གང་དུ་དཀའ་ཁག་ཡོད་ན་དེ་རུ་སྔོན་ལ་ཐོན་དགོས།
2020.07.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

 ཀུན་བཟང་ཆོས་ལྡན་ནི་ས་སྐྱེས་རྡོ་སྐྱེས་ཀྱི་ཡུལ་ཤུལ་བ་ཞིག་ཡིན་པར་མ་ཟད། ལས་ཞུགས་གསར་སྐྲུན་གྱི་ཐད་ལ་གྲུབ་འབྲས་བླངས་ཡོད་མཁན་ཞིག་ཀྱང་རེད།  དེ་དག་ལས་ཀྱང་གལ་ཆེ་བ་ནི་ཁོ་རང་ཕུགས་བསམ་བརྟན་པོ་ཡོད་མཁན་ཞིག་དང་སྤྱི་ཚོགས་ལ་བྱས་རྗེས་འབུལ་མཁན་གྱི་དམག་ཁོངས་ནས་ཕྱིར་བུད་པའི་དམག་མི་ཞིག་རེད

ཁྱི་ལྡོམ་མང་པོ་སྲང་ལམ་དུ་གང་སར་རྒྱུ་ཞིང་མི་རྣམས་ཕར་འགྲོ་ཚུར་འོངས་བྱེད་པར་བར་ཆད་བཟོ་བའི་སྐབས་སུ་ང་ཚོས་ཀུན་བཟང་ཆོས་ལྡན་མཐོང་ཐུབ་ལ་འབྲི་ཆུའི་སྲུང་སྐྱོབ་ས་ཁུལ་གྱི་གད་སྙིགས་ཕུང་བོར་ཆགས་དུས་ང་ཚོས་ཀུན་བཟང་ཆོས་ལྡན་མཐོང་ཐུབ།  རིམས་ནད་གློ་བུར་དུ་ཐོན་སྐབས་མང་ཚོགས་ལ་ཁ་ཐུམ་མི་འདང་བའི་སྐབས་སུ་ང་ཚོས་ཀུན་བཟང་ཆོས་ལྡན་མཐོང་ཐུབ་པ་དང་།ཡུས་ཧྲུའུ་རུ་ས་གཤིས་གནོད་འཚེ་བྱུང་སྐབས་ང་ཚོས་དེ་བས་ཀྱང་ཀུན་བཟང་ཆོས་ལྡན་མཐོང་བྱུང་། མདོར་ན། ཕ་ཡུལ་ལ་དཀའ་ངལ་བྱུང་ཐེངས་རེ་ལ་ང་ཚོས་ཀུན་བཟང་ཆོས་ལྡན་གྱི་གཟུགས་སྟོབས་ཆེ་བའི་སྣང་བརྙན་དེ་མཐོང་ཐུབ།  ཁོས་རང་ཉིད་འཚར་ལོངས་བྱུང་སའི་ཕ་ཡུལ་དེ་སྲུང་སྐྱོབ་ཡག་པོར་བྱ་རྒྱུའི་ཆོད་སེམས་བརྟན་པོ་བཞག་ཡོད།

