རྡོ་སྦིས་ཡུལ་དུ་རིག་གནས་དར་ཞིང་རྒྱས།
2020.07.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 48

ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་རྡོ་སྦིས་བོད་རིགས་ཡུལ་ཚོ་དམའ་རིམ་སློབ་འབྲིང་གི་དཔེ་མཛོད་ཁང་དུ། ཀླུ་རྒྱལ་ཚེ་རིང་གིས་དཔེ་སྒྲོམ་སྟེང་གི་ཐར་ཐོར་དུ་འཁྱོར་བའི་དཔེ་ཆ་རྣམས་སྒྲིག་བཞིན་པའི་སྐབས་སུ་གློ་བུར་དུ་ཁ་པར་གྱི་སྒྲ་གྲགས་བྱུང་།

“དགེ་རྒན་ཀླུ་རྒྱལ་ལགས། ང་ཀླུ་མོ་ཚེ་རིང་ཡིན། ཉེ་ལམ་ཁྱེད་རང་བདེ་མོ་ཡིན་ནམ། ང་རང་ད་ལོ་སློབ་ཆེན་གྱི་ལོ་རིམ་བཞི་པ་ཡིན། ངས་ཞིབ་འཇུག་སློབ་མར་རྒྱུགས་སྤྲོད་མིན་ཐད་ནས་སེམས་ཐག་གཅོད་དཀའ་བས། ཁྱེད་ཀྱིས་ང་ལ་གྲོས་གཞི་ཞིག་བཏོན་ན་ཅི་འདྲ་རེད” ཅེས་དྲིས་བྱུང་། ཀླུ་མོ་ཚེ་རིང་ནི་རྡོ་སྦིས་ཡུལ་ཚོ་རྒྱལ་ཚང་སྡེ་བའི་མི་ཡིན་ལ། ད་ལྟ་མཚོ་སྔོན་མི་རིགས་སློབ་ཆེན་དུ་སློབ་གཉེར་བྱེད་བཞིན་ཡོད་པ་དང་། སྔོན་ཆད་ཀླུ་རྒྱལ་ཚེ་རིང་གི་སློབ་མ་རེད།

“ཞིབ་འཇུག་སློབ་མར་རྒྱུགས་སྤྲོད་ཐུབ་ན་ཧ་ཅང་བཟང་གི  ངས་བལྟས་ན་ཞིབ་འཇུག་སློབ་མར་རྒྱུགས་སྤྲོད་དགོས་པར་མ་ཟད། ཆ་རྐྱེན་ཡོད་ན་ད་རུང་འབུམ་རམས་པར་རྒྱུགས་སྤྲོད་ཐུབ་ན་དེ་ལས་བཟང་། རང་རེའི་རྡོ་སྦིས་ཡུལ་འདི་མཐའ་འཁོབ་ཏུ་གནས་ཤིང་དཔལ་འབྱོར་རྗེས་ལུས་ཡིན་མོད། འོན་ཀྱང་ང་ཚོར་སློབ་སྦྱོང་བྱེད་རྒྱུར་དགའ་བའི་གོམས་སྲོལ་ཆགས་ཡོད། ཁྱོད་ཀྱིས་སློབ་གཉེར་བྱེད་རྒྱུར་དགའ་བའི་བསམ་བློ་འདི་རྒྱུན་བསྐྱངས་ནས། རང་རེའི་ཡུལ་ཚོའི་འབུམ་རམས་པ29པར་འགྱུར་བར་ཧུར་བརྩོན་བྱེད་དགོས། ”ཞེས་ཀླུ་རྒྱལ་ཚེ་རིང་གིས་སེམས་ཐག་ཆོད་པའི་སྒོ་ནས་དེ་ལྟར་བཤད་པ་དང་། ཁ་པར་གྱི་ཁ་མ་བརྒྱབ་པའི་སྔོན་ལ་རང་གི་སློབ་མར་སློབ་སྦྱོང་ལ་བརྩོན་པ་བསྐྱེད་དགོས་པ་དང་། ཤེས་བྱ་ལ་བརྟེན་ནས་ལས་དབང་ལ་ཁ་ལོ་བསྒྱུར་ཏེ། བཟའ་མི་གང་བོའི་ཁོག་དཔུང་འཛིན་དགོས་པའི་མངག་བཅོལ་ཡང་ཡང་བྱས།

