རྒན་བཀུར་ཆུང་བྱམས་ནི་སྡེ་བ་བཟང་པོའི་རྒྱན་ཡིན།
2020.07.20 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 37

དབྱར་ཟླ་ལྔ་བའི་མཐོ་སྒང་གི་ཕྱི་སྣོད་ཀྱི་བཀོད་པར་སྐྱེ་སྟོབས་ཀྱི་དཔལ་ཀུན་ནས་རྫོགས་ཤིང་། ནང་བཅུད་ཀྱི་སེམས་ཅན་ལ་གསོན་ཤུགས་ཀྱི་མདངས་རྒྱས་པའི་དུས་ཚིགས་ཤིག་ཡིན་ཏེ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཐེ་ཀེ་ཞང་ཧོ་ལི་སི་གོང་མ་སྡེ་བའི་ལམ་འགྲམ་གྱི་ཞིང་སའི་སྟེང་གྲོ་དང་ནས་ཀྱི་སྙེ་མའི་མགོ་ལྕོག་ལྡེམ་ཞིང་། སྐེ་ཚེའི་མེ་ཏོག་སེར་ལམ་མེར་བཞད་ཡོད་ལ། གྲལ་དག་ཅིང་ཁོད་སྙོམས་པའི་སྡེ་བའི་སྲང་ལམ་དུ་བསྐྱོད་དུས། གྲོང་རྡལ་ཆུང་ཆུང་ཞིག་ཏུ་སླེབས་པ་ལྟ་བུའི་སྣང་བ་ཞིག་ངང་གིས་ཤར།

གསར་འགོད་པ་སྡེ་དམངས་ཕྱོགས་བསྡུས་ཞབས་ཞུ་བྱ་འགུལ་ཐང་ཆེན་དུ་སླེབས་སྐབས། ད་ལོར་ལོ་རེ་དྲུག་ལ་སོན་པའི་ཨ་ཁུ་ཚེ་འབྲུག་གི་གདོང་ལ་དགའ་བའི་འཛུམ་གྱིས་ཁེངས་བཞིན་གོམ་འགྲོས་དལ་མོའི་ངང་སྡེ་བའི་ཀུན་སྤྱོད་སློབ་ཁང་ངམ་རྒན་བཀུར་ཞབས་ཞུ་ཁང་དུ་འགྲོ་བཞིན་ཡོད། ཁོས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དབང་ཕྱུག་མཐོང་རྗེས།“ཧྲུའུ་ཅི་ལགས། ད་ལོར་རིམས་ནད་ཀྱི་དབང་གིས་ང་ཚོ་ལོ་ལོན་ཚོ་ནང་ལོགས་སུ་ལྟ་སྐོར་དུ་འཁྲིད་ཐུབ་རྒྱུ་མ་རེད་པ”ཞེས་དྲིས་བྱུང་། ང་ཚོས་དེ་མུར་རྒྱུས་ལོན་བྱུང་བ་ལྟར་ན། སྡེ་བ་དེར་བསྡོམས་པས་ཁྱིམ་ཚང་ཉིས་བརྒྱ་དོན་གསུམ་ཡོད་ལ། རྒྱ་བོད་སོག་ཧོར་བཅས་མི་རིགས་བཞི་ཡིས་གྲུབ་པའི་མི་རིགས་མང་པོ་མཉམ་འདུས་བྱས་ཡོད་པའི་སྡེ་བ་ཞིག་ཡིན་པ་དང་། སྔོན་ནས་ད་ལྟའི་བར་དུ་མི་རིགས་མཐུན་སྒྲིལ་སྐོར་གྱི་གནད་དོན་ཞིག་ཡེ་ནས་བྱུང་མ་མྱོང་བར་སྡེ་བ་ཡོངས་མཛའ་བརྩེ་དང་མཐུན་སྒྲིལ་ངང་འཚོ་བཞིན་ཡོད་པར་མ་ཟད། མེས་པོའི་རིང་ནས་བརྒྱུད་འོངས་པའི་རྒན་བཀུར་ཆུང་བྱམས་ཀྱི་སྲོལ་བཟང་མ་ཉམས་པར་རྒྱུན་འཛིན་དར་སྤེལ་བྱས་ཏེ། རང་སྡེ་བའི་རྒྱན་དང་ཕྱི་སྡེ་བའི་མིག་དཔེར་གྱུར་ཡོད།

