ཧོང་ཡོན་རྫོང་ཉི་ཟླ་བོད་རིགས་ཞང་འབུམ་ཁང་སྡེ་བ་ནི་ཀྲ་མ་ལུང་ནས་རིག་སྨོན་བར་གྱི་གཞུང་ལམ་འགྲམ་ངོགས་དང་ཉི་ཟླ་རི་བོའི་འདབས་སུ་ཆགས་ཡོད་ལ། རྩྭ་ཐང་གི་ཡུལ་ལྗོངས་ལྟ་ན་སྡུག དབྱར་ཁའི་ཡུལ་སྐོར་དུས་གཞུང་དུ་ཡར་འགྲོ་མར་འགྲོའི་ཡུལ་སྐོར་པ་ཤིན་ཏུ་མང་བས། ཡུལ་སྐོར་ཞག་སྡོད་བྱེད་ས་བཟང་པོ་ཞིག་ཏུ་གྱུར་ཡོད།
“འབུམ་ཁང་སྡེ་བའི་བསོད་ནམས་འཚོ་ཞིང་པའི་སྤྲོ་སྐྱིད་ཁང་ནི་རང་ཁྱིམ་དུ་ཐོན་པ་ལྟ་བུའི་ཚོར་བ་སྦྱིན་ཐུབ་པའི་ས་ཚིགས་ཤིག་ཡིན།” ཉེ་ལམ། གསར་འགོད་པ་འབུམ་ཁང་སྡེ་བར་སླེབས་པ་ན། སྡེ་བ་དེའི་ཧྲུའུ་ཅི་དང་པོ་ལེང་རོས་ཀྱིས་སྐད་འཕྲིན་སྦྲེལ་ཐག་ཅིག་བསྐུར་ཡོང་ལ། དེའི་ཁ་ཕྱེ་བ་ན་གོང་གི་སྐད་ཆ་འདི་ཤར་ཡོང་།
“ཁྱོད་ཀྱིས་ཧྲིན་ཧྲེང་ཧྥུ་དྲན་ནམ། ལོ་གཉིས་ཀྱི་སྔོན་ལ་ཁྱོད་འདིར་ཡོང་དུས་ཁོ་ལ་བཅར་འདྲི་བྱས་མྱོང་བ་རེད། ད་ལྟ་ཁོ་ཚང་གིས་ཁྱིམ་ཚང་མགྲོན་ཁང་དང་ཞིང་པའི་སྤྲོ་སྐྱིད་ཁང་ཕྱེས་ཡོད་ལ། ན་ནིང་སྒོར་མོ་མི་ཉུང་བ་ཞིག་བཙལ། སྐད་འཕྲིན་སྦྲེལ་ཐག་འདི་ནི་ང་ཚོས་ཁོར་དྲིལ་སྒྲོག་བྱེད་རོགས་བྱས་པ་ཡིན”ལེང་རོས་ཀྱིས་དེ་ལྟར་བཤད།
ཡང་བསྐྱར་ཧྲིན་ཧྲེང་ཧྥུ་ཚང་དུ་བསྐྱོད་དུས། གཙང་ཞིང་འོད་འཚེར་བའི་ལྕགས་སྒོའི་སྟེང་དུ་ཞིང་པའི་སྤྲོ་སྐྱིད་ཁང་གི་སྒོ་བྱང་བཀལ་འདུག བྱང་བུའི་སྟེང་དུ་ཞག་འདུག་དང་ཁྱད་ལྡན་ཟས་མཆོག་སོགས་ཀྱི་ཡི་གེ་གསལ་པོར་བཀོད་ཡོད། སྔོན་ཆད་ཀྱི་རྩྭ་ཁང་དེ་ད་ལྟ་སྡོད་ཁང་དུ་གྱུར་ཡོད་ལ། ཁང་མིག་བརྒྱད་པོ་གཙང་ལ་ཁོད་ཡངས་པ་དང་། ཐང་དུ་ས་གདན་དམར་པོ་དང་རྡོ་གཅལ་བཏིང་འདུག མགྲོན་ཁང་གི་སྒོ་འགྲམ་དུ“ཟས་རིགས་ཚོང་གཉེར་ཆོག་འཐུས་དཔང་ཡིག”བཀལ་ཡོད།