ཁ་པར་གྱི་ཁ་བརྒྱབ་རྗེས་ཀླུ་རྒྱལ་ཚེ་རིང་ལ་ད་རུང་སེམས་མི་བདེ་བའི་སྣང་བ་ཞིག་བྱུང་བས། ཉིན་འགའི་རྗེས་སུ་ཀླུ་མོ་ཚེ་རིང་ལ་ཁ་པར་བཏང་སྟེ་ཡང་བསྐྱར་སློབ་སྦྱོང་གི་གནས་ཚུལ་འདྲི་རྒྱུའི་སེམས་ཐག་བཅད། འདི་ནི་སློབ་མས་བཏང་བའི་ཁ་པར་ཐེངས་དུ་བ་ཡིན་པ་ཁོ་རང་ཉིད་ཀྱིས་ཀྱང་མི་ཤེས་མོད། འོན་ཀྱང་སློབ་མ་རྣམས་ཀྱི་འཚོ་བའི་ཐད་ཀྱི་དཀའ་སྡུག་དང་སློབ་སྦྱོང་ཐད་ཀྱི་དཀའ་ངལ་སོགས་གང་ཞིག་ཡིན་རུང་། ཁོས་སུན་པ་མེད་པར་ལན་འདེབས་པ་དང་སྐུལ་ལྕག་ཡང་ཡང་བཏང་སྟེ། སློབ་མ་རྣམས་ཀྱིས་མུ་མཐུད་དུ་སློབ་སྦྱོང་གི་མཇུག་སྐྱོང་བར་རོགས་སྐྱོར་ཅི་ཐུབ་བྱེད་ཀྱིན་ཡོད།

སློབ་ཐུན་གྲོལ་བའི་ཅོང་བརྡ་གྲག་བྱུང། རྡོ་སྦིས་དམའ་རིམ་སློབ་འབྲིང་གི་ཟླ་རྒྱུགས་ཀྱི་ཆེས་མཇུག་མཐའི་རྒྱུགས་བླངས་ཚར་ནའང་། རྒྱུགས་ར་ནས་ཐོན་པའི་སློབ་མ་རྣམས་ཡུལ་ལ་འགྲོ་བར་མི་བྲེལ་བར་ཚང་མ་གཅིག་རྗེས་གཉིས་མཐུད་ཀྱིས་དཔེ་མཛོད་ཁང་གི་ཕྱོགས་སུ་རྒྱུག

“ཚང་མ་འཚང་ཁ་མ་རྒྱག དཔེ་ཆ་བླངས་རྗེས་འདུག་སྟེགས་སྟེང་སོང་ནས་དལ་ཅག་གེར་དཔེ་ཆ་ལྟོས། སྐད་ཆེན་པོ་མ་རྒྱག རང་ཉིད་ཀྱི་མིག་འབྲས་ལ་སྲུང་སྐྱོབ་བྱེད་པ་ནང་བཞིན་དཔེ་ཆར་གཅེས་སྐྱོང་བྱེད་དགོས”ཞེས་ཀླུ་རྒྱལ་ཚེ་རིང་གིས་ཕྱོགས་གཅིག་ནས་བྱིས་པ་ཚོས་དཔེ་ཀློག་བྱེད་པར་བཀོད་སྒྲིག་བྱེད་བཞིན་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་བྱིས་པ་ཚོས་སྐོམ་པ་ཆུ་འདོད་བཞིན་དཔེ་ཀློག་བྱེད་པར་ལྟ་བཞིན་སེམས་ནས་དགའ་སྣང་ཞིག་སྐྱེས་པ་དང་། ཁོ་སྤུན་གསུམ་གྱི་སློབ་སྦྱོང་གི་བརྒྱུད་རིམ་ལའང་ཕྱིར་དྲན་ཐེངས་ཤིག་བྱས།

