“ཀྲུང་གོ་མི་རིགས་མདའ་རྩེད་ཀྱི་ཕ་ས”རུ་གྲགས་པའི་རྨ་ལྷོ་ཁུལ་གཅན་ཚ་རྫོང་ནི་གནའ་ནས་ད་བར་དུ་མི་ཆོས་རིག་གནས་ཕུན་སུམ་ཚོགས་པའི་རྫོང་ཁག་ཅིག་རེད། ཉེ་བའི་ལོ་འགའི་རིང་ལ། གནས་འདི་རུ་ཤེས་ལྡན་འཇོན་མི་དང་ན་གཞོན་ཁེ་ལས་པ་སྐོར་ཞིག་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་མཆིས།
དེ་སྔོན་ཟི་ལིང་དང་རྨ་ལྷོ་ས་ཁུལ་ནས་བོད་རིགས་ཁེ་ལས་པ་ཞིག་གི་བརྩོན་སེམས་ལས་འཁྲུངས་པའི་ནོར་གཡང་རྟགས་ཅན་གྱི་འབྲོ་ཞོའི་གཏམ་རྒྱུད་ཞེས་པ་ཞིག་ཐོས་མྱོང་བས་གསར་འགོད་པར་བཅར་འདྲི་བྱེད་འདོད་ཀྱི་འདུན་པ་ཞིག་བསླངས། ཉེ་ལམ། གསར་འགོད་པ་གཅན་ཚ་རྫོང་མཁར་དང་བར་ཐག་སྤྱི་ལེ་གཉིས་ཙམ་གྱིས་ཆོད་པའི་གཅན་ཚ་རྫོང་གཙང་གསུམ་འབྱུང་ཡུལ་ཐོན་ལས་གླིང་ཁུལ་གྱི་མཚོ་སྔོན་ཁོན་ཡུའུ་ཞིང་ལས་གསར་སྤེལ་ཚད་ཡོད་ཀུང་སིར་སླེབས་པ་ན། རྣ་ལམ་དུ་ཐོག་དང་པོར་གྲགས་འོངས་པ་ནི་འཁོར་ཁང་དུ་ཐོན་སྐྱེད་བྱེད་བཞིན་པའི་འཕྲུལ་ཆས་ཀྱི་སྒྲ་རེད།
འཁོར་ཁང་གི་ཕྱོགས་སུ་སོང་བ་ན་མིག་ཤེལ་གྱོན་པའི་ཕོ་གསར་ཞིག་གིས“འོ་མའི་རྒྱུ་སྤུས་དང་ཚ་དྲོད་ལ་བརྟག་དཔྱད་ཡག་པོ་བྱེད་རོགས།”“མིའི་བདེ་ཐང་ལ་འབྲེལ་བ་ཡོད་པས། ཐོན་སྐྱེད་ཀྱི་གོ་རིམ་རེ་རེར་གཟབ་ནན་བྱེད་དགོས”ཞེས་ལས་བཟོ་པའི་བྱ་བའི་གོ་རིམ་ལ་ལྟ་ཞིབ་བྱེད་ཞོར་ང་ཚོ་འཛུམ་གྱིས་བསུས་སོང་།
ཁོའི་མིང་ལ་རྡོ་རྗེ་རབ་བརྟན་ཟེར་ཞིང་། ལོ་རབས80པའི་རྗེས་སུ་གཅན་ཚ་རྫོང་དུ་སྐྱེས་པའི་ལས་སྐྲུན་ལ་དུང་ཞེན་ཆེ་བའི་ན་གཞོན་ཁེ་ལས་པའི་གྲས་ཤིག་རེད།
རྡོ་རྗེ་རབ་བརྟན་དང་མཉམ་དུ་གློག་སྐས་ནང་བསྡད་ནས་ཉིས་ཐོག་གི་ཐོན་སྐྱེད་འཁོར་ཁང་དུ་སོང་བ་ན། གདོང་ལ་ཁ་ཐུམ་བརྒྱབ་ཅིང་ལུས་ལ་ལྭ་བ་དཀར་པོ་གྱོན་པའི་ལས་བཟོ་པ་སྐོར་ཞིག་སྐད་ཅིག་ལའང་སྡོད་དབང་མེད་པར་རང་རང་གི་ལས་གནས་སྟེང་དུ་བྱ་བ་སྒྲུབ་ཀྱིན་འདུག