“ང་ནི་སྡེ་བའི་ནང་དུ་ཚོང་གཉེར་ཆོག་འཐུས་དཔང་ཡིག་ལོན་མཁན་ཨང་དང་པོ་ཡིན། ན་ནིང་དབྱར་ཁར་ངེད་ཚང་དུ་ཞག་འདུག་བྱེད་མཁན་གྱི་ཡུལ་སྐོར་པ་ཤིན་ཏུ་མང་། ངའི་ཆུང་མ་སྔོན་ཆད་གཡོས་སྦྱོར་ནུས་རྩལ་གསོ་སྦྱོང་དུ་ཞུགས་མྱོང་བ་དང་། རང་ཡུལ་གྱི་ཁྱད་ཐོན་ཚོད་མ་ཡང་ཡག་པོ་རྔོད་ཐུབ་པས། ཡུལ་སྐོར་པས་དགའ་བསུ་ཐོབ་ཡོད། ཆེས་བཟང་བའི་སྐབས་སུ་ཐེངས་གཅིག་ལ་ཡུལ་སྐོར་པ20སྣེ་ལེན་བྱས་པས། ཞག་འདུག་གི་ཁར་ཟ་མ་བསྣན་ན་ཉིན་དེར་སྒོར2000ལྷག་བཙལ་ཐུབ་སོང་།”གསར་འགོད་པ་མཐོང་མ་ཐག ཧྲིན་ཧྲེང་ཧྥུས་རང་ཚང་གི་ཞིང་པའི་སྤྲོ་སྐྱིད་ཁང་མཚམས་སྦྱོར་བྱེད་ཅི་ཐུབ་བྱས། ལོ་ངོ་གཉིས་སྔོན་གྱི་ངོ་གནོང་ནས་སྨྲ་བ་ཉུང་བའི་མི་དེ་དང་བསྡུར་ན། རང་རློམ་དང་སྤྲོ་དགའ་ཡིས་བརྟས་ཡོད་པའི་ཁོ་རང་གིས་གསར་འགོད་པ་ཧང་སང་བར་བྱས།
ཞིང་ཆེན་ནོར་སྲིད་ཐིང་གིས་མངགས་པའི་འབུམ་ཁང་སྡེ་བའི་སྡེ་སྡོད་ལས་བྱེད་རུ་ཁག་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་སྡེ་མི་རྣམས་ལ་དབུལ་ཐར་ཕྱུག་བསྒྱུར་བྱེད་རོགས་བྱས་པ་སྟེ། ས་གཤིས་ཀྱི་ལེགས་ཆ་བེད་སྤྱོད་གང་ལེགས་བྱས་ཏེ་སྡེ་མི་རྣམས་ལ་ཞིང་སྡེའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བའི་སྐུལ་ལྕག་བྱས། ཡུལ་སྐོར་དེ་གནད་ཁེལ་དབུལ་སྐྱོར་དང་ཞིང་པའི་ཡོང་འཕར་གཉིས་ལ་མཉམ་འབྲེལ་དམ་ཚགས་བྱས་ནས། ཞིང་སྡེའི་ཡུལ་སྐོར་ཚད་ལྡན་ཅན་དུ་འཕེལ་རྒྱས་བྱུང་བར་ཡར་སྐུལ་བྱེད་པ་དང་། རྩལ་ནུས་གསོ་སྦྱོང་ནས་མགྲོན་ཁང་དྲིལ་སྒྲོག་ཡིག་ཆ་གཅིག་གྱུར་གྱིས་བཀྲམ་པ་དང་། དེ་ནས་ཞིང་པའི་སྤྲོ་སྐྱིད་ཁང་འབྱེད་པར་མཁོ་བའི་འབྲེལ་ཡོད་འགྲོ་ལུགས་ཆ་ཚང་དུ་གཏོང་བ་བཅས་ཀྱི་ཆེད་དུ་སྡེ་མི་རྣམས་ལ་རོགས་རམ་མི་ཉུང་བ་བྱས། རགས་རྩིས་བྱས་པ་ལྟར་ན། 2019ལོར་སྡེ་བ་ཡོངས་ནས་ཞིང་པའི་སྤྲོ་སྐྱིད་ཁང་ཕྱེས་པའི་ཁྱིམ་ཚང་རེའི་ཆ་སྙོམས་ཀྱི་ཡོང་སྒོ་སྒོར4000རེ་འཕར་བ་དང་། དུས་མཉམ་ལས25%འཕར།
