ཟས་རིགས་ཆུད་ཟོས་གཏོང་བའི་སྣང་ཚུལ་བཀག་འགོག་བྱ་དགོས།
2020.09.08 ཁུངས། ཚྭ་འདམ་བོད་ཡིག་དྲ་བ། ཀློག་གྲངས། 17

 “ཟས་རིགས་ཆུད་ཟོས་ཀྱི་སྣང་ཚུལ་མཐོང་བ་ཙམ་གྱིས་ཧང་སངས་ཤིང་ཡིད་སྐྱོ་བ་ཞིག་རེད།” ཉེ་ལམ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟས་རིགས་ཆུད་ཟོས་གཏོང་བའི་བྱ་སྤྱོད་བཀག་འགོག་བྱ་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་སྐབས། ཁོང་གིས་ཁྲིམས་འཛུགས་ལ་ཤུགས་སྣོན་རྒྱག་པ་དང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། བྱེད་ཐབས་ནུས་ལྡན་སྤྱོད་པ་བཅས་ཀྱི་ལམ་ནས་ཡུན་ཕན་རྐྱེན་སྲོལ་བཙུགས་ཏེ་ཟས་རིགས་ཆུད་ཟོས་གཏོང་བའི་བྱ་སྤྱོད་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས་ཤིང་། དྲིལ་སྒྲོག་སློབ་གསོར་སྔར་ལས་ཤུགས་སྣོན་རྒྱག་པ་དང་། གྲོན་ཆུང་གི་གོམས་གཤིས་གསོ་སྐྱོང་ལེགས་པོ་བྱས་ནས་སྤྱི་ཚོགས་ཡོངས་སུ་ཆུད་ཟོས་ནི་ངོ་ཚ་ཡིན་པ་དང་། གྲོན་ཆུང་ནི་གཟི་བརྗིད་ཡིན་པའི་ཁོར་ཡུག་བཟང་པོ་བསྐྲུན་དགོས་ཞེས་བསྟན་ཡོད།

“གྲོན་ཆུང་ནི་གཟི་བརྗིད་དང་ཆུད་ཟོས་ནི་ངོ་ཚ་ཡིན།” 2013ལོའི་ལོ་འགོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་།“ཆུད་ཟོས་ཀྱི་སྲོལ་ངན་དེ་ངེས་པར་དུ་བཀག་འགོག་ནན་མོ་བྱ་དགོས”ཞེས་ནན་བཤད་གནང་བ་དང་།“གྲོན་ཆུང་ནན་ཏན་དང་ཆུད་ཟོས་ལ་ངོ་རྒོལ་བྱ་རྒྱུ་དེ་སྤྱི་ཚོགས་ཡོངས་ཀྱི་དར་སྲོལ་ཞིག་ཏུ་འགྱུར་བར་འབད་བརྩོན་བྱ་དགོས”ཞེས་འབོད་སྐུལ་བཏང་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། “ལྕེ་ཐོག་གི་ཆུད་ཟོས”དང་“གསོལ་ཅོག་ཐོག་གི་སྣེ་ལེན”སོགས་ལས་བྱེད་པ་དང་མང་ཚོགས་ལ་བསམ་འཆར་ཆེ་བའི་གནད་དོན་མངོན་གསལ་ཅན་གཙང་བཤེར་དང་དག་ཐེར་མཐའ་གཅིག་ཏུ་བྱས་ནས་《ཏང་སྲིད་ལས་ཁུངས་ཀྱིས་བསྲི་ཚགས་ནན་ཏན་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་སྲོལ་ཡིག》གཏན་འབེབས་དང་། གཞུང་དོན་འགྲོ་སྒོ་དང་གཞུང་དངུལ་འཛད་སྤྱོད་ཁྲོད་ཀྱི་ཁྲིམས་འགལ་ལུགས་འགལ་གྱི་སྣང་ཚུལ་སྣ་ཚོགས་བཀག་འགོག་ནན་མོ་བྱས་ཏེ།  