ལ་ལས་འོ་མ་སྐྱེལ་བ་དང་ལ་ལས་འཕྲུལ་ཆས་བཀོལ་བ། ལ་ལས་བསྙལ་ཟིན་པའི་འབྲི་ཞོ་སྣོད་དུ་འཇུག་པ། ལ་ལས་ཐུམ་བརྒྱབ་པའི་འབྲི་ཞོ་ཚོང་རར་བསྐྱལ་བར་སྟ་གོན་བྱེད་བཞིན་པ་བཅས་ལས་ཡུལ་དངོས་དེ་ན་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་འདུག
ཕར་བལྟས་ཚོད་ཀྱིས་ལོ་ན་ཉི་ཤུ་ལྷག་ལ་སླེབས་པའི་གཞོན་ནུ་མ་ཞིག་གིས་འབྲི་ཞོའི་སྤུས་ཀར་བརྟག་དཔྱད་ཚད་ལེན་བྱེད་བཞིན་འདུག ཁོ་མོའི་མིང་ལ་ཚེ་རིང་ལྷ་མོ་ཟེར་ཞིང་། རྫོང་ཐོག་དང་བར་ཐག་སྤྱི་ལེ་ཉི་ཤུ་ལྷག་ཡོད་པའི་སྐ་ཕུག་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་ཞིག་གི་རེད།
2017ལོར་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་སློབ་ཆེན་གྱི་ཆེད་སྦྱོང་འཛིན་གྲྭ་ནས་སློབ་མཐར་ཕྱིན་རྗེས། རང་ཉིད་ཀྱི་འདོད་བློ་དང་མཐུན་པའི་བྱ་བ་ཞིག་མ་རྙེད་པར་སྨན་རྫས་འཚོང་ས་ཞིག་ནས་བྱ་བ་སྒྲུབ་པ་རེད། ཁོ་མོས་གསར་འགོད་པར་བཤད་རྒྱུར། “ད་ལོའི་ཟླ་བ་དང་པོར་ཀུང་སི་འདི་རུ་ལས་ཀར་ཞུགས་པ་ཡིན། སྔོན་ཆད་དང་བསྡུར་ཚེ་བྱ་བ་འདི་ཧ་ཅང་བཟང་ལ། ཟླ་རེར་ཟླ་ཕོགས་སྒོར3000ལེན་ཐུབ་པར་མ་ཟད། འབྲེལ་ཡོད་ཀྱི་ཤེས་བྱར་ཡང་སྦྱངས་པ་བྱེད་ཐུབ”ཟེར།
ཚེ་རིང་ལྷ་མོའི་ཁ་བརྡའི་ཁྲོད། མོ་ལྟ་བུའི་སློབ་ཆེན་པ་དང་ཁྱིམ་ཚང་གི་འཚོ་བར་དཀའ་ཁག་ཡོད་པའི་བུ་བུ་མོ་བཅུ་ལྷག་ཕྱུགས་ལས་ཐོན་སྐྱེད་བཟོ་གྲྭ་འདི་རུ་ལག་རྩལ་སྦྱོང་ཞོར་ཡོང་སྒོ་འཚོལ་གྱིན་པ་རྟོགས།
རྡོ་རྗེ་རབ་བརྟན་ནི1982ལོར་ཡོ་ཆས་སྡེ་བའི་ཚོང་ལས་གཉེར་བཞིན་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། ཆུང་དུས་ནས་ཨ་ཕའི་ཤུགས་རྐྱེན་དང་སྣེ་ཁྲིད་འོག ཚོང་ལས་ཀྱི་ལམ་དུ་ཞུགས་འདོད་པའི་འདུན་པ་དྲག་པོ་དེ་མེ་ལྕེ་ཇི་བཞིན་དགུང་དུ་འཕྱུར་ཞིང་རང་ཉིད་ཀྱང་མ་འོངས་པར་ཚོང་པ་ཞིག་ཏུ་འགྱུར་རྒྱུའི་ཆོད་སེམས་བརྟན་པོ་དེ་ད་ལྟའི་བར་སེམས་ནས་བོར་མ་མྱོང་།