ཉིས་སྟོང་བཅུ་ལོའི་ཟླ་བཞི་བའི་ཚེས་བཅུ་བཞི་ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ལ་ས་འགུལ་དྲག་པོ་བྱུང་སྐབས།  ཏག་ཏག་སྐབས་དེར་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་མ་ཡིན་པའི་ཀུན་བཟང་ཆོས་ལྡན་གྱིས་གནས་ཚུལ་དེ་ཐོས་མ་ཐག  རང་གི་ཁྱིམ་མི་ལ་གསང་རྒྱ་བྱས་ཏེ་ཧྭ་ཞི་སྨན་ཁང་གི་དང་བླངས་པ་བྱས་ནས་ཕ་ཡུལ་མི་དམངས་ཀྱི་དཀའ་ཁག་སེལ་རོགས་བྱས་ཏེ་རྨས་སྐྱོན་ཕོག་པའི་རྨས་མ་དཀའ་སྡུག་ལས་ཐར་བར་རོགས་རམ་བྱས། དང་བླངས་པ་བྱེད་པའི་སྐབས་སུ། ཀུན་བཟང་ཆོས་ལྡན་གྱིས་སྒྲོལ་དཀར་དང་བཟང་བྷོ་ལོ་ལོན་གཉིས་མཐོང་ཞིང་། ལོ་ལོན་དེ་གཉིས་ཀྱིས་ས་འགུལ་གྱི་གནོད་འཚེའི་ཁྲོད་དུ་རང་གི་ཁྱིམ་མི་ལ་འབྲེལ་འདྲིས་བྱེད་ཐུབ་ཀྱི་མེད་སྟབས།  ཀུན་བཟང་ཆོས་ལྡན་ནི་ལོ་ལོན་དེ་གཉིས་ཀྱི་ཚ་བོ་ཞིག་དང་འདྲ་བར་ཉིན་རྒྱུན་དུ་ནུས་ཤུགས་ཡོད་ཚད་ཀྱིས་ལོ་ལོན་དེ་གཉིས་ལ་བདག་སྐྱོང་ལེགས་པོ་བྱས་པ་རེད།  སྐབས་དེར་ལོ་ལོན་དེ་གཉིས་ཧ་ཅང་སེམས་འགུལ་ཐེབས་པའི་སྒོ་ནས། གསར་བུ། ཁྱོད་རང་ངལ་གསོ་ཅུང་ཙམ་བྱོས། ཁྱོད་ཀྱིས་ཉིན་མཚན་མེད་པར་ངེད་གཉིས་ལ་འདི་ལྟར་བདག་སྐྱོང་བྱས་པར་དངོས་གནས་སེམས་ཀྱིས་མི་བཟོད་པ་ཞིག་རེད་ཟེར།  ལས་ཀར་བྲེལ་བཞིན་པའི་ཀུན་བཟང་ཆོས་ལྡན་གྱིས་བཤད་རྒྱུར། ཨ་ནེ། ངས་དཀའ་ལས་མྱངས་པར་སྐྱོན་མི་འདུག   ཁྱེད་གཉིས་ཀྱི་རྨས་སྐྱོན་སྔ་མོ་ནས་དྲག་སྐྱེད་འབྱུང་ཐུབ་ཚེ།  ངས་དཀའ་ལས་འདི་ཙམ་བརྒྱབ་པར་སྐྱོན་ཅི་ཡང་མེད་ཅེས་ཟེར། དུས་སྐབས་དེའི་རིང་ལ་ཀུན་བཟང་ཆོས་ལྡན་ལ་ཟི་ཁྲོན་ཧྭ་ཞི་སྨན་ཁང་དང་ལྷོ་ནུབ་མི་རིགས་སློབ་ཆེན་གཉིས་ཀྱིས་ཕུལ་བྱུང་དང་བླངས་པའི་མཚན་སྙན་བསྩལ་བར་མ་ཟད་གཟི་བརྗིད་དཔང་ཡིག་ཀྱང་གནང་།

ཉིས་སྟོང་བཅུ་ལོའི་ཟླ་བཅུ་གཉིས་པར། རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ཕུགས་འདུན་སེམས་སུ་བཅངས་པའི་ཀུན་བཟང་ཆོས་ལྡན་ལ་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཀྲུང་གོ་མི་དམངས་དྲག་ཆས་ཉེན་རྟོག་པར་ཞུགས་ནས་གཟི་བརྗིད་ལྡན་པའི་དྲག་ཆས་འཐབ་མོ་བ་ཞིག་ཏུ་གྱུར། དམག་དཔུང་དུ་ཞུགས་པའི་རིང་ལ་ཁོ་རང་མཚོ་སྔོན་ཞིང་ཆེན་གྱི་དྲག་ཆས་སྤྱི་ཁྱབ་རུ་ཁག་གི་འགྲན་སྡུར་ཆེན་མོ་དང་ཡན་ལག་རུ་ཁག་གི་སློབ་སྟོན་གསོ་སྦྱོང་། ཆུ་ལོག་གི་གནོད་སྐྱོན་འགོག་པའི་འགུལ་སྐྱོད་སོགས་མང་པོར་ཞུགས་མྱོང་བ་དང་།  ཉམས་སད་ཐེག་པའི་དམག་དོན་བྱང་ཚད་དང་བྱ་བའི་སྤྱོད་སྟངས་ལེགས་པོ་བཅས་ཀྱིས་བྱ་དགའ་དང་མཚན་སྙན་མང་དུ་ཐོབ་པ་དང་། དེའི་ཁྲོད་དུ་བྱས་རྗེས་རིམ་པ་གསུམ་པ་གཅིག་དང་ཕུལ་བྱུང་དམག་མི། ཕུལ་བྱུང་འཛིན་གཙོ་སོགས་ཀྱི་གཟི་བརྗིད་མཚན་སྙན་འདུ།  ཁོས་རང་གི་ཉེ་འགྲམ་གྱི་འཐབ་གྲོགས་རེ་རེ་དང་ལོ་གཉིས་ཀྱི་རིང་གི་དམག་དཔུང་གི་འཚོ་བ་བརྗེད་ཐབས་བྲལ་ནའང་ཉིས་སྟོང་བཅུ་གཉིས་ལོར་གཟི་བརྗིད་ལྡན་པའི་སྒོ་ནས་དམག་དཔུང་ལས་ཕྱིར་བུད་པ་རེད།

