི་སྙིང་ཁོང་རུས་པའི་སྟེང་ནས་ཏང་དང་སྲིད་གཞུང་ལ་བཀའ་དྲིན་ཆེ་ཞུས་པ་ཡིན”ཟེར།
རྨ་ཆེན་རྫོང་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་རྡོ་རྗེ་རབ་བརྟན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། 2017ལོར་སྐྲུན་མགོ་བརྩམས་པའི་འཇིགས་མེད་གཞིས་ཁྱིམ་བཀོད་སྒྲིག་ས་ཚིགས་སུ། བསྡོམས་པས་བརྩེགས་རིམ་ལྔ་ཅན་གྱི་ཐོག་ཁང་ཉེར་ལྔ་ཡོད་ལ། སོ་སོར་མུས་གྲུ་བཞི་མ་ལྔ་བཅུ་ནས་བརྒྱ་དང་ཉེར་བཞི་ཅན་གྱི་སྡོད་ཁང་ཆེ་ཆུང་མི་འདྲ་བ་རིགས་ལྔ་ལས་ཡོད།ད་ལོའི་ཟླ་བདུན་པར། ཞང་དང་གྲོང་རྡལ་བདུན་གྱི་སྡེ་བ་ཉེར་གཅིག་གི་ཡིག་ཚགས་བཙུགས་ནས་བྱང་བུ་ལས་པའི་དབུལ་ཕོངས་ཁྱིམ་ཚང་བདུན་བརྒྱ་བཅུ་དྲུག་དང་མི་གྲངས་སྟོང་གཉིས་དྲུག་བརྒྱ་ལྔ་ཡོངས་རྫོགས་དེའི་ནང་དུ་གནས་སྤར་བ་རེད།
སེམས་ཤུགས་གཅིག་ཏུ་བསྡུས་ནས་དབུལ་ཕོངས་གཙང་སེལ་བྱས།
དབུལ་ཐར་མཁྲེགས་གཏོར་མགོ་བཙུགས་པའི་ཚུན་དུ། རྨ་ཆེན་རྫོང་གིས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོར་འདེགས་སུ་བཏང་བ་དང་། ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ནས། བྱ་བའི་གཙོ་གནད་དང་སེམས་ཤུགས་ཡོད་ཚད་དབུལ་ཐར་མཁྲེགས་གཏོར་གྱི་སྟེང་དུ་བཀོལ་བ་རྒྱུན་འཁྱོངས་བྱས་ཤིང་། ལས་བྱེད་པའི་ནུས་ཤུགས་དྲག་པོ་དབུལ་ཐར་མཁྲེགས་གཏོར་གྱི་སྟེང་དུ་བསྡུས་ཤིང་། བྱེད་ཐབས་ཅི་ཡོད་བཀོལ་ཏེ། དཀའ་ཁག་ལས་བརྒལ་ཞིང་འཐབ་འཛིང་ལས་རྒྱལ་ཅི་ཐུབ་བྱས།
དུས་ཡུན་དང་པོའི་ནང་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་འགན་ཁུར་བ་གཙོ་བོ་གཉིས་ཚན་གཙོ་ཡིན་པའི“ཚན་གཙོ་གཉིས་ལྡན”ཅན་གྱི་རྫོང་རིམ་པའི་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚན་ཆུང་བཙུགས་པ་དང་། ཧྲུའུ་ཅི་དང་པོ་དང་སྡེ་སྡོད་ལས་བྱེད་རུ་ཁག་གི་ཁོངས་མི་བརྒྱ་དང་གཅིག་མངག་གཏོང་བཀོད་སྒྲིག་བྱས་ཡོད།“སྐོར་གཅིག་ཅན་བརྒྱད”ཀྱི་དབུལ་ཐར་འཆར་གཞི་དང་ཆེད་དམིགས་དབུལ་སྐྱོར་ཇུས་གཞི་བཅུ་བདུན་སོགས་ཀྱི་ཇུས་གཞི་དང་བསམ་འཆར་རབ་དང་རིམ་པ་གནད་ཁེལ་གཏན་འབེབས་བྱས་ཏེ་དབུལ་ཐར་མཁྲེགས་གཏོར་གྱི་ཕྱོགས་བསྡུས་བྱེད་ཐབས་བཏོན།
“སེམས་ཁྲལ་བྱེད་མི་དགོས་པ་གཉིས”ཤུགས་ཆེན་པོས་ཐག་གཅོད་བྱས་པ་དང་། སློབ་གསོ་དང་སྨན་བཅོས་རོགས་སྐྱོབ། སྡོད་ཁང་བདེ་འཇགས། འཐུང་ཆུའི་བདེ་འཇགས་སོགས་འགན་སྲུང་དམ་འཛིན་བྱས་ཏེ། “སྐོར་གཅིག་ཅན་བརྒྱད”ཀྱི་བཟོ་འགོད་ཆེན་མོར་སྐུལ་འདེད་ཏན་ཏིག་བཏང་བས། ད་གཟོད་ད་ལྟའི་རྫོང་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་འདི་བླངས་པ་རེད།
ཡུལ་གཞན་དུ་གནས་སྤར་བ་ལ་བརྟེན་ནས་སྐོར་ཞིག་དབུལ་ཕོངས་ལས་ཐར་བ་དང་།ཐོན་ལས་འཕེལ་རྒྱས་དང་རྒྱུ་ནོར་ཡོང་འབབ་ལ་བརྟེན་ནས་སྐོར་ཞིག་དབུལ་ཕོངས་ལས་ཐར་ཞིང་།གནས་སྤོར་ལས་ཞུགས་བྱེད་པར་བརྟེན་ནས་སྐོར་ཞིག་དབུལ་ཕོངས་ལས་ཐར་བ། སྐྱེ་ཁམས་སྲུང་སྐྱོབ་ལ་བརྟེན་ནས་སྐོར་ཞིག་དབུལ་ཕོངས་ལས་ཐར་བ། མ་མཐའི་འགན་སྲུང་མཐིལ་བརྟོལ་དབུལ་སྐྱོར་ལ་བརྟེན་ནས་སྐོར་ཞིག་དབུལ་ཕོངས་ལས་ཐར་བ་སོགས་དང་། དངུལ་རྩའི་ཆེད་དམིགས་དང་འཕྲིན་སྐྱེལ། འགྲིམ་འགྲུལ།གློག་ཤུགས། རིག་གནས་དམངས་ཕན། ཡུལ་སྐོར། གློག་རྡུལ་ཚོང་དོན་དང་ཚོང་རའི་མ་ལག་འཛུགས་སྐྲུན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། ཚན་རྩལ་སོགས་ཀྱི་ཆེད་དམིགས་དབུལ་སྐྱོར་ལ་བརྟེན་ནས། ན་ནིང་རྫོང་ཡོངས་ཀྱི་དབུལ་ཕོངས་མི་འབོར་གྱི་ཆ་སྙོམས་ཀྱིས་བཀོལ་ཆོག་པའི་ཡོང་སྒོ་སྒོར་སྟོང་དགུ་སུམ་བརྒྱ་ང་གཅིག་ལ་སླེབས་པས། 2019ལོའི་ལོ་མཇུག་ཏུ་དབུལ་པོ་དབུལ་ནག་ཡོངས་རྫོགས་གཙང་སེལ་བྱས་ཏེ།དབུལ་ཕོངས་རྫོང་གི་ཞྭ་མོ་ཕུད་པའི་ཐད་རྨང་གཞི་བརྟན་པོ་བཏིངས།
དབུལ་སྐྱོར་ཐོན་ལས་ཀྱི་ཁྱད་ཆོས་འབུར་དུ་དོད་པ།
2019ལོའི་ཟླ8པར། ཨ་མྱེས་རྨ་ཆེན་གངས་རིའི་འདབས་སུ་ཆགས་པའི་མགོ་ལོག་རྨ་ཆེན་གངས་རིའི་འོ་བཟོས་ཐོན་རྫས་ཚད་ཡོད་འགན་འཁྲི་ཀུང་སིའི་འཁྱགས་ཐུད་དངོས་སུ་ཐོན་སྐྱེད་བྱེད་མགོ་བརྩམས། ལོ་ཉེར་བཞི་རུ་བུད་པའི་དཔལ་ལྡན་མཚོ་ཟླ་གཉིས་ཀྱི་སྔོན་ནས་ཀུང་སི་རུ་ཐོན་ཡོད། ཆེད་ལས་ལག་རྩལ་གསོ་སྦྱོང་བྱས་པ་བརྒྱུད་དེ།དཔལ་ལྡན་མཚོ་འཁྱགས་ཐུད་དང་འཁྱགས་ཞོ་ཐོན་སྐྱེད་བྱེད་མཁན་གྱི་ལས་བཟོ་བ་ཞིག་ཏུ་གྱུར།