“ཨ་ཕ་དུས་རྒྱུན་སྒོ་ཕྱིར་སོང་ནས་ཞོར་ལས་བྱེད་དགོས་པ་དང་། ཨ་མས་ང་ཚོར་གཉོར་སྐྱོང་བྱེད་པའི་ཞོར་དུ་ད་དུང་ཞིང་ལས་ཀྱི་ལས་ཀ་ཡང་ལས་དགོས། ཅི་ཞིག་ལ་འདི་ལྟར་བྱེད་དགོས་པ་ཡིན་ནམ། རྒྱུ་མཚན་སྒོར་མོ་མང་པོ་བཙལ་ནས་ང་ཚོ་སྤུན་གསུམ་པོ་སློབ་གྲྭར་བསྐྱལ་བའི་ཆེད་ཡིན་པ་རེད།”སྐབས་དེར་ལོ་ན་བཅོ་བརྒྱད་ལ་སོན་པའི་ཀླུ་རྒྱལ་ཚེ་རིང་དང་སྤུན་མཆེད་ཚོས་དབྱར་གནང་གི་སྐབས་སུ་ཕ་མར་རོགས་རམ་བྱས་ནས་ཞོར་ལས་བྱས་པ་དང་། ད་དུང་རི་མགོར་སོང་ནས་སྨན་རྩྭ་འཐུས་ན། ཉིན་གཅིག་ལ་སྒོར་མོ་འགའ་བཙལ་ཐུབ། སྒོར་མོ་དེ་དག་ཕ་མར་སྤྲད་དེ་སློབ་ཡོན་བྱེད་བཞིན་ཡོད་པ་རེད། ས་རུབ་དུས། ཁོ་རང་ཐང་ཆད་ནས་གོམ་པ་ལེན་དཀའ་ཡང་། ད་དུང་སྤུན་ཆུང་ཚོར་སློབ་སྦྱོང་བཟང་པོ་བྱས་ནས་འཚོ་བ་སྐྱིད་པོ་ཞིག་རོལ་དགོས་པའི་སློབ་གསོ་གཏོང་བཞིན་ཡོད་པ་རེད།

ཡུལ་ལ་ལོག་པའི་ལམ་བར་དུ། ནུ་བོ་པད་མ་དབང་རྒྱལ་གྱིས་འཛུམ་དམུལ་དམུལ་གྱི་སྒོ་ནས“ཕུ་བོ། ཁྱོད་རང་མི་འགྱངས་བར་འབྲིང་རྒྱུགས་ལ་ཞུགས་དགོས། ངས་བསམ་ན་ཁྱོད་ཀྱི་རྒྱུགས་འཕྲོད་ཐུབ་པ་ཁོ་ཐག་ཡིན”ཞེས་ཕུ་བོར་སྐུལ་མ་ཡང་གནང་མྱོང་།

“གལ་ཏེ་ངས་རྒྱུགས་མ་འཕྲོད་ན། ངས་ཡུལ་ནས་སྒོར་མོ་བཙལ་ཏེ་ཁྱོད་གཉིས་སློབ་གྲྭ་ཆེན་མོ་འགྲིམས་པའི་སློབ་ཡོན་བཙལ་རྒྱུ་བྱེད། ཁྱོད་གཉིས་ཀྱིས་ངེས་པར་དུ་སློབ་སྦྱོང་བཟང་པོ་བྱེད་དགོས”ཞེས་བཤད་པ་ན། ཕུ་བོས་བཤད་པའི་སྐད་ཆ་དེས་མ་གཞི་སྒོར་མོ་བཙལ་ནས་དགའ་སྤྲོའི་ངང་ཡུལ་ལ་ལོག་བཞིན་པའི་སྤུན་གསུམ་པོས་གོམ་མཚམས་བཞག་བྱུང་། མཚན་མོའི་སྨུག་ནག་ཡང་། ཟླ་འོད་ཀྱི་མཁའ་འོག་ནས་སྤུན་གསུམ་པོའི་མིག་མཐའ་མཆི་མས་བརླན་འདུག

རྒྱལ་ཚང་སྡེ་བའི་ས་གཤིས་ཁོར་ཡུག་ཧ་ཅང་ཞན་པའི་དབང་གིས་ཞིང་ལས་དང་ཕྱུགས་ལས་གང་ཞིག་གཉེར་རུང་ཡོང་སྒོ་བཟང་པོ་ཞིག་ལོན་མི་ཐུབ་པས། དབུལ་ཕོངས་སྡེ་བའི་གྲས་སུ་ཚུད་ཡོད། རང་ཉིད་ཀྱི་ལས་དབང་བསྒྱུར་བ་དང་དབུལ་ཕོངས་ལས་ཐར་དགོས་ན་སློབ་སྦྱོང་ལ་བརྩོན་པ་ལས་ཐབས་གཞན་མེད།