ཐོན་ལས་འཕེལ་རྒྱས་སུ་གཏོང་བ་ནི་འབུམ་ཁང་སྡེ་བ་དབུལ་ཐར་ཕྱུག་འགྱུར་བྱེད་པའི་གནད་འགག་ཡིན། རྒྱབ་ཕྱོགས་ཀྱི་ཉི་ཟླ་རི་བོར་བརྟེན་ནས་ཡུལ་སྐོར་འཕེལ་རྒྱས་སུ་བཏང་བ་ལས་གཞན། ད་རུང་སྡེ་སྡོད་ལས་བྱེད་རུ་ཁག་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་ཡུལ་བབ་དང་བསྟུན་ནས་ནོར་ལུག་གསོ་སྤེལ་འཕེལ་རྒྱས་སུ་བཏང་སྟེ། དབུལ་ཕོངས་ཁྱིམ་ཚང་གིས་གསོ་སྤེལ་བྱེད་པའི་བརྩོན་སེམས་བསླངས། དུས་མཚུངས་སུ། སྡེ་བའི་ནང་དུ་རྩྭ་ཕག་ཁྱད་ལྡན་གསོ་སྤེལ་མུ་མཐུད་དུ་འཕེལ་རྒྱས་སུ་བཏང་བས། ད་ལྟ་རྩྭ་ཕག240གསོས་ཡོད་ལ། དེས་དབུལ་ཕོངས་ཁྱིམ་ཚང་གི་ལས་ཞུགས་ལ་སྐུལ་ཁྲིད་བྱས།
“ཞིང་པའི་སྤྲོ་སྐྱིད་ཁང་ནི་ཁྱིམ་ཚང་གི་ཡོང་སྒོའི་ཁག་ཅིག་ཡིན། 2017ལོར། ངས་སྡེ་བའི་ཆེད་ལས་གསོ་སྤེལ་ཁང་བརྒྱུད་ནས་ནོར་གནག་གསོ་སྤེལ་གྱི་ཚོང་ཁྲོམ་བཟང་བ་ཤེས་རྗེས། 2018ལོའི་ལོ་མགོར། ཆུང་མ་ལ་གྲོས་བྱས་ཏེ།‘530’དངུལ་བུན་བླངས་པའི་ཁར་རང་གི་བསགས་དངུལ་བཀོལ་ནས་ནོར་གནག40ཉོས། ལོ་གཉིས་ཀྱི་རིང་ལ་དལ་མོར་འཕེལ་རྒྱས་བྱུང་བ་བརྒྱུད་ནས། ད་ལྟ་ངེད་ཚང་གི་ནོར་གནག60རུ་འཕར་ཡོད། ལོ་རེར་སྒོར་ཁྲི་གཅིག་ནས་གཉིས་བར་གྱི་ཁེ་སྤོགས་ཡོད། དེའི་ཁར་དབྱར་ཁའི་ཞིང་པའི་སྤྲོ་སྐྱིད་ཁང་གི་ཁེ་སྤོགས་དང་རླངས་འཁོར་གྱི་འཁོར་ལོ་སྦྱོར་བ་གཉིས་བསྣན་ན་ལོ་རེར་སྒོར་ཁྲི6གི་ཡོང་སྒོ་ཡོད་པས། ཕྱིན་ཆད་ཀྱི་འཚོ་བ་ཇེ་སྐྱིད་ནས་ཇེ་སྐྱིད་ཡིན་ངེས”ཧྲིན་ཧྲེང་ཧྥུས་དེ་ལྟར་བཤད། ཁོ་ཚང་ལ་བཟའ་མི་ལྔ་ཡོད་ལ། བྱིས་པ་གསུམ་པོ་སློབ་གྲྭར་འགྲིམ་བཞིན་ཡོད། ལས་ལ་བརྩོན་པའི་བཟའ་ཟླ་གཉིས་ཀྱིས་བཟའ་མི་ལྔ་པོའི་ཁྱིམ་ཚང་ཇེ་སྐྱིད་ནས་ཇེ་སྐྱིད་དུ་བཏང་བར་མ་ཟད། ད་དུང་བྱིས་པ་རྣམས་སློབ་ཆེན་འགྲིམ་བྱེད་ཀྱི་སྒོར་མོའང་བསགས་ཡོད།
ཡུལ་སྐོར་དབུལ་སྐྱོར་གྱིས་སྔོན་ཆད་དབུལ་ཕོངས་ཡིན་པ་དང་དཀའ་སྡུག་ཆེ་བའི་རི་ཁུལ་འདི་མཛེས་སྡུག་འབྱོར་ཕྱུག་ལྡན་ཞིང་སྐྱེ་ཁམས་གཞིས་ཆགས་ལ་འཕྲོད་པའི་ཞིང་སྡེ་ཞིག་ཏུ་བསྒྱུར་ཡོད་པས། སྡེ་མི་རྣམས་ཀྱིས་ཡུལ་སྐོར་ཡོང་སྒོ་བཙལ་ནས་འབྱོར་འབྲིང་གི་ལམ་དུ་གོམ་པ་སྤོ་མགོ་བརྩམས།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།