ཨ་མ་ཚེ་ལས་འདས་རྗེས། ཕུ་ནུ་མིང་སྲིང་བཅུ་ཡོད་པའི་དཔལ་ལྡན་མཚོ་ཚང་ལ། ནོར་ལུག་ཉུང་བའི་དབང་གིས་ཡོང་སྒོ་གཞན་པ་གང་ཡང་མེད་པར། འཚོ་བར་དཀའ་ཁག་ཧ་ཅང་ཆེ་བས།ཡིག་ཚགས་བཙུགས་ནས་བྱང་བུ་ལས་པའི་དབུལ་ཕོངས་ཁྱིམ་ཚང་གི་གྲས་སུ་བཞག ཁྱིམ་ཚང་གི་ཁུར་བོ་ཇེ་ཡང་དུ་གཏོང་ཆེད། ཁོ་མོ་དམའ་འབྲིང་མཐར་ཕྱིན་རྗེས་སློབ་གྲྭ་ནས་བུད་དེ་ལུག་རྫི་བྱས་ཤིང་གང་སར་གླ་ལས་བྱས་ཏེ་ཁྱིམ་ཚང་སྐྱོང་རོགས་བྱས།
“འོ་བཟོས་བཟོ་གྲྭས་ལས་མི་སྡུད་བཞིན་པ་གོ་རྗེས། ངས་མྱུར་དུ་མིང་ཐོ་བཀོད་པ་ཡིན།ལུས་པོར་བརྟག་བཤེར་བྱེད་པ་སོགས་ཀྱི་འགྲོ་རིམ་ཡོངས་རྫོགས་བསྒྲུབས་ཚར་རྗེས། ང་དང་ལས་གྲོགས་བཅུ་གཅིག་དང་མཉམ་དུ་བདམས་ཐོན་བྱུང་བས། ད་ལྟ་ཟས་རིན་དང་སྡོད་ཁང་གི་རིན་སྐར་གང་ཡང་སྤྲོད་མི་དགོས་པར་ཟླ་རེར་ད་རུང་ཟླ་ཕོགས་སྒོར་སྟོང་གཉིས་ཡོད། ད་ལྟ་ངས་ཁོམ་སྐབས་ཡོད་དུས་རྒྱ་བོད་གཉིས་ཀྱི་སྐད་ཡིག་ལ་སློབ་སྦྱོང་བྱེད་ཀྱིན་ཡོད། རང་ཉིད་ཀྱི་ནུས་པ་ཇེ་མཐོར་བཏང་རྗེས། སྒོར་མོ་སྔར་ལས་མང་པོ་བཙལ་ནས་མིང་སྲིང་རྣམས་ལ་བདེ་སྐྱིད་ཀྱི་འཚོ་བ་རོལ་ཏུ་འཇུག་རྒྱུ་ཡིན”ཞེས་དཔལ་ལྡན་མཚོས་དེ་ལྟར་བཤད།
“2018ལོའི་ཟླ་དགུ་བར། ཀུང་སིས་གཡས་ཁོག་དང་གཡོན་ཁོག་སྡེ་བ་གཉིས་ཀྱི་མ་དངུལ་སྒོར་འབུམ་བརྒྱད་བཏང་བ་དང་། ཞང་གིས་སྒོར་འབུམ་ལྔ་གྲབས་གསོག་བྱས་པ་བརྒྱུད།2019ལོའི་ཟླ་བརྒྱད་པར་ཐོན་སྐྱེད་བྱེད་མགོ་བརྩམས་ཏེ། “རྨ་ཆེན་གངས་རི”རྟགས་ཅན་གྱི་མིང་གྲགས་ཐོན་རྫས་བསྐྲུན་པར་ཚོང་རའི་དགའ་བསུ་ཐོབ་པས། ཚོང་རའི་མདུན་ལྗོངས་ཧ་ཅང་བཟང་།”
གངས་རི་ཞང་གཡས་ཁོག་སྡེ་བའི་ཧྲུའུ་ཅི་དང་པོ་དབང་ཕྱུག་རྡོ་རྗེས་བཤད་རྒྱུར། འོ་བཟོས་ཐོན་རྫས་ཀྱི་བཟོ་གྲྭ་འཛུགས་པའི་ཐོག་མའི་བསམ་འདུན་ནི་གངས་རི་ཞང་གི་ཁྱད་ལྡན་ཕྱུགས་ལས་ཐོན་རྫས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ལས་སྣོན་བྱས་པ་བརྒྱུད་དེ་ཟུར་གཏོགས་རིན་གོང་ཇེ་མཐོར་གཏོང་རྒྱུ་དང་། ཐོན་རྫས་གསར་པ་གསར་སྤེལ་བྱས་ཏེ་འབྲོག་པ་མང་ཚོགས་དང་། ནང་སྒོས་སུ་དབུལ་ཕོངས་ཁྱིམ་ཚང་གི་ཡོང་སྒོ་ཇེ་མཐོར་གཏོང་རྒྱུ་དེ་ཡིན་ཟེར།