བརྩོན་པ་ཅན་རྣམས་གནམ་གྱིས་སྲུང་། 1993ལོར། ཀླུ་རྒྱལ་ཚེ་རིང་གིས་ལའོ་ཏུའུ་དགེ་ཐོན་སློབ་གྲྭར་རྒྱུགས་འཕྲོད་པ་དང་། མཐར་ཕྱིན་རྗེས་རང་གི་ཕ་ཡུལ་དུ་ལོག་ནས་བོད་རྒྱ་སྐད་གཉིས་ཀྱི་དགེ་རྒན་བྱས། ཁོར་དམིགས་ཡུལ་ཉག་གཅིག་ཡོད་པ་ནི་ནུས་ཚོད་ཀྱིས་རང་གི་ནུ་བོ་གཉིས་དང་ཡུལ་ཚོ་ཡོངས་ཀྱི་བྱིས་པ་རྣམས་སློབ་ཆེན་འགྲིམ་དུ་བཅུག་སྟེ། དབུལ་ཕོངས་ལས་ཐར་དུ་འཇུག་རྒྱུ་དེ་རེད།

དེའི་རྗེས་སུ། ཀླུ་རྒྱལ་ཚེ་རིང་གིས་རང་ཉིད་ཀྱི་ཟླ་ཕོགས་ཡོད་ཚད་ཨ་ཕར་སྤྲད་དེ་ཁྱིམ་ཚང་སྐྱོང་རོགས་བྱས་པ་ལས་གཞན། སློབ་སྦྱོང་གི་ཐད་ནས་ནུ་བོ་ཚོར་རྒྱུན་ཆད་མེད་པར་ཡར་སྐུལ་བྱས། མི་ལ་བརྩོན་འགྲུས་ལྡན་གྱུར་ན། མི་འགྲུབ་བྱ་བ་གང་ཡང་མེད་ཅེས་པའི་དཔེ་བཞིན། བཟའ་མི་གང་བོའི་ཧུར་བརྩོན་འོག་ནུ་བོ་པདྨ་དབང་རྒྱལ་ཀྲུང་དབྱང་ཁྲིམས་འཛིན་ཉེན་རྟོག་དམག་དཔོན་སློབ་གླིང་དུ་རྒྱུགས་འཕྲོད་པ་དང་། ནུ་བོ་ཀླུ་རྒྱལ་དོན་གྲུབ་ཡུལ་ཚོ་ཡོངས་ཀྱི་པེ་ཅིན་སློབ་ཆེན་ནས་མཐར་ཕྱིན་པའི་འབུམ་རམས་པ་དང་པོར་གྱུར།

“ནུ་བོས་པེ་ཅིན་སློབ་ཆེན་གྱི་འབུམ་རམས་པར་རྒྱུགས་འཕྲོད་པའི་སྐབས་སུ། སྡེ་བ་ཡོངས་ཀྱི་གྲོགས་པོ་དང་ཉེ་མི་ཚང་མ་ཁྱིམ་དུ་ཡོང་ནས་རྟེན་འབྲེལ་ཞུས། ཉིན་དེར་བཟའ་མི་གང་བོའི་སེམས་སུ་དགའ་སྤྲོས་ཁེངས་ཤིང་། ཡུན་རིང་པོར་ཕྱི་རུ་ལས་ཀ་ལྗིད་མོ་ལས་པའི་དབང་གིས་སྒལ་བ་སྒུར་ཡོད་པའི་ཨ་ཕའི་སྒལ་བའང་ཉིན་དེར་ཇེ་དྲང་དུ་སོང་ཡོད་པའི་ཚོར་བ་སྟེར།”ནུ་བོ་པེ་ཅིན་སློབ་ཆེན་གྱི་འབུམ་རམས་པར་རྒྱུགས་འཕྲོད་པའི་ཉིན་དེའི་གནས་ཚུལ་གླེང་དུས་ཀླུ་རྒྱལ་ཚེ་རིང་གི་གདོང་ལ་སྐྱིད་མདོག་ཞིག་གིས་ཁེངས་འདུག