2013ལོར་ཁོ་རང་མཚོ་སྔོན་མི་རིགས་སློབ་ཆེན་ནས་མཐར་ཕྱིན་རྗེས། ཏང་ཀྲུང་དབྱང་དང་སྲིད་གཞུང་གིས་དམངས་ཕན་དབུལ་སྐྱོར་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་ལག་བསྟར་དང་། ཁེ་ལས་དང་ཚོང་ལས་ཀྱི་ལམ་བུ་རྒྱ་བསྐྱེད་ཤུགས་སྣོན་བྱེད་པ། གཅན་ཚ་རྫོང་གི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་བའི་གོ་སྐབས་བཟང་པོ་དེ་དམ་འཛིན་གང་ལེགས་བྱས་པ་དང་། རང་ས་གནས་ཀྱི་ཐོན་ཁུངས་དང་ས་བབ་ཀྱི་ཆ་རྐྱེན་ལེགས་པོ། ཚོང་རའི་མདུན་ལྗོངས་བཅས་ལ་བརྟག་དཔྱད་ཞིབ་འཇུག་བཏང་མཐར། 2015ལོར། གཅན་ཚ་རྫོང་གཙང་གསུམ་འབྱུང་ཡུལ་ཐོན་ལས་གླིང་ཁུལ་དུ་མ་དངུལ་སྒོར་མོ་ས་ཡ་ལྔ་བཏང་ནས་མཚོ་སྔོན་ཁོན་ཡུའུ་ཞིང་ལས་གསར་སྤེལ་ཚད་ཡོད་ཀུང་སི་གཉེར་མགོ་ཚུགས། ན་གཞོན་ལས་སྐྲུན་གྱི་སྲིད་ཇུས་དང་འབྲེལ་ནས་སྲིད་གཞུང་གིས་མ་དངུལ་སྒོར་མོ་ས་ཡ་གཉིས་དང་འབུམ་གཅིག་ཁྲི་གཉིས་ཀྱི་རོགས་སྐྱོར་ཐོབ་པ་རེད།
2019ལོའི་ཟླ8པར་མཚོ་སྔོན་ཁོན་ཡུའུ་ཞིང་ལས་གསར་སྤེལ་ཚད་ཡོད་ཀུང་སིས་འཕྲུལ་ཆས་ཉོ་སྒྲུབ་དང་ཆེད་ལས་ལག་རྩལ་མི་སྣ་བསྡུ་རུབ་བྱས་ཏེ་དངོས་སུ་ལས་གཉེར་བྱེད་མགོ་ཚུགས་པ་དང་། མིག་སྔའི་བར་དུ། ཀུང་སིའི་ཁོངས་སུ་ཆེད་ལས་མཉམ་ལས་ཁང་གཅིག་དང་ལས་བཟོ་པ་བཅུ་དྲུག་ཡོད། ཐོན་རྫས་ཕྱིར་འཚོང་བྱེད་སའི་ཐད་གཉེར་ཚོང་ཁང་བསྡོམས་པས་ལྔ(གཅན་ཚ་རུ་གསུམ་དང་ཟི་ལིང་གྲོང་ཁྱེར་དུ་གཉིས་ཡོད)ཡོད་ལ། གཞན་ད་དུང་གཅན་ཚ་ཐང་ཞང་ས་སྒ་ཉག་ག་རུ་འོ་མ་ཉོ་སྒྲུབ་ས་ཚིགས་གཅིག་བཙུགས་ཤིང་། དབུལ་ཕོངས་ཁྱིམ་ཚང་གི་ཡོང་སྒོ་འཕར་བར་དམིགས་ནས་དབུལ་ཕོངས་ཁྱིམ་ཚང་བདུན་ཅུ་ལ་འོ་མ་ཉོ་སྒྲུབ་བྱེད་པའི་གན་རྒྱ་བཞག་སྟེ་ཉིན་རེར་ཁོ་ཚོའི་ལག་ནས་འོ་མ་རྒྱ་མ་ལྔ་བརྒྱ་ཡས་མས་ཉོ་སྒྲུབ་བྱས་ནས་ཁེ་སྤོགས་སྒོར་མོ་ས་ཡ་གཅིག་དང་འབུམ་གཉིས་ཁྲི་དགུ་བགོ་བྱ་བརྒྱབ་པ་རེད།