2011ལོ་ནས་བཟུང་། ལོ་རེའི་ཟླ་དགུ་པའི་ཚེས་དགུ་ཉིན་སྡེ་བ་ཡོངས་ཀྱི་ལོ་དྲུག་ཅུ་ཡན་གྱི་རྒན་པ་རྣམས་གཞི་གཅིག་ཏུ་འཛོམས་ཏེ་སྟོན་མོ་ཆུང་ཆུང་ཞིག་འཐུང་བའི་སྲོལ་ཆགས་ཤིང་། ཉིན་དེར་སྡེ་བའི་ཁྱིམ་ཚང་རེ་རེ་ཡིས་རང་ལ་འཛོམས་ཚོད་ཀྱིས་གོ་རེ་དང་ཇ། ཀ་ར་སིལ་ཏོག་སོགས་ཀྱི་སྟོན་སྐལ་ཁྱེར་ཡོང་བར་མ་ཟད། “ཡོད་པོས་རྟ་འབུལ་མཛོ་འབུལ། མེད་པོས་ཁབ་དང་སྐུད་པ”ཞེས་པའི་དཔེ་ལྟར་དུ་སྡེ་བའི་ལོ་ལོན་ཚོར་སྒོར་མོའི་ཞལ་འདེབས་ཀྱང་འབུལ་བཞིན་ཡོད་དེ། དཔེར་ན་སྡེ་བའི་ཕྱུག་བསྒྱུར་སྣེ་ཁྲིད་མཁན་ཚེ་དབང་རྒྱལ་ལྟ་བུར་མཚོན་ན། སློབ་ཆུང་མ་གཏོགས་འགྲིམས་མ་མྱོང་ཞིང་རིག་གནས་ཀྱི་ཆུ་ཚད་དེ་འདྲ་མཐོ་རྒྱུ་མེད་རུང་། ལོ་དུ་མའི་རིང་ལ་ཉམས་མྱོང་མང་པོ་བསགས་ནས་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། ད་ལྟ་མཚོ་ལྷོ་ཁུལ་ན་དྲ་རྒྱ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་བོད་རིགས་ཁེ་ལས་པ་གཅིག་པུར་གྱུར་ཡོད་ཅེས་བཤད་ཆོག ཁོས་ང་ཚོར་བཤད་རྒྱུར།“རང་གི་དྲིན་ཆེན་ཕ་ལོ་སྔ་མོ་ནས་འདས་སོང་མོད། འོན་ཀྱང་སྡེ་བའི་ལོ་ལོན་ཚོ་ནི་རང་གི་ཕ་མ་དང་གཅིག་འདྲ་ཡིན། ཁོ་ཚོར་སྐྱིད་རེ་རྒྱག་གི་འཇུག་ཐུབ་ན་དེ་ནི་རང་གི་བསོད་ནམས་ཤིག་ཏུ་བརྩིས་ཡོད”ཟེར། ཁོ་རང་ནམ་རྒྱུན་བྱ་བའི་ཐད་བྲེལ་བ་ཅི་འདྲ་ཆེ་རུང་། ལོ་རེའི་དགུ་པའི་ཚེས་དགུའི་རྒན་བཀུར་གསོལ་སྟོན་གྱི་ཉིན་མོར་ཧ་ལམ་ཐེངས་གཅིག་ཀྱང་ཆག་མ་མྱོང་ལ། ད་རག་བར་དུ་སྒོར་མོའང་མི་ཉུང་བ་ཞིག་ཞལ་འདེབས་སུ་ཕུལ་མྱོང་བ་རེད། སྡེ་བ་ཡོངས་འཆམ་མཐུན་ཕྱོགས་སུ་བསྐྱོད་པའི་ལམ་ཁ་རུ། ཚེ་དབང་རྒྱལ་ལྟ་བུའི་མི་བུ་ལྷག་བསམ་ཅན་མང་པོ་བྱུང་ཞིང་། ཁོ་ཚོས་ཕུལ་བའི་ཞལ་འདེབས་ཀྱི་སྒོར་མོ་ཕྱོགས་གཅིག་ཏུ་བསྡོམས་ཏེ། སྡེ་བའི་རྒན་རྒོན་ཚོ་པེ་ཅིན་དང་ཧྲང་ཧའེ། སན་ཡ། སི་ཁྲོན་སོགས་ནང་ལོགས་ས་ཆར་ལོ་གཉིས་རེའི་ནང་ཐེངས་རེར་ལྟ་སྐོར་དུ་འཁྲིད་པའི་གྲོན་དངུལ་བྱས་པར་མ་ཟད། དུས་རྒྱུན་ཁྱིམ་མི་ཚོ་ལས་ཀར་སོང་བ་དང་ཚ་བོ་ཚ་མོ་སློབ་གྲྭར་བསྐྱལ་རྗེས་རྒན་རྒོན་ཚོ་སྡེ་བའི་རྒན་བཀུར་ཞབས་ཞུ་ཁང་གི་འགྲམ་དུ་ཐབ་ཚང་ཆུང་ཆུང་ཞིག་ལས་ཡོད་པ་དེར་ཡོང་ན་ལྷན་དུ་རིན་མེད་ཀྱི་གུང་ཟས་ཀྱང་འདོན་སྤྲོད་བྱེད་བཞིན་ཡོད།

