ཐང་ག་འབྲི་བཞེངས་ནི་མང་ཚོགས་ཕྱུག་སྒྱུར་གྱི་ཐབས་ལམ་གཙོ་བོར་གྱུར་པ།
2020.09.04 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 24

ལོ་ན་དྲུག་ཅུར་ཉེ་བའི་གནས་བརྒྱ་མ་ཐང་ག་རིག་གནས་སྒྱུ་རྩལ་ཚད་ཡོད་སྤྱི་གཉེར་ཁང་གི་འགན་འཛིན་པ་བསམ་མེ་ནི་རྫ་ཆུའི་འགྲམ་ངོགས་ནས་ལོ་རབས་དུ་མར་འཚོ་བ་རོལ་བ་ཡིན་ལ། ལོ་ན14ཡི་སྟེང་རང་གི་ཨ་མྱེས་དང་མཉམ་དུ་བོད་ལྗོངས་ས་ཁུལ་དུ་སོང་ནས་སྨིན་སྙིང་གི་བོད་ལུགས་ཐང་ག་འབྲི་བའི་ལག་རྩལ་སྦྱངས་པ་རེད། ཐང་ག་འབྲི་བའི་ལག་རྩལ་འདི་བོད་ཁུལ་དུ་དར་ཁྱབ་བྱུང་བས། ནང་ཆེན་རྫོང་དུ་ཐང་ག་འབྲི་བཞེངས་དེ་མང་ཚོགས་ཕྱུག་སྒྱུར་གྱི་ཐབས་ལམ་གཙོ་བོར་གྱུར་ཡོད།

ཐང་ག་ནི་མཚོ་བོད་མཐོ་སྒང་གི་ཁྱད་དུ་འཕགས་པའི་རི་མོ་དང་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་ཞིང་། ཐང་ག་འབྲི་བཞེངས་ལ་རིགས་མི་འདྲ་བ་མང་པོ་ཡོད་པའི་ཁར། བརྗོད་བྱའི་ནང་དོན་ཐད་ལ་བོད་རིགས་ཀྱི་ལོ་རྒྱུས་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས་འཚོ་བ་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་དམ་པོ་ཡོད། གཞན་མི་རིགས་ཀྱི་ཁྱད་ཆོས་མངོན་པར་ལྡན་ཏེ། ཚོས་རྒྱུ་ཐད་སྲོལ་རྒྱུན་ལྟར་གསེར་དང་དངུལ། མུ་ཏིག བྱུ་རུ་སོགས་རིན་པོ་ཆེ་དང་། རྩི་ཤིང་སོགས་བེད་སྤྱོད་པ་དང་། རང་བྱུང་གི་ཚོས་རྒྱུ་འདི་དག་གིས་གྲུབ་པའི་ཐང་ག་ནི་ཚོན་མདོག་རྣམ་པར་བཀྲ་བ་ཞིག་ཡིན་པས། འཛམ་གླིང་གི་ཡུལ་གྲུ་སོ་སོར་ཀུན་གྱིས་བསྔགས་བརྗོད་བྱེད་བཞིན་ཡོད།

ན་ནིང་གི་ཟླ10པར།ནང་ཆེན་རྫོང་གནས་བརྒྱ་མ་རིག་གནས་སྒྱུ་རྩལ་ཚད་ཡོད་སྤྱི་གཉེར་ཁང་ལ་ཡུས་ཧྲུའུ་ཁུལ་རིག་གནས་ཁང་གིས་སྨིན་སྙིང་གི་རི་མོ་རྒྱུན་འཛིན་རྟེན་གཞིའི་མཚན་བྱང་གནང་བ་ན། རི་མོ་པ་བསམ་མེ་ཡི་ཐང་གའི་སྒྱུ་རྩལ་བརྩོན་གཉེར་བྱེད་པའི་ཧུར་སེམས་ཀྱང་ཆེས་ཆེར་འཕེལ་བ་རེད།“རྒྱལ་ཁབ་དང་སྲིད་གཞུང་གིས་ད་ལྟ་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་རྒྱུར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པས།ང་ཚོ་དམངས་ཁྲོད་ཀྱི་སྒྱུ་རྩལ་པ་རྣམས་ལ་མདུན་ལྗོངས་ཡག་པོ་ཞིག་བསྐྲུན་ཡོད། རྒྱུན་པར་རང་ཉིད་ཀྱི་དགའ་ཕྱོགས་ལྟར་ཐང་ག་ཞིག་འབྲི་བར་ཟ་མ་ཟ་རྒྱུ་བརྗེད་ཅིང་མཚན་མོ་གཉིད་ཆག་པའི་སྣང་ཚུལ་མང་དུ་བྱུང་མྱོང་།”