དམངས་ཡོངས་ཀྱིས་གྲོན་ཆུང་གི་བྱེད་སྒོ་སྤེལ་བ་དང་། སྐྱོན་བྲལ་དང་ཡ་རབས་ཚུལ་ལྡན་གྱི་འཚོ་བ་སྐྱེལ་སྟངས་ཆགས་པར་བྱ་རྒྱུ།  “ སྡེར་གཙང་བྱ་སྤྱོད”སྤེལ་བ།  གྲོན་ཆུང་གཟི་བརྗིད་དུ་བརྩི་བའི་གསོལ་ལྕོག་གི་དར་སྲོལ་གསར་བ་ཆགས་པར་བྱས་ནས། བཅོས་སྒྲིག་བྱ་ཐབས་རབ་དང་རིམ་པ་སྤྱད་དེ་ཟས་རིགས་ཆུད་ཟོས་གཏོང་བའི་སྣང་ཚུལ་ཇེ་ལེགས་སུ་གཏོང་རྒྱུར་སྐུལ་འདེད་བཏང་། ལྷག་པར་དུ་མང་ཚོགས་ལ་བསམ་འཆར་ཆེ་བའི་གཞུང་དངུལ་སྤྱད་དེ་ཟས་རིགས་ཆུད་ཟོས་གཏོང་བའི་རིགས་ལ་བཀག་འགོག་ནུས་ལྡན་ཐུབ་པ་མ་ཟད། ཏང་ཡོངས་དང་སྤྱི་ཚོགས་ཡོངས་སུ་གྲོན་ཆུང་བསྲི་ཚགས་བྱེད་པའི་དར་སྲོལ་བཟང་པོ་ཆགས་བཞིན་ཡོད། དུས་མཚུངས་སུ་ཤེས་དགོས་པ་ཞིག་ནི། ས་གནས་ཁ་ཤས་སུ་ཟས་རིགས་ཆུད་ཟོས་གཏོང་བའི་སྣང་ཚུལ་སྔར་བཞིན་གནས་ཡོད། ལ་ལ་ཐ་ན་མཐོང་བ་ཙམ་གྱིས་ཧང་སངས་དགོས་པ་དང་ཡིད་སྐྱོ་བ་ཞིག་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ངེས་པར་དུ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས། དེ་བས་ནུས་ལྡན་གྱི་བྱ་ཐབས་བཟོས་ནས་སྤྱི་ཚོགས་ཡོངས་སུ་ཟས་རིགས་ཆུད་ཟོས་གཏོང་བའི་རིགས་བཀག་འགོག་བྱེད་པའི་ལས་དོན་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས།

དཀའ་སྤྱད་འབད་བརྩོན་དང་ཧུར་བརྩོན་གྲོན་ཆུང་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་ཡིན་ལ། ང་ཚོའི་ཏང་གི་སྤྱོད་ཚུལ་བཟང་པོ་ཡང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། “སྔོན་ཆད་ང་ཚོའི་ཏང་གིས་དཀའ་སྤྱད་འབད་བརྩོན་དང་ཧུར་བརྩོན་གྲོན་ཆུང་ལ་བརྟེན་ནས་ལས་དོན་རླབས་ཆེན་རྒྱུན་ཆད་མེད་པར་སྒྲུབ་པ་ཡིན་ལ། ད་ལྟ་ང་ཚོས་སྔར་བཞིན་བསམ་བློ་དེ་འདྲར་བརྟེན་ནས་བྱ་བར་སློབ་སྟོན་བྱ་དགོས། ཏང་དང་སྲིད་གཞུང་གིས་ཕྱོགས་གཅིག་ནས་དཔལ་འབྱོར་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་ཕྱོགས་གཅིག་ནས་གྲོན་ཆུང་ལ་མཐོང་ཆེན་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་ཀྱི་ཡོད།“འཚོ་བ་གྲོན་ཆུང་ངང་རོལ་བར”སྣེ་ཁྲིད་བྱེད་པའི་དམིགས་ཡུལ་ནི་མི་དམངས་ལ་འཚོ་བ་ཡག་པོ་སྐྱེལ་དུ་འཇུག་ཆེད་ཡིན། ང་ཚོའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཆུ་ཚད་གང་འདྲ་ཞིག་ཏུ་སླེབས་པ་དང་མི་དམངས་ཀྱི་འཚོ་བ་ལེགས་བཅོས་ཅི་འདྲ་བྱུང་རུང་དཀའ་སྤྱད་འབད་བརྩོན་དང་ཧུར་བརྩོན་གྲོན་ཆུང་གི་བསམ་བློ་དང་སྙིང་སྟོབས་ནམ་ཡང་འདོར་མི་རུང་། ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་དཀའ་སྤྱད་འབད་བརྩོན་དང་ཧུར་བརྩོན་གྲོན་ཆུང་བྱེད་པ་ནི། ང་ཚོ་ལམ་བུའི་ཐོག་བསྐྱོད་པ་དང་འཕེལ་རྒྱས་སྟོབས་ཆེར་གཏོང་བའི་འགན་ལེན་གལ་ཆེན་ཞིག་ཡིན་པ་མ་ཟད། ང་ཚོས་སྔ་འཛིན་ཕྱི་གཏོད་དང་སླར་ཡང་འོད་སྟོང་འཕྲོ་བའི་འགན་ལེན་གལ་ཆེན་ཞིག་ཀྱང་རེད་ཅེས་གསུངས་པ་རེད།“བརྒྱ་ལོ་གཉིས”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་དཀྱོགས་མཚམས་འདིར། གཟི་བརྗིད་ལྡན་པའི་ལོ་རྒྱུས་ཀྱི་ལས་འགན་དང་རླབས་ཆེ་བའི་འབད་འཐབ་ཀྱི་དམིགས་འབེན། རྙོག་འཛིང་ཆེ་བའི་ཕྱི་ནང་གི་ཁོར་ཡུག་བཅས་ཚང་མས་ང་ཚོར་དཀའ་སྤྱད་འབད་བརྩོན་གྱི་སྤྱོད་ཚུལ་དར་སྤེལ་ཆེན་པོ་གཏོང་དགོས་པའི་འབོད་སྐུལ་བཏང་ཡོད། ཧུར་བརྩོན་གྲོན་ཆུང་ལག་ལེན་ནན་ཏན་དང་རྒྱས་སྤྲོས་ཆུད་ཟོས་ལ་ངོ་རྒོལ་བྱས་ཏེ། སྟོབས་ཤུགས་གཅིག་བསྡུས་ཀྱིས་རང་ཉིད་ཀྱི་བྱ་བ་ལེགས་པོར་བསྒྲུབ་དགོས།

ཟས་རིགས་ཆུད་ཟོས་གཏོང་བའི་བྱ་སྤྱོད་བཀག་འགོག་བྱ་རྒྱུ་དེ་འབྲུ་རིགས་བདེ་འཇགས་ལ་སྲུང་སྐྱོབ་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་པ་ཤེས་དགོས། རང་རྒྱལ་ནི་མི་གྲངས་མང་ཞིང་ས་ཞིང་ཐོན་ཁུངས་བལྟོས་བཅས་ཀྱིས་མི་འདང་བའི་རྒྱལ་ཁབ་ཅིག་ཡིན། དུས་ཡུན་འབྲིང་རིང་ནས་བལྟས་ན་རང་རྒྱལ་གྱི་འབྲུ་རིགས་ཐོན་སྐྱེད་དང་དགོས་མཁོ་སྔར་བཞིན་དོ་སྙོམས་ཀྱི་རྣམ་པ་རྒྱུན་འཁྱོངས་ཐུབ་རྒྱུ་དང་། འབྲུ་རིགས་ཆུད་ཟོས་བཏང་བ་ལས་བྱུང་བའི་ཐོན་ཁུངས་འཕྲོ་བརླག་དང་ཁོར་ཡུག་སྦགས་བཙོག་གི་གནད་དོན་ལ་སྣང་ཆུང་གཏན་ནས་བྱེད་མི་རུང་། རང་རྒྱལ་ལ་མི་གྲངས་དུང་ཕྱུར14ཡོད་པ་དང་། མི་ཚང་མས་འབྲུ་རིགས་གྲོན་ཆུང་བྱེད་པའམ་ཡང་ན་འབྲུ་རིགས་ཆུད་ཟོས་གཏོང་བ་གང་ཡིན་རུང་ཚང་མ་གྲངས་ཀ་ཆུང་ཆུང་ཞིག་མིན། དེ་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་པ་ཅི་བཞིན། “རང་རྒྱལ་གྱི་འབྲུ་རིགས་ཐོན་སྐྱེད་ལ་ལོ་བསྟུད་མར་ལོ་ལེགས་བྱུང་ཡང་། འབྲུ་རིགས་བདེ་འཇགས་ཐད་ལ་ཐོག་མཐའ་བར་གསུམ་དུ་ཉེན་ཁའི་འདུ་ཤེས་ཡོད་དགོས་པ་དང་ད་ལོ་གོ་ལ་ཧྲིལ་པོའི་གློ་ཚད་ཀྱི་རིམས་ནད་ཀྱིས་བཟོས་པའི་ཤུགས་རྐྱེན་གྱིས་ང་ཚོར་ཉེན་བརྡ་བཏང་ཡོད། ཉེན་ཁ་དང་འགྲན་སློང་ལ་ཇི་ཙམ་འཕྲད་པ་དེ་ཙམ་གྱིས་འབྲུ་རིགས་བདེ་འཇགས་འགན་ལེན་བྱ་རྒྱུ་དེ་མངོན་གསལ་དོད་པའི་གོ་གནས་སུ་འཇོག་དགོས། འབྲུ་རིགས་ཐོན་སྐྱེད་ལྷོད་གཡེང་སྤུ་ཙམ་མེད་པར་དམ་འཛིན་ཡག་པོ་བྱས་ནས་ཀྲུང་གོ་བའི་ལྟོ་ཕོར་ག་དུས་ཡིན་ཡང་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་ཐུབ་པའི་འགན་ལེན་ཏན་ཏིག་བྱ་དགོས། འབྲུ་རིགས་གྲོན་ཆུང་བྱེད་པའི་གནད་དོན་འདི་དམ་པོར་བཟུང་ཏེ། ཟས་རིགས་ཆུད་ཟོས་གཏོང་བའི་བྱ་སྤྱོད་བཀག་འགོག་མཐའ་གཅིག་ཏུ་བྱས་ནས་གྲོན་ཆུང་དམངས་ཕྱུག་དང་གྲོན་ཆུང་རྒྱལ་དར་ཡོང་བར་སྐུལ་འདེད་གཏོང་དགོས།

ད་ལོ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་དམིགས་ཚད་མངོན་འགྱུར་བྱེད་པའི་ལོ་ཞིག་དང་ཁྱོན་ཡོངས་ནས་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་མཇུག་བསྡུའི་ལོ་ཞིག་ཀྱང་རེད། སང་ལོ་ནས་བཟུང་རང་རྒྱལ་ཀྱིས“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”དུས་སྐབས་སུ་བསྐྱོད་རྒྱུ་ཡིན་པ་དང་། འདི་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་རྨང་གཞིའི་ཐོག ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཐབས་ལམ་གསར་པའི་འགོ་ཚུགས་པའི་ལོ་ལྔ་ཡིན། ང་ཚོས་མཉམ་དུ་དཀའ་སྤྱད་འབད་འཐབ་དང་ཧུར་བརྩོན་གྲོན་ཆུང་གི་སྤྱོད་ཚུལ་བཟང་པོ་དར་སྤེལ་བཏང་སྟེ། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་འབད་འཐབ་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འགོ་ཡག་པོ་ཚུགས་པ་དང་གོམ་སྟབས་ཡག་པོ་སྤོ་དགོས།

རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།