དུས་རབས་ཕྱེད་ཙམ་བརྒལ་བའི་ཕྱུག་འགྱུར་གྱི་གཏམ་རྒྱུད་ཅིག
2020.09.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 67

རྨ་ཆེན་རྫོང་གངས་རི་གཡུ་བཟང་ཕྱུགས་ལས་ཐོན་རྫས་ཕྱིར་འཚོང་ཚད་ཡོད་ཀུང་སིའི་འགན་འཁུར་བ་དཀོན་མཆོག་སྒྲོལ་མས་གསར་འགོད་པར་ཀུང་སིའི་ཐོན་རྫས་འཕེལ་རྒྱས་སྐོར་མཚམས་སྦྱོར་བྱས། 

རྨ་ཆེན་རྫོང་གངས་རི་གཡུ་བཟང་ཕྱུགས་ལས་ཐོན་རྫས་ཕྱིར་འཚོང་ཚད་ཡོད་ཀུང་སིའི་འགན་འཁུར་བ་དཀོན་མཆོག་སྒྲོལ་མས་འབྲོག་པའི་ཕྱུག་འགྱུར་ལ་སྣེ་ཁྲིད་བྱེད་པ་དང་ཆབས་ཅིག ཧུར་ཐག་གིས་དང་བླངས་ཞབས་ཞུ་སྤེལ་ནས་ཕ་ཡུལ་ལ་དྲིན་ལན་འཇལ་གྱིན་ཡོད། འདི་ནི་དུས་རབས་ཕྱེད་ཙམ་བརྒལ་བའི་ཕྱུག་འགྱུར་གྱི་གཏམ་རྒྱུད་ཅིག་རེད།

གཏམ་རྒྱུད་ནི་དུས་རབས་སྔོན་མའི་ལོ་རབས་བདུན་ཅུ་ནས་མགོ་རྩོམ་དགོས་ལ། མེ་འགོག་ཁྲའོ་རོགས་ལ་ཞུགས་མྱོང་བའི་ཧྲན་ཞི་ཡི་བུ་རྒོད་ཐའོ་ཀྲིན་ཧྭ་ཡི་སྣེ་ཁྲིད་འོག རྒྱལ་ཁབ་ཀྱིས་མ་དངུལ་སྐར་གང་ཡང་མ་བཏང་པ་དང་། ཆེད་ལས་ལག་རྩལ་གྱི་མཛུབ་སྟོན་མི་སྣ་གཅིག་ཀྱང་མེད་པའི་གནས་ཚུལ་འོག མཚོ་ངོས་ལས་མཐོ་ཚད་ལ་མུས་སྟོང་བཞི་ལས་བརྒལ་བའི་ཨ་མྱེ་རྨ་ཆེན་གངས་རིའི་འདབས་རོལ་གྱི་རི་མཐོའི་གྲོག་རོང་བར་དང་། ཞང་ཡོངས་ཀྱི་བོད་རིགས་ལས་བྱེད་པ་དང་འབྲོག་པ་མང་ཚོགས་ལ་སྣེ་ཁྲིད་བྱས་ནས་ལོ་ངོ་བཞིའི་རིང་། རང་ཉིད་ཀྱིས་རྩད་ཞིབ་དང་ཇུས་འགོད། བཟོ་བསྐྲུན་བཅས་བྱས་མཐར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གངས་རི་ཡུལ་ཚོའི་སྤྱི་ལེ་ང་བདུན་ཡོད་པའི་ཚེ་སྲོག་གི་ལམ་ཐིག་དང་། དུས་བདེའི་ལམ། མཐུན་སྒྲིལ་ལམ་དང་བདེ་སྐྱིད་ལམ་བཅས་ཤར་གཏོང་ཐུབ་པ་བྱུང་བ་དང་། ལམ་འདི་ལ་སྡོམ་ཁོག་དང་གངས་རི་ཡུལ་ཚོའི་བར་གྱི་གཞུང་ལམ་ཞེས་འབོད།

མི་དེ་འདས་ཟིན་ན་ཡང་ཁོའི་དཀའ་སྤྱད་འབད་བརྩོན་ཀྱི་སྙིང་སྟོབས་དེས་གངས་རི་ཡུལ་ཚོའི་མི་ཚང་མ་དབུལ་ཐར་ཕྱུག་འགྱུར་གྱི་འབྱོར་འབྲིང་གི་ལམ་ལ་བསྐྱོད་པར་སྐུལ་མ་ཆེན་པོ་བཏང་ཡོད།

ཟླ་བརྒྱད་པའི་ཚེས་ཉི་ཤུ་ཉིན། རྨ་ཆེན་རྫོང་ནས་ལམ་ལ་ཆས་ཏེ་མཛོ་རྒན་ར་བར་དང་གཅིག་སྒྲིལ་གྱི་མྱུར་བགྲོད་གཞུང་ལམ་བརྒྱུད་ནས་གངས་རི་ཡུལ་ཚོའི་ཕྱོགས་སུ་བསྐྱོད། མྱུར་བགྲོད་གཞུང་ལམ་བརྒྱུད་དེ་གངས་རི་ཡུལ་ཚོའི་ལམ་མདོ་བུད་ན་གངས་རི་ཡུལ་ཚོའི་སྲིད་གཞུང་ལ་འགྲོ་སའི་སྟབས་བདེའི་གཞུང་ལམ་ལ་ཐུགས་ཡོད། གཞུང་ལམ་གྱི་གཡོན་ཕྱོགས་ནི་མུ་རིའི་བྲག་རྡོ་ཡ་མཚན་ཅན་དང་གཡས་ཕྱོགས་ནི་གཡང་གཟར་གྱི་བྲག་རི་རེད། གཡང་གཟར་གྱི་བྲག་རིའི་འོག་ཏུ་རླབས་སྒྲ་ཆེན་པོའི་བཞུར་བཞིན་པའི་ཆེམ་ཆུ་ཡོད། ཆེམ་ཆུ་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་ཡན་ལག་ཆུ་བོ་ཡིན་པ་དང་། རླབས་སྒྲ་ཆེ་བས་མིང་དེ་ལྟར་ཐོག འབྱུང་ཁུངས་ནི་ཨ་མྱེས་རྨ་ཆེན་གྱི་ལྷོ་རིའི་ངོས་དང་རྨ་ཆེན་རྫོང་གི་བྱང་ཕྱོགས་ཡོད་པ་དང་། རྨ་ཆེན་དང་ཐུན་ཏེ་གཉིས་ཀྱི་འབྲེལ་མཚམས་ནས་རྨ་ཆུའི་ནང་དུ་བཞུར་གྱིན་ཡོད།

ཀྱག་ཀྱོག་གི་གཞུང་ལམ་འདི་བརྒྱུད་ཚེ་ད་གཟོད་གངས་རི་ཡུལ་ཚོའི་སྲིད་གཞུང་ལ་ཐོན། གངས་རི་ཡུལ་ཚོའི་སྲིད་གཞུང་གི་ར་བའི་ནང་ནས་བལྟས་ན་ཨ་མྱེས་རྨ་ཆེན་གྱི་གངས་རི་མཐོང་ཐུབ།

གངས་རི་ཡུལ་ཚོའི་གཡོན་ཕྱོགས་ཀྱི་རྨ་ཆེན་དྲོད་སྐྱིད་བོད་ཟས་ཟ་ཁང་དུ། བཀྲ་ཤིས་ཀྱིས་མགྲོན་པོར་སྣེ་ལེན་བྱེད་ཀྱིན་ཡོད་པ་དང་། ཆུང་མ་མཚོ་མོས་ཇ་ཁང་ནང་ཟས་རིགས་གྲ་སྒྲིག་བྱེད་བཞིན་ཡོད། བོད་ཟས་ཁང་དུ་བོད་ཐབ་དང་བོད་ལུགས་འབོལ་ཁྲི། བོད་ལུགས་ཇ་དེམ་སོགས་ཡོད་པ་དང་། གྱང་ངོས་སུ་འུར་ཆ་དང་ནོར་རྡང་། མདའ་གཞུ་སོགས་བོད་ཀྱི་ལག་ཤེས་བཟོ་རྩལ་མང་པོ་བཀལ་ཡོད།

བཀྲ་ཤིས་ད་ལོ་ལོ་སོ་བརྒྱད་ཡིན་པ་དང་། གངས་རི་ཡུལ་ཚོའི་གཡས་ཁོག་སྡེ་བའི་འབྲོག་མི་ཞིག་རེད། ལོ་འགའི་སྔོན་ཁྱིམ་མི་གང་བོས་འབྲོག་ཁུལ་དུ་འཚོ་བ་རོལ་བཞིན་ཡོད་པ་དང་། སྐབས་དེར་ཁྱིམ་དུ་ནོར་ལྔ་བཅུ་དང་ལུག་ཉིས་བརྒྱ་ལྷག་ཡོད། ལོ་ཧྲིལ་བོའི་འཚོ་བ་དེ་འདྲའི་ཕྱུགས་པོ་མིན་ཡང་ཁ་གསོ་ཐུབ། བཟའ་མི་གང་བོའི་ལོ་གཅིག་རིང་གི་ཡོང་འབབ་སྒོར་ཁྲི་གཅིག་ནས་གཉིས་མ་གཏོགས་མེད།

2015ལོར། བཀྲ་ཤིས་ཀྱིས་ཡུལ་ཚོའི་སྲིད་གཞུང་གི་འགྲམ་ནས་བོད་ཟས་ཁང་ཞིག་གཉེར་རྒྱུའི་ཐག་བཅད། ཁོས་ཁྱིམ་གྱི་ལུག་ཚང་མ་བཙོང་སྟེ་སྒོར་འབུམ་གཅིག་ལྷག་དང་ཤ་ཉེ་གྲོགས་པོ་ཚོ་ལ་སྒོར་འགའ་རེ་བསྐྱིས་ཏེ། གངས་རི་ཡུལ་ཚོའི་ཉེན་ཁང་བསྒྱུར་བཀོད་ཀྱི་རྣམ་གྲངས་ལ་རེ་ཞུ་བྱས་ནས། ཡུལ་ཚོ་སྲིད་གཞུང་གི་འགྲམ་ཏུ་ཁང་བ་ཉིས་ཐོག་ཅིག་ལས་པ་དང་། དེ་མཛེས་སྤྲས་བྱས་ནས་བོད་ཟས་ཁང་ཞིག་ཕྱེས།

བོད་ཟས་ཁང་ལས་ཏེ་སྒོ་ཕྱེས་ནའང་། ཟ་མ་གཡོ་བསྐོལ་བྱེད་ཤེས་མཁན་མེད། བཟའ་ཟླ་མཚོ་མོས་ཤ་བཙོ་བ་དང་ཚོད་མ་འགའ་རེ་བརྔོ་བ་ལས་ཅི་ཡང་མི་ཤེས། དེ་བས་བཀྲ་ཤིས་ཀྱིས་ཕྱོགས་གཅིག་ནས་ཇ་མ་བཙལ་བ་དང་། ཕྱོགས་གཅིག་ནས་ཆུང་མར་གྲོས་བྱས་ཏེ་ཟ་མ་གཡོས་སྦྱོར་ལ་སློབ་སྦྱོང་བྱེད་དུ་བཅུག རྒྱུ་མཚན་ནི་ཇ་མ་བཙལ་ན་མ་རྩ་ཧ་ཅང་མཐོ་བས་རེད།

2016ལོའི་ལོ་འགོར། རྫོང་ལས་ཞུགས་ཅུའུ་ཡིས་རྩལ་ནུས་གསོ་སྦྱོང་རྩ་འཛུགས་བྱེད་བཞིན་པ་ཐོས་རྗེས། བཀྲ་ཤིས་ཀྱིས་ཆུང་མར་མིང་ཐོ་བཀོད་དུ་བཅུག་སྟེ་ཟ་མ་གཡོས་སྦྱོར་སློབ་སྦྱོང་བྱེད་དུ་མངགས། མཚོ་མོར་གཡོས་སྦྱོར་སློབ་སྦྱོང་གི་རྩལ་ནུས་དཔང་ཡིག་ཡོད་པ་དང་། དེའི་ནང་དུ་མཚོ་མོ2016ལོའི་རྩལ་ནུས་གསོ་སྦྱོང་ལ་ཞུགས་པར་མ་ཟད། 2017ལོའི་རྩལ་ནུས་གསོ་སྦྱོང་དུའང་ཞུགས། 2016ལོའི་ཟླ་བཞི་བ་ནས་ཟླ་ལྔ་བའི་བར། གཡོས་སྦྱོར་ལས་རིགས་གསོ་སྦྱོང་སློབ་ཁྲིད་དུས་ཡུན་སློབ་ཐུན་བཞི་བརྒྱ་ལ་ཞུགས། 2017ལོའི་ཟླ་དགུ་བ་ནས་ཟླ་བཅུ་བའི་བར། གཡོས་སྦྱོར་ལས་རིགས་གསོ་སྦྱོང་སློབ་ཁྲིད་དུས་ཡུན་སློབ་ཐུན་བཞི་བརྒྱ་ལ་ཞུགས།

མཚོ་མོས་བཤད་རྒྱུར། “སྔོན་ཆད་ཟ་མ་གཡོས་སྦྱོར་བྱེད་མི་ཤེས། འོན་ཀྱང་རྩལ་ནུས་གསོ་སྦྱོང་ལ་ཞུགས་པ་ནས་བཟུང་། ཚོད་མ་འགའ་རེ་རྔོ་ཤེས་ལ་མགྲོན་པོ་ཚོའི་དགའ་བསུ་ཡང་ཐོབ ”ཟེར།

ཅོག་ཙེའི་སྟེང་གི་ཚལ་ཐོ་བླངས་ཏེ་བལྟས་པ་ན། སྲེག་ལེབ་སྡེར་མ་གང་ལ་སྒོར་བཅུ་དགུ་དང་། རྒྱ་ཐུག་ཤ་བརྔོས་མ་དཀར་ཡོལ་གང་ལ་སྒོར་སོ་གཉིས་སོགས་སྣ་གྲངས་མང་པོ་ཡོད་ལ། སི་ཁྲོན་གྱི་བྲོ་བའི་ཚལ་རིགས་ཡང་ཡོད་པ་མ་ཟད། ཟས་རིགས་གཙོ་བོ་ནས་རྔོ་ཚོད་སོགས་གང་དགོས་ཅི་དགོས་ཡོད།

བཀྲ་ཤིས་ཀྱིས་བཤད་རྒྱུར། “ལོ་འགའི་སྔོན་ལ། གངས་རིར་ལྟ་སྐོར་བྱེད་པའི་ཡུལ་སྐོར་བ་ཅུང་མང་བས། ལོ་གཅིག་ལ་སྒོར་ཁྲི་ལྔ་དྲུག་གི་ཡོང་འབབ་ཡོད། ད་སྐབས་གནས་འདི་ལྟེ་གནས་སྲུང་སྐྱོང་ཁུལ་དུ་གྱུར་ཡོད་པས། ཡུལ་སྐོར་བ་ཇེ་ཉུང་དུ་སོང་མོད། འོན་ཀྱང་ཡོང་འབབ་ཀྱིས་འཚོ་བར་ཁག་ཐེག་བྱེད་ཐུབ ”ཟེར།

གནས་འདི་ལྟེ་གནས་སྲུང་སྐྱོང་ཁུལ་དུ་གྱུར་ཏེ། ཕྱིའི་ཡུལ་སྐོར་བ་ཡོང་མི་ཆོག་ནའང་། བཀྲ་ཤིས་ཚང་གི་ཕྱོགས་གཞན་པའི་ཡོང་འབབ་ཇེ་མང་དུ་སོང་ཡོད། སྲུང་སྐྱོབ་ས་ཁུལ་བཙུགས་པ་དང་མཉམ་དུ། བཀྲ་ཤིས་སྐྱེ་ཁམས་དོ་དམ་པ་ཞིག་ཏུ་གྱུར་ལ། ཁོས་ཉིན་རེར་དུས་ཚོད་གཅིག་ཙམ་བེད་སྤྱད་དེ་ཁོ་རང་གི་ལས་བགོས་ས་གནས་ནས་གད་སྙིགས་འཐུས་ན། ཟླ་རེར་སྒོར་སྟོང་གཅིག་དང་བརྒྱད་བརྒྱ་ཡི་གླ་ཕོགས་ཡོད། བོད་ཟས་ཁང་གི་ཚོང་ཇེ་བཟང་དུ་གཏོང་ཆེད། བཀྲ་ཤིས་ཀྱིས་ལོ་ཉི་ཤུ་ལ་སོན་པའི་བུ་རྡོ་རྗེ་རིན་ཆེན་སྐྱེད་སྲིང་བྱེད་བཞིན་ཡོད། 2018ལོའི་ལོ་མཇུག་ཏུ། བཀྲ་ཤིས་ཀྱིས་རྡོ་རྗེ་རིན་ཆེན་ནན་ཅིན་ཡུལ་སྐོར་ལས་རིགས་སློབ་གྲྭར་བསྐྱལ་བ་དང་།རྡོ་རྗེ་རིན་ཆེན་ནན་ཅིན་ཡུལ་སྐོར་ལས་རིགས་སློབ་གྲྭས་བསྒྲུབས་པའི“རིག་གནས་ཡུལ་སྐོར་པུའུ་ཡི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་ཚོགས་པ་མཚོ་སྔོན་མགོ་ལོག་གཡོས་སྦྱོར་ནུས་རྩལ་གསོ་སྦྱོང་འཛིན་གྲྭའི་”ནང་དུའང་ཞུགས་མྱོང་།

ད་ལྟའི་འཚོ་བའི་མྱོང་ཚོར་གླེང་སྐབས། བཀྲ་ཤིས་ཀྱིས་བཤད་རྒྱུར། “ཡབ་མེས་རྣམས་ཀྱི་ལམ་བཏོད་པའི་དཀའ་ངལ་དང་བསྡུར་ན། ང་ཚོའི་འཚོ་བ་བདེ་ཞིང་སྐྱིད། ང་ཚོས་ཡབ་མེས་རྣམས་ཀྱི་ལམ་བཏོད་སྙིང་སྟོབས་རྒྱུན་འཛིན་བྱེད་དགོས་ལ། ཕྱུག་འགྱུར་གྱི་ལམ་བུའི་སྟེང་རྒྱང་ནས་རྒྱང་དུ་བསྐྱོད་དགོས ”ཟེར།

ལོ་ཙཱ་བ། དངོས་སྦྱོང་སློབ་མ་བདེ་སྐྱིད་སྒྲོལ་མ། ལྷ་མཁར་མཚོ།