དེ་དང་ཆབས་ཅིག འབྲོག་ལུག་དཀར་པོ་གསོ་སྐྱོང་བྱེད་པ་ལ་བརྟེན་ནས་མིང་དུ་གྲགས་པའི་རྟ་བོ་ཞོལ་མ་ཞང་གི་གཉན་ར་སྡེ་བས། ལོ་ངོ་མང་པོའི་རིང་ལ་འཕེལ་རྒྱས་གཏོང་སྟངས་བསྒྱུར་བ་དེ་གོ་སྐབས་སུ་བརྩིས་ནས། སྲིད་གཞུང་གིས་སྟེགས་བུ་བསྐྲུན་པ་བརྒྱུད་དེ། མ་རྐང་ལམ་ལུགས་ཀྱི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། དབུལ་ཕོངས་ཁྱིམ་ཚང་རྣམས་དེའི་ནང་དུ་བཅུག་ནས། གཞི་ཁྱོན་ཅན་གྱི་སྒོ་ནས་བོད་ལུག་དཀར་པོ་གསོ་སྤེལ་དང་འཕེལ་རྒྱས་སུ་བཏང་བས། འབྲོག་པ་མང་ཚོགས་ཕྱུག་སྒྱུར་གྱི་ལམ་དུ་སྐྱོད་པའི་རེ་གཞག་ཐོན་ལས་སུ་གྱུར།
དབུལ་ཕོངས་མང་ཚོགས་ཀྱི་ཡོང་སྒོ་བརྟན་བརླིང་ངང་འཕར་བ་མངོན་འགྱུར་འབྱུང་ཆེད། རྨ་ཆེན་རྫོང་གིས་འཇིགས་མེད་གཞིས་ཁྱིམ་བཀོད་སྒྲིག་ས་ཚིགས་ཀྱི་ལམ་འགྲམ་དུ་ཚོང་ཁང་གྱན་སོ་དྲུག་ལས་ཏེ། ཆ་སྡེབ་ཚོང་ཁང་གྱན་སོ་ལྔ་དང་ཚོང་གནས་བརྒྱ་དང་བཅོ་བརྒྱད་ཡོད་པའི་དབུལ་སྐྱོར་ཉོ་ཚོང་ཕྱོགས་བསྡུས་ཚོང་ར་ཞིག་བཙུགས་པར། ལོ་རེར་ཁང་པའི་གླ་དངུལ་སྒོར་ས་ཡ་གཉིས་དང་འབུམ་བདུན་ཡོད་པ་ཚང་མ་ཡིག་ཚགས་བཙུགས་ནས་བྱང་བུ་ལས་པའི་དབུལ་ཕོངས་མི་གྲངས་ཀྱི་རྗེས་མཐུད་རོགས་སྐྱོར་ཐད་བཀོལ་བཞིན་ཡོད།
“གནས་གཞན་དུ་སྤོར་ཐུབ་པ་དང་བརྟན་འཇགས་ཡོང་ཐུབ་པ། ལས་རྒྱུ་ཡོད་པ། ཕྱུག་པོར་འགྱུར་ཐུབ་པ”མངོན་འགྱུར་འབྱུང་ཆེད། རྨ་ཆེན་རྫོང་གིས་ངལ་རྩོལ་རྩལ་ནུས་གསོ་སྦྱོང་བྱས་པ་བརྒྱུད་དེ། གནས་སྤོར་དབུལ་ཕོངས་མི་སྣའི་ལས་ཞུགས་ཐབས་ལམ་རྒྱ་བསྐྱེད། མིག་སྔར། འཇིགས་མེད་གཞིས་ཁྱིམ་དུ་ཡོད་པའི་གནས་སྤོར་ཁྱིམ་ཚང་ཁྲོད།སྐྱེ་ཁམས་ཕྱུགས་ལས་ཀྱི་ལས་ཀར་ཞུགས་མཁན་མི་དྲུག་བརྒྱ་ཉེར་དྲུག་དང་། སྤྱི་ཕན་རང་བཞིན་གྱི་ལས་རྐང་དུ་ཞུགས་མཁན་མི་ཉིས་བརྒྱ་བརྒྱད་ཅུ། རང་བདག་ལས་སྐྲུན་བྱེད་མཁན་མི་བཅུ་བཞི་ཡོད་ལ། ངལ་རྩོལ་པ་ཉིས་བརྒྱ་དགུ་བཅུ་ཕྱི་རུ་ཞོར་ལས་སུ་སོང་ཡོད་པ་དང་། རྒྱུ་ནོར་གྱི་ཡོང་སྒོ་སྐྲུན་མཁན་མི་སྟོང་གཅིག་བརྒྱ་དང་དྲུག་ཅུ་ཡོད་པ་དང་མ་མཐའི་འགན་སྲུང་ཐོབ་མཁན་མི་ཉིས་བརྒྱ་ཞེ་ལྔ་བཅས་ཡོད་དོ།
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།