རྒན་བཀུར་བྱམས་སྐྱོང་གི་སྲོལ་བཟང་འདི་རྒྱུན་ཆད་མེད་པར་ཇེ་རྒྱས་ཇེ་ལེགས་སུ་གཏོང་ཆེད། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་རྩ་འཛུགས་བྱས་འོག 2019ལོའི་ལོ་མཇུག་ཏུ། བུད་མེད་བཅོ་བརྒྱད་ཀྱིས་གྲུབ་པའི་སྡེ་བའི་བྱམས་བརྩེ་དང་བླངས་ཞབས་ཞུ་རུ་ཁག་དངོས་སུ་བཙུགས་ཏེ། སྡེ་བའི་ནང་གི་རྒྱུན་ལྡན་འཚོ་བའི་ཁྲོད་དུ་དཀའ་ཁག་ཆེ་བ་དང་ཁེར་ཧྲེང་དུ་ལུས་པ། འགུལ་སྐྱོད་བྱེད་པར་སྟབས་མི་བདེ་བའི་རྒན་པ་རྣམས་ལ་ཁྱིམ་ལས་ལས་རོགས་དང་ཟ་མ་གཡོ་སྐོལ། ཁང་ཁྱིམ་གཙང་སྦྲ་བྱེད་པ་སོགས་ཀྱི་ལས་ཀ་ལས་རོགས་བྱས་པས། ཤ་ཁྲག་གི་འབྲེལ་བ་མེད་ཀྱང་ཤ་ཚ་ཚ་དང་སྙིང་ཉེ་ཉེ་བྱས་ནས་རང་གི་ཕ་མ་ལྟར་སྐྱོང་བའི་བུད་མེད་དེ་ཚོས་སྡེ་བའི་ནང་གི་རྒན་པ་ཚོར་སེམས་འགུལ་ཐེབས་ནས་མིག་ཆུ་ཤོར་དུ་བཅུག་པའང་ཐེངས་གཅིག་མིན་ལ། དེ་ལས་གཞན་ད་དུང་ཁོ་མོ་ཚོས་རང་འགུལ་གྱིས་སྡེ་ལམ་ཕྱགས་པ་དང་དགུན་ཁར་རུ་བར་གྱི་ཁ་བ་ཕྱགས་པ་སོགས་ཀྱི་ལས་ཀ་མང་པོ་མང་པོ་ཞིག་མ་བསྐུལ་དང་བླངས་སྒོས་སྒྲུབ་ཀྱིན་ཡོད་པ་དེ་སྡེ་བའི་སྲོལ་བཟང་ཞིག་ཏུ་གྱུར་ཡོད་པ་རེད།

ཉེ་བའི་ལོ་འདི་འགར། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་སྣེ་ཁྲིད་འོག ས་གནས་གང་ཡིན་སར་ཕྱི་དངོས་པོའི་དཔལ་ཡོན་བླ་ལྷག་ཏུ་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་མིག་མཐོང་ལག་ཟིན་གྱིས་ཤེས་ཐུབ་ལ། དེ་དང་མཉམ་དུ་ནང་བསམ་པའི་དཔལ་ཡོན་ཡང་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་པ་ནི་ཧོ་ལི་སི་གོང་མ་སྡེ་བའི་སྣང་ཚུལ་འདི་ལྟ་བུ་ལས་ངང་ངམ་ཤུགས་ཀྱིས་ཚོར་ཐུབ་པས། དངོས་གནས་རྒྱལ་ཁམས་བདེ་ཞིང་མི་དམངས་སྐྱིད་པའི་སྐལ་བཟང་རྫོགས་ལྡན་གྱི་དུས་ཤིག་ལ་སླེབས་འདུག

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།