རྫ་ཆུ་བསིལ་མ་ལྷུང་ལྷུང་བཞུར།
2020.09.11 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 33

མཚོ་སྔོན་ཞིང་ཆེན་གྱི་ལྷོ་རྒྱུད་དུ་གནས་པའི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་ནི་རྫ་ཆུའི་འབྱུང་ཡུལ་ཡིན། གནས་འདིར་འཁྱགས་ཀླུང་དང་གངས་རི་ཡོད་ཅིང་། རི་མཐོན་པོ་དང་གྲོག་རོང་ཡོད། དེ་ལས་ཀྱང་མདོ་དབུས་མཐོ་སྒང་གི་རི་སྐྱེས་སྲོག་ཆགས་ཀྱི་དག་ཞིང་ཡིན།

ལོ་དུ་མའི་སྔོན་དུ། ས་གནས་འབྲོག་དམངས་ཀྱི་ཁོར་སྲུང་འདུ་ཤེས་ཞན་པ་དང་། སྲིད་གཞུང་གིས་མ་དངུལ་གཏོང་བར་ཡང་ཚད་ཡོད་པ་སོགས་ཀྱི་རྐྱེན་གྱིས། གཙང་པོའི་མགོ་ཁུངས་ཀྱི་གད་སྙིགས་གང་སར་མཐོང་། ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་ཀྱིས་ཤུགས་བཏོན་ཏེ་སྐྱེ་ཁམས་སྲུང་སྐྱོབ་བྱས་པས། 2005ལོ་ནས་མིག་སྔའི་བར་དུ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་སྲུང་སྐྱོབ་ལ་མ་དངུལ་བཏང་ཚད་རིམ་རྩིས་བྱས་ན་སྒོར་ཐེར་ཆེན་གཅིག་ཐེར་འབུམ་བརྒྱད་ལས་བརྒལ་ཡོད།

རྫ་སྟོད་རྫོང་རྣམ་སྲས་ཡུལ་ཚོའི་ས་མགོའི་མཐོ་ཚད་སྨི4000ལས་བརྒལ་ཡོད་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཁུལ་དུ་གཏོགས་ཤིང་། མདོ་དབུས་མཐོ་སྒང་གི་རི་དྭགས་གསའ་དང་སྐྱེ་དངོས་སྣ་མང་རང་བཞིན་ཆེས་ཕུན་སུམ་ཚོགས་པའི་ས་ཁུལ་གྲས་ཀྱི་གཅིག་ཡིན།

རྫ་སྟོད་རྫོང་རྣམ་སྲས་ཡུལ་ཚོ་གནས་མདོ་སྡེ་བའི་སྡེ་དམངས་ཀླུ་དཀར་གྱིས་བཤད་རྒྱུར།“སྐྱེ་ཁམས་ལྟ་སྲུང་པ་བྱས་རྗེས། ཡོང་སྒོ་འཕར་སྣོན་བྱུང་ཞིང་། ཁོར་ཡུག་ཀྱང་ཇེ་ལེགས་སུ་ཕྱིན། དེང་སྐབས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་མི་རེ་རེའི་སེམས་སུ་ཟུག་ཡོད།”

སྐྱེ་ཁམས་ཁོར་ཡུག་བརྟན་བརླིང་ངང་སླར་གསོ་བྱུང་རྗེས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་དུ་སྐབས་ཤིག་ལ་རྗེས་ཤུལ་འཚོལ་དཀའ་བའི་རི་སྐྱེས་སྲོག་ཆགས་དཀོན་གྲས་རྣམས་ཡང་བསྐྱར་མངོན་བྱུང་། ཉེ་བའི་ལོ་འགའི་རིང་ལ། ས་དེའི་འབྲོག་པ་མང་ཚོགས་ཀྱིས་གསའ་དང་། གཟིག་ཁྲ།  ཆུ་སྲམ། དྲེད་མོང་སོགས་སྲོག་ཆགས་ཀྱི་རིགས་ཇེ་མང་དུ་གྱུར་པ་མཐོང་།

རྫ་སྟོད་རྫོང་གིས་སྡེ་བ་དང་ཚོ