2014ལོར་ནུ་བོ་པེ་ཅིན་སློབ་ཆེན་གྱི་འབུམ་རམས་པར་གྱུར་པའི་ཉིན་དེ་ནས་བཟུང་། སྡེ་མི་ཚང་མས་ངེད་ཚང་གི་ཁྱིམ་མི་རྣམས་ལ་མིང་གཞན་ཞིག་བཏགས་པ་སྟེ། པེ་ཅིན་སློབ་ཆེན་འབུམ་རམས་པའི་ཨ་ཕ་དང་པེ་ཅིན་སློབ་ཆེན་འབུམ་རམས་པའི་ཨ་མ། པེ་ཅིན་སློབ་ཆེན་འབུམ་རམས་པའི་ཕུ་བོ་སོགས་སུ་བོས་པ་དེས་སྡེ་བ་གང་བོས་ཀླུ་རྒྱལ་ཚེ་རིང་བཟའ་མི་གང་བོར་ཡིད་སྨོན་དང་བརྩི་བཀུར་བྱས་པའི་རྣམ་འགྱུར་མཚོན་ཡོད།

ནུ་བོ་ཚང་མ་སློབ་ཆེན་དུ་བསྐྱལ་ནས་བསླབ་གནས་བླངས་ཡོད་ནའང་ཀླུ་རྒྱལ་ཚེ་རིང་གི་གོམ་མཚམས་སྔར་བཞིན་བཞག་མ་མྱོང་། སློབ་གྲྭ་ན་ཡོད་པའི་སློབ་མའམ་ཡང་ན་མཐའ་འཁོར་གྱི་ཁྱིམ་མཚེས་ཁྱིམ་ཚང་གི་བྱིས་པ་སུ་ཞིག་ཡིན་རུང་སློབ་སྦྱོང་དང་འབྲེལ་བ་ཡོད་པའི་བྱ་བ་ཞིག་ཡིན་ན་ཀླུ་རྒྱལ་ཚེ་རིང་དང་ཁོའི་ནུ་བོ་ཚོས་རོགས་རམ་བྱེད་ཅི་ཐུབ་བྱས་པ་རེད།

རི་བོའི་ཕུག་ཏུ་ཆགས་ཤིང་འགྲིམ་འགྲུལ་སྟབས་མི་བདེ་ནའང་བོད་རིགས་ཀྱི་ཡུལ་ཚོ་འདིར་གཞན་ལ་མེད་པའི་སློབ་སྦྱོང་གི་སྤྲོ་བ་དང་སློབ་སྦྱོང་གི་སྒུལ་ཤུགས་ཤིག་ལྡན།

“སྔོན་ཆད། བོད་ཁུལ་གྱི་སྡེ་བ་ཚང་མས་ཕན་ཚུན་བར་གྱི‘སྐྱིད་སྣང’འགྲན་སྐབས། རྒྱུན་དུ་གཅིག་ནས་རྩྭ་སའི་སྟེང་གི་ནོར་ལུག་འགྲན་པ་དང་། གཉིས་ནས་ཞིང་ཁའི་ལོ་ཏོག་འགྲན་པ་ཡིན་ལ། ད་ལྟ། སློབ་མའི་མང་ཉུང་དང་བསླབ་རིམ་གྱི་མཐོ་དམའ་ཞེས་པའི་ངོམ་བྱ་གསར་པ་ཞིག་བྱུང་ཡོད། ཀླུ་རྒྱལ་དོན་གྲུབ་པེ་ཅིན་སློབ་ཆེན་གྱི་འབུམ་རམས་པར་རྒྱུགས་འཕྲོད་པ་དེས་བོད་རིགས་ཞིང་པ་རྣམས་ཀྱིས་བུ་ཕྲུག་སློབ་གྲྭར་སྐྱེལ་བའི་ཧུར་བརྩོན་རང་བཞིན་ལ་སྐུལ་ལྕག་ཐོབ་པས། རྡོ་སྦིས་ཡུལ་གྱི་སློབ་མ་རྣམས་ཀྱི་སློབ་གཉེར་གྱི་སྙིང་སྟོབས་ཆེས་ཆེར་འཕར། སློབ་གྲྭར་འགྲོ་བའི་ལོ་ཚོད་དུ་ཐོན་ན་ཕོ་མོ་ལ་དབྱེ་བ་མེད་པར་ཕུ་ནུ་མིང་སྲིང་ཚང་མ་མཉམ་དུ་སློབ་གྲྭར་མངགས་བཞིན་ཡོད། ཁྱིམ་བདག་རྣམས་ཀྱིས་རྒྱུན་དུ་རང་འགུལ་སྒོས་དགེ་རྒན་བཙལ་ནས་སློབ་མའི་སློབ་སྦྱོང་གི་གནས་ཚུལ་རྒྱུས་ལོན་བྱེད་པ་དང་། ཁྱིམ་བདག་ཚོགས་འདུ་བསྡུ་ཐེངས་རེར་མི་ཞུགས་མཁན་གཅིག་ཀྱང་མེད”ཅེས་རྡོ་སྦིས་ཡུལ་ཚོའི་འགོ་གཙོ་དཀོན་མཆོག་བཀྲ་ཤིས་ཀྱིས་དེ་ལྟར་བཤད།