ནོར་གཡང་རྟགས་ཅན་གྱི་འབྲི་ཞོ་དག་མའི་རྒྱུ་སྤུས་མཐོར་འདེགས་དང་ལས་བཟོ་པའི་ལག་རྩལ་ཆུ་ཚད་སྔར་བས་མཐོར་འདེགས་གཏོང་ཆེད། རྡོ་རྗེ་རབ་བརྟན་གྱིས་ཞིང་ཆེན་ཕྱི་ནས་ཆེད་ལས་ལག་རྩལ་མི་སྣ་ཆེད་དུ་གདན་འདྲེན་ཞུས་ཏེ། ཟླ་རེར་ཐེངས་བཞི་ལ་ལག་རྩལ་གསོ་སྦྱོང་བྱས་པ་དང་། ཆེད་ལས་དགེ་རྒན་གྱིས་ཀུན་སློང་གཙང་མའི་ངང་ཁ་གསལ་ཞིང་གོ་བདེ་ལ་དོན་འདུས་པའི་སྒོ་ནས་འཕྲུལ་ཆས་བཀོལ་སྤྱོད་བྱེད་སྟངས་དང་འབྲི་ཞོའི་སྤུས་ཀ་ཚད་ལེན་བརྟག་དཔྱད་བྱེད་སྟངས་སོགས་ཀྱི་ཐད་ནས་འཆད་ཁྲིད་བྱས། ཀུང་སིའི་ཐོན་སྐྱེད་ཀྱི་སྒྲིག་རིམ་ཡོངས་དེང་རབས་ཅན་དང་འཕྲུལ་ཆས་ཅན། རང་འགུལ་ཅན་དང་ཚད་ལྡན་ཅན་དུ་བསྒྱུར་ཏེ་འབྲི་ཞོ་ཐོན་སྐྱེད་བྱེད་བཞིན་ཡོད་པས། ད་ལྟ་ཀུང་ཟིས་ཉིན་རེར་ཆ་སྙོམས་ཀྱིས་འབྲི་ཞོ་རྒྱ་མ་སྟོང་གཅིག་དང་ལྔ་བརྒྱ་ཐོན་སྐྱེད་བྱེད་ཀྱིན་ཡོད། འབྲི་ཞོ་ཐོན་སྐྱེད་བྱེད་ཞོར་དུ་ད་དུང་མར་དང་ཆུར་བ། དར་བ། ཤ་སྐམ་སོགས་ཀྱང་ཐོན་སྐྱེད་བྱེད་བཞིན་ཡོད།
ཁོ་ཚོས་ཐོན་སྐྱེད་བྱས་པའི“ནོར་གཡང་རྟགས་ཅན”གྱི་འབྲི་ཞོ་དེ་གཙོ་བོ་གཅན་ཚ་རྫོང་དང་རྫོང་ནང་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་དུ་བཙོང་བཞིན་ཡོད་པ་དང་། ཟི་ལིང་དང་ན་གོར་མོ་བཅས་ལའང་ཕྱིར་འཚོང་བྱེད་བཞིན་ཡོད་པར་མ་ཟད། དྲ་ལམ་བརྒྱུད་དེ་པེ་ཅིན་དང་ཐེན་ཅིན་གྲོང་ཁྱེར་སོགས་ལ་ཕྱིར་འཚོང་བྱས་པས། ད་ལྟའི་བར་དུ་ཡོང་སྒོ་སྒོར་མོ་ས་ཡ་གཅིག་དང་འབུམ་ལྔ་བླངས་ཡོད།
རྡོ་རྗེ་རབ་བརྟན་གྱིས་དཀའ་སྤྱད་འབད་བརྩོན་སྒོས་ཁེ་ལས་ཀྱི་ལམ་བུ་ཇེ་ཡངས་དང་སྤྱི་ཚོགས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་བྱེད་པའི་ཐད་ལ་མུ་མཐུད་དུ་ནུས་པ་བླ་ལྷག་འདོན་བཞིན་ཡོད།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།