བསམ་མེ་ཡི་བུ་མོ་སྒྲོལ་དཀར་ཚེ་མཚོ་ནི2019ལོར་ཞི་ཨན་ནོར་སྲིད་དཔལ་འབྱོར་སློབ་གླིང་ནས་མཐར་ཕྱིན་རྗེས།ཕྱིར་ཕ་ཡུལ་དུ་ལོག་ནས་ཨ་ཕའི་གཉེར་བཞིན་པའི་སྤྱི་གཉེར་ཁང་ནང་ལས་ཀ་གཉེར་བཞིན་ཡོད།

སྒྲོལ་དཀར་ཚེ་མཚོ་ཡིས་ཐང་ག་རིག་གནས་སྒྱུ་རྩལ་འབྲི་བཞེངས་ཁང་དུ་ངོ་སྤྲོད་ཀྱི་ཚུལ་དུ་བཤད་རྒྱུར།ཁོ་ཚོས་འབྲི་བཞིན་པའི་རི་མོར་མཚོན་ན།ཐང་ག་སྟེ་སྨིན་སྙིང་ལུགས་ཀྱི་རི་མོའི་བརྩམས་ཆོས་ནི་དུས་རབས་བཅུ་བཞི་པའི་མཇུག་ནས་དུས་རབས་བཅོ་ལྔ་པའི་བར་གསར་གཏོད་བྱས་པ་རེད།ཡིག་གཟུགས་གྲགས་ཅན་དང་དེ་བཞིན་མཁས་པ་དང་མཁས་དབང་མང་པོའི་བློ་གྲོས་ཀྱི་ཉིང་བཅུད་ཀྱང་ཡིན་ཞིང་།རི་མོ་འབྲི་ཕྱོགས་གཞན་དག་དང་མི་འདྲ་ཞིང་།སྨིན་སྙིང་ཐང་ག་དང་འབྲི་བྱའི་ཁ་བྱང་ཕུན་སུམ་ཚོགས་པ་དང་།མི་སྣ་དང་ལྷ་རིས།རི་ཆུ་དང་ནམ་མཁའ་སོགས་ཀྱི་མཛེས་ལྗོངས་ཀྱང་ཡིན་པར་མ་ཟད།གཞུང་ལུགས་དང་ཞིབ་འཇུག་བྱེད་པའི་ཐད་ལ་རིན་ཐང་ཆེན་པོ་ལྡན་ལ་བཞེངས་བསྐྲུན་བྱས་པའི་ཐང་ག་དག་ལ་སྒྱུ་རྩལ་པ་ཚོས་རྔུལ་ཁྲག་མང་པོ་བཏོན་ཡོད་པས་ཚང་མའི་དགའ་བསུ་ཐོབ་ཡོད།

ད་ལོའི་ཟླ7པར།ནང་ཆེན་རྫོང་དབུལ་སྐྱོར་ཐོན་ལས་གླིང་དུ་ཐང་ག་འབྲི་བཞེངས་ལ་མོས་པའི་སློབ་མ20ལྷག་ལ་ཐང་གའི་རིག་གནས་སྐོར་ནས་སློབ་ཁྲིད་བྱེད་པའི་བྱ་འགུལ་སྤེལ་ཞིང་རི་མོ་འབྲི་བའི་ཐད་ལ་སློབ་སྦྱོང་བྱས་པ་རེད། སྐབས་དེའི་སློབ་ཁྲིད་ཀྱི་ནང་དོན་ཕུན་སུམ་ཚོགས་པར་མ་ཟད། སློབ་མ་ཚོས་བྲིས་པའི་སྤུས་ལེགས་ཐང་ག་སྐོར་ཞིག་གྱང་ངོར་བཀལ་ཡོད་པས་བལྟས་པ་ཙམ་གྱིས་མིག་དབང་འཕྲོག་པར་བྱེད། ལོ20ལྷག་ལ་སོན་པའི་བསོད་ནམས་ཀྱིས་སྨི་གྲུ་བཞི་མ3ཡས་མས་ཀྱི་ཐང་ག་ཞིག་ལ་མཐའ་མའི་ཚོན་རྩི་གཏོང་གིན་ཡོད།ཁོ་ནི་ཤར་མདའ་གྲོང་རྡལ་གྱི་ཕྱུགས་ལས་གཉེར་བའི་འབྲོག་མི་ཕལ་བ་ཞིག་ཡིན། ཁོས་བསམ་མེ་དང་མཉམ་དུ་ལོ་གཉིས་རིང་ལ་རི་མོ་འབྲི་རྩལ་སྦྱངས་པ་རེད།