བྱིས་པ་རྣམས་ཀྱི་སློབ་སྦྱོང་ལ་རྒྱབ་སྐྱོར་བྱེད་ཆེད། རྡོ་སྦིས་ཡུལ་ཚོའི་སློབ་ཁུལ་དུ་སློབ་གྲྭ་ཆུང་འབྲིང16བཙུགས་པ་དང་། དེའི་ནང་དུ་དམའ་རིམ་སློབ་འབྲིང1དང་ཆ་ཚང་སློབ་ཆུང5། ལྟེ་གནས་བྱིས་གཉོར་ཁང1། སློབ་ཁྲིད་བྱེད་གནས9བཅས་ཡོད།

ལོ་ངོ10ཡི་རིང་ལ། ཡུལ་ཚོ་ཡོངས་ཀྱིས་མཉམ་དུ་ཧུར་བརྩོན་བྱས་པ་བརྒྱུད་རྡོ་སྦིས་ཡུལ་ཚོའི་མི་རིགས་སློབ་གསོའི་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས། རགས་རྩིས་བྱས་པ་ལྟར་ན། སློབ་ཆེན་དང་འབྲིང་རིམ་ཆེད་སྦྱོང་སློབ་གྲྭར་བསྐྱལ་བའི་སློབ་མ་བསྡོམས་པས5000ལྷག་ཡོད་ལ། དེ་ལས་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ནི་ཡུལ་ཚོ་ཡོངས་སུ་བསྡོམས་པས་བོད་རིགས་འབུམ་རམས་པ28སྐྱེད་སྲིང་བྱས་ཡོད་པས། དེ་དག་གིས་ལས་རྐང་སྣ་ཚོགས་ཀྱི་སྟེང་དུ་རྒྱལ་ཁབ་ལ་བྱས་རྗེས་ཕུན་སུམ་ཚོགས་པ་བཞག་དང་འཇོག་བཞིན་ཡོད།

 ཀླུ་རྒྱལ་ཚེ་རིང་གིས་མུ་མཐུད་དུ་རང་ཉིད་ཀྱི་སློབ་གསོའི་ལས་རྐང་བརྟན་པོར་བསྲུངས་ནས་བྱིས་པ་རྣམས་ཀྱི་སློབ་ཆེན་གྱི་འདུན་མ་མངོན་འགྱུར་བྱེད་པར་རང་ནུས་ཅི་ཡོད་འདོན་བཞིན་ཡོད། རྡོ་སྦིས་ཡུལ་ཚོ་སྲིད་གཞུང་དུ་ཡུལ་ཚོའི་དམངས་ཆེན་ཀྲུའུ་ཞི་ཡི་འགན་འཁུར་ཡོད་པའི་ནུ་བོ་པདྨ་དབང་རྒྱལ་གྱིས་མང་ཚོགས་ཀྱི་དཀའ་ཁག་སེལ་ཅི་ཐུབ་བྱེད་པ་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧའེ་ཡན་རྫོང་གི་རྫོང་དཔོན་གཞོན་པའི་འགན་འཁུར་ཡོད་པའི་ནུ་བོ་ཀླུ་རྒྱལ་དོན་གྲུབ་ཀྱིས་བྱ་བའི་ལས་རྐང་དང་པོ་ན་མང་ཚོགས་མང་པོ་དབུལ་ཕོངས་ལས་ཐར་ཏེ་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་པའི་ཐད་རང་ནུས་ཅི་ཡོད་འདོན་བཞིན་ཡོད་པ་རེད།

ལོ་ཙཱ། ཚེ་རིང་སྒྲོལ་མ།