དམག་དཔུང་ལས་ཕྱིར་བུད་རྗེས་སུ་ཀུན་བཟང་ཆོས་ལྡན་གྱིས་ཉིས་སྟོང་བཅུ་བཞི་ལོར་ཐོག་མར་ཡུས་ཧྲུའུ་གྲོང་ཁྱེར་དུ་དུས་རབས་གསར་བའི་ན་གཞོན་བྱ་འགུལ་ལྟེ་གནས་ཞེས་པ་དེ་བཙུགས། ཐོན་རྩ་འཛུགས་ཀྱིས་འདོན་སྤྲོད་བྱས་པའི་སྟེགས་བུ་དེ་བརྒྱུད་ནས་ཁོས་ཡུས་ཧྲུའུ་ས་ཁུལ་གྱི་སློབ་ཆུང་སྐོར་ཞིག་ནས་དབུལ་ཕོངས་དང་དབང་བོན་སྐྱོན་ཅན་གྱི་བྱིས་པ་ལྔ་བཅུ་བསྡུ་ལེན་བྱས་པ་དང་། ལོ་བཞི་ཡི་རིང་ལ་བྱིས་པ་རྣམས་ཀྱི་ཆེད་དུ་སློབ་ཡོན་སྒོར་མོ་ཁྲི་ལྔ་བཅུ་ལྷག་གཅིག་ཀྱང་མ་བླངས་པར་ཕ་ཡུལ་གྱི་བྱིས་པ་རྣམས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་རིག་གནས་དང་ཤེས་བྱ་ཡག་པོ་སྦྱང་ཐུབ་པར་བྱེད་པའི་ཞོར་དུ་བྱིས་པ་རྣམས་ཀྱི་བསམ་པའི་འཇིག་རྟེན་ལ་སྔར་ལས་དྲོད་སྐྱིད་ལྡན་པར་བྱས།

ལས་ཞུགས་གསར་སྐྲུན་བྱས་པའི་ལོ་ངོ་བཞི་ཡི་རིང་དུ། ཁོས་རང་གི་རུ་མི་རྣམས་ཁྲིད་ནས་ཁུལ་དང་ཞིང་ཆེན་ཕྱི་ནང་གི་འགྲན་སྡུར་རིགས་སྣ་ཚོགས་སུ་ཞུགས་པར་མ་ཟད་བྱ་དགའ་ཡང་མང་དུ་ཐོབ། ཁོས་བྱིས་པ་དེ་དག་ལ་རང་གི་བྱིས་པ་བཞིན་གཅེས་སྐྱོང་བྱེད་བཞིན་ཡོད་ལ་འགྲན་སྡུར་རེ་རེའི་ཁྲོད་དུ་བྱིས་པ་དེ་དག་ལ་རང་གི་སེམས་ཁོང་ནས་ཐོན་པའི་སྐུལ་ལྕག་གནང་བཞིན་ཡོད། མི་གཞན་གྱིས་ཀུན་བཟང་ཆོས་ལྡན་ལ།  ཁྱོད་ཀྱིས་ཅིའི་ཕྱིར་དུ་བྱིས་པ་འདི་དག་ལ་དེ་འདྲ་ཤ་ཚ་བོ་བྱེད་པ་ཡིན་ཞེས་འདྲི་དུས།  ཀུན་བཟང་ཆོས་ལྡན་གྱིས་དལ་ལྷོད་རན་པའི་སྒོ་ནས་ངས་བྱིས་པ་འདི་དག་ལ་དེ་འདྲ་ཤ་ཚ་བོ་བྱེད་པ་ནི་ཁོ་ཚོར་སྔ་མོ་ནས་རྩལ་ནུས་སྣ་གཅིག་འབྱོར་ཏེ། མ་འོངས་པར་རྒྱལ་ཁབ་དང་སྤྱི་ཚོགས་ལ་ཕན་ཐོགས་པའི་དུས་རབས་གསར་བའི་མི་ཞིག་ཏུ་འགྱུར་བར་བྱེད་པའི་ཆེད་དུ་ཡིན་ཞེས་ལན་འདེབས་ཀྱི་ཡོད།