“ང་ནི་གནས་འདི་ནས་ས་ཐག་རིང་བའི་རི་ཁུལ་དུ་ཕྱུགས་ལས་གཉེར་བཞིན་པའི་འབྲོག་པ་ཞིག་ཡིན། དགེ་རྒན་བསམ་མེའི་ཀུང་སི་སྔོན་གྱི་སྡེ་བ་ནས་ད་ལྟའི་རྫོང་ཐོག་ཏུ་སྤར་བའི་གོ་སྐབས་ཡག་པོར་འཕྲད་ནས། འདི་རུ་རི་མོ་འབྲི་སྦྱོང་ཐད་ལ་འབད་པ་བྱེད་བཞིན་ཡོད། རང་ཉིད་ལ་ལག་རྩལ་ཞིག་ཐོབ་པར་མ་ཟད། ད་དུང་ཡོང་སྒོ་ཡང་མི་ཉུང་བ་ཞིག་འཚོལ་ཐུབ་པས། ང་ལ་མཚོན་ན་དེ་ནི་རང་ཉིད་ཕྱུག་པོར་སྒྱུར་བའི་ཐབས་ལམ་གཙོ་བོ་ཞིག་ཏུ་འདོད་ཡོད། དེའི་ཕྱིར།ངས་གོ་སྐབས་འདི་དམ་འཛིན་བྱེད་ངེས་ཡིན”ཞེས་བསོད་ནམས་ཀྱིས་རི་མོར་ཚོན་རྩི་གཏོང་ཞོར་གསར་འགོད་པར་དེ་ལྟར་བཤད་བྱུང་།

རྒྱུས་ལོན་པ་ལྟར་ན།2015ལོར། ནང་ཆེན་རྫོང་གནས་བརྒྱ་མ་ཐང་ག་འབྲི་བཞེངས་རིག་གནས་སྒྱུ་རྩལ་ཚད་ཡོད་སྤྱི་གཉེར་ཁང་ནི་སྔར་གྱི་ས་གནས་དང་ཁ་བྲལ་ཏེ་རྫོང་ཐོག་གི་ཉེ་འགྲམ་དུ་ཆགས་པའི་ཐོན་ལས་དབུལ་སྐྱོར་གླིང་དུ་གནས་སྤར་བ་རེད། བོད་མིའི་ལྷ་བཟོའི་འབྲི་ཐབས་དང་སྨན་ལུགས་མ་ཉམས་རྒྱུད་འཛིན་དར་སྤེལ་གཏོང་བའི་རྨང་གཞིའི་སྟེང་། ལོ་འདི་འགའི་རིང་ལ། ལག་རྩལ་སྦྱོང་བའི་ཞབས་ཞུའི་སྟེགས་བུ་བཙུགས་ནས་ཐང་ག་འབྲི་བཞེངས་ལ་དུང་ཞེན་ཆེ་བའི་སློབ་མ་སྡུད་ལེན་དང་། ལྷག་པར་དུ་འཚོ་བའི་ཆ་རྐྱེན་ཞན་པའི་རོང་འབྲོག་མང་ཚོགས་ནང་འདྲེན་བྱས་ཏེ། ལག་རྩལ་ལ་བརྟེན་ནས་རང་ཁ་རང་གསོ་དང་། ཁྱིམ་གཞིའི་ཁུར་པོ་ཇེ་ཡང་དུ་གཏོང་བར་དམིགས་ནས། དབུལ་ཕོངས་ཁྱིམ་ཚང་མི་ཉུང་བ་ཞིག་གི་བུ་དང་བུ་མོས་གནས་འདི་རུ་ལག་རྩལ་སྦྱོང་ཐུབ་པར་མ་ཟད། ཟླ་རེར་ཡོང་སྒོ་སྒོར3000ནས4000བར་འཚོལ་ཐུབ་ཀྱིན་ཡོད།

ནང་ཆེན་རྫོང་དབུལ་སྐྱོར་གསར་སྤེལ་ཅུས་ཀྱི་འབྲེལ་ཡོད་ལས་བྱེད་པས་མཚམས་སྦྱོར་བྱས་པ་ལྟར་ན། ཐོན་ལས་གླིང་དུ་སློབ་མ40ལྷག་གིས་ཐང་ག་འབྲི་བཞེངས་ཀྱི་ལག་རྩལ་སྦྱངས་རྗེས། ད་ལྟ་ས་གནས་སོ་སོ་རུ་སློབ་མ་སྐྱོང་བའམ་ཐང་ག་འབྲི་བཞེངས་ལ་བརྟེན་ནས་རང་ཁ་རང་གསོ་དང་ཕྱུག་འགྱུར་གྱི་བགྲོད་ལམ་གསར་པར་ཞུགས་ཡོད།

མདོར་ན། ནང་ཆེན་རྫོང་གནས་བརྒྱ་མ་ཐང་ག་འབྲི་བཞེངས་རིག་གནས་སྒྱུ་རྩལ་ཚད་ཡོད་སྤྱི་གཉེར་ཁང་གིས་དབུལ་ཐར་ཕྱུག་སྒྱུར་གྱི་ཐད་ལ་འབྲས་བུ་མི་དམན་པ་ཞིག་བླངས་ཡོད་དོ། །

                                                                                                               རྩོམ་སྒྲིག་པ། གཡང་འབུམ་རྒྱལ།