ལས་ཞུགས་གསར་སྐྲུན་གྱི་ལམ་དུ་ཀུན་བཟང་ཆོས་ལྡན་གྱིས་རང་ཉིད་དང་འདྲ་བར་སེམས་ཤུགས་ཀྱིས་ཁེངས་པའི་དམག་ཁོངས་ནས་ཕྱིར་བུད་པའི་དམག་མི་ཚོ་ནམ་ཡང་བརྗེད་ཀྱི་མེད། ཉིས་སྟོང་བཅུ་བདུན་ལོར་མཚོ་སྔོན་ཡུས་ཧྲུའུ་ཡི་དམག་མི་རྒན་པར་རོགས་སྐྱོར་བྱེད་པའི་ཚན་རྩལ་ཚད་ཡོད་ཀུང་ཟི་སྒོ་ཕྱེས་པ་དང་། མིག་སྔར་དམག་ཁོངས་ནས་ཕྱིར་བུད་པའི་དམག་མི་དགུ་དང་དམག་མིའི་ཁྱིམ་མི་བརྒྱད་གསར་སྐྲུན་གྱི་དཔུང་སྡེ་ཁྲོད་དུ་ཞུགས་ཡོད།

ཁོས་དམག་དཔུང་ནས་ཕྱིར་བུད་པའི་དམག་མི་རྒན་པ་དེ་དག་གི་སྣེ་ཁྲིད་དེ་འཕྲལ་སྒྲུབ་རུ་ཁག་ཅིག་རྩ་འཛུགས་བྱས་པ་དང་། རུ་ཁག་དེ་དུས་རྒྱུན་དུ་རྒན་གསོ་ཁང་དང་ཕན་བདེ་ཁང་སོགས་སུ་སོང་སྟེ།  ལོ་ལོན་དང་དབང་བོ་སྐྱོན་ཅན་གྱི་བྱིས་པ་བཅས་ལ་དྲོད་སྐྱིད་སྐྱེལ་བཞིན་ཡོད། ཁོས་ད་དུང་རང་འགུལ་གྱིས་རུ་ཁག་རྩ་འཛུགས་བྱས་ནས་འབྲི་ཆུའི་སྲུང་སྐྱོབ་ས་ཁུལ་དུ་སོང་ནས་འབྲི་ཆུའི་འགྲམ་རྒྱུད་ཀྱི་གད་སྙིགས་འཐུས་ནས་གཙང་གསུམ་འབྱུང་ཁུངས་ས་ཁུལ་གྱི་རྒྱུན་མཐུད་འཕེལ་རྒྱས་ལ་གཡས་གཞོགས་གཡོན་འདེགས་བྱེད་ཀྱི་ཡོད་པ་རེད།

ཉིས་སྟོང་བཅུ་དགུ་ལོར་ཡུས་ཧྲུའུ་ས་ཁུལ་དུ་ཁངས་གནོད་ཆེན་པོ་བྱུང་སྐབས། ཀུན་བཟང་ཆོས་ལྡན་རུ་མི་རྣམས་དང་མཉམ་དུ་རྒུད་སྐྱོབ་དངོས་རྫས་སྟེར་བ་དང་ལམ་ནང་གི་ཁངས་ཕྱགས་པ་སོགས་ཀྱི་རྒུད་སྐྱོབ་བྱ་བའི་ཁྲོད་དུ་ཞུགས། སྔ་གཞུག་ཏུ་རྫ་སྟོད་དང་ཁྲི་འདུ་རྫོང་སོགས་གནོད་ཐེབས་ས་ཁུལ་དུ་སོང་ནས།  ས་གནས་དེའི་འབྲོག་པ་མང་ཚོགས་དང་དང་བླངས་པ་རྣམས་དང་མཉམ་དུ་རྒུད་སྐྱོབ་ཀྱི་འཐབ་ཕྱོགས་དང་པོ་རུ་འབད་འཐབ་བྱས་ཏེ། ཉིན་མཚན་འགའི་དཀའ་སྡུག་འབད་འཐབ་ཀྱིས་གནོད་ཐེབས་ས་ཁུལ་དུ་རྒུད་སྐྱོབ་དངོས་རྫས་སྐྱེལ་བའི་ལམ་ཐིག་འགན་སྲུང་བྱས།

ད་ལོར་པྲོག་གསར་གློ་ཚད་ཀྱི་ནད་ཡམས་བྱུང་རྗེས་སུ་ཀུན་བཟང་ཆོས་ལྡན་གྱིས་རང་ཉིད་ཀྱི་སྒོར་མོ་ཕུད་དེ་ཁ་ཐུམ་མང་པོ་ཉོས་ནས་ཡུས་ཧྲུའུ་ས་ཁུལ་གྱི་རོང་འབྲོག་མང་ཚོགས་དང་དཀའ་ཁག་ཆེ་བའི་མང་ཚོགས་ལ་རིན་མེད་ངང་བྱིན། རིམས་ནད་སྔོན་འགོག་གི་བྱ་བའི་ཤུགས་ཚད་ཆེ་རུ་བཏང་པ་དང་བསྟུན་ནས་ཀུན་བཟང་ཆོས་ལྡན་གྱིས་ཡུས་ཧྲུའུ་ས་ཁུལ་དུ་ཆེད་ལས་རང་བཞིན་གྱི་མྱུར་སྐྱོབ་རླངས་འཁོར་མེད་པའི་གནས་ཚུལ་ཤེས་ནས། ཟི་ལིང་ནས་ཀུང་ཟིས་ཏག་ཏག་ཉམས་གསོ་བྱེད་བཞིན་པའི་མྱུར་སྐྱོབ་རླངས་འཁོར་གཉིས་ཡུས་ཧྲུའུ་རུ་བསྐོར་ནས་སོང་སྟེ་དུས་ངེས་མེད་ཀྱིས་ཕ་ཡུལ་མི་དམངས་ལ་ཞབས་འདེགས་ཞུས།

ཡུས་ཧྲུའུ་ས་ཁུལ་ནི་རང་བྱུང་གནོད་འཚེ་རྒྱུན་དུ་འབྱུང་བའི་ས་ཁུལ་ཞིག་ཡིན་པའི་ཆ་ནས་ལོ་རེ་བཞིན་རི་ཉིལ་བ་སོགས་ཀྱི་རང་བྱུང་གི་གནོད་འཚེ་རྒྱུན་པར་འབྱུང་བཞིན་ཡོད། སྐབས་དེ་དག་དུ་ཀུན་བཟང་ཆོས་ལྡན་རྒྱ་གྲམ་དམར་པོའི་རོགས་སྐྱོར་ཚོགས་པ་དང་མཉམ་དུ་རྒུད་སྐྱོབ་བྱ་བར་ཞུགས་བཞིན་ཡོད་པར་མ་ཟད།  དམག་ཁོངས་ནས་ཕྱིར་བུད་པའི་དམག་མི་རྩ་འཛུགས་བྱས་ནས་དང་བླངས་པར་ཞུགས་བཞིན་ཡོད་པས་ས་གནས་དེའི་རྒྱ་གྲམ་དམར་པོ་ཚོགས་པའི་ལས་བྱེད་པ་རྣམས་ཀྱིས་ཁོ་ཚོར་ངལ་རྩོལ་ནུས་པ་སྟོབས་དང་ལྡན་པའི་དང་བླངས་པ་ཞེས་བསྟོད་བསྔགས་བྱེད་བཞིན་ཡོད་པ་རེད། རང་བྱུང་གི་གནོད་འཚེ་བྱུང་ཐེངས་རེ་ལ་ཀུན་བཟང་ཆོས་ལྡན་གྱིས་དུས་དང་རྣམ་པ་ཀུན་དུ་རྒུད་སྐྱོབ་ཀྱི་འཐབ་ཕྱོགས་དང་པོ་རུ་འབད་འཐབ་བྱེད་བཞིན་ཡོད།  ཀུན་བཟང་ཆོས་ལྡན་གྱིས་བཤད་རྒྱུར། གང་དུ་དཀའ་ཁག་བྱུང་ན་དེ་རུ་སྔོན་ལ་ཐོན་རྒྱུ་ནི་དམག་མི་ཞིག་གི་རང་འགན་རྩོད་མེད་ཡིན་ཟེར།

                                                                ལོ་ཙཱ་བ། གཡང་འབུམ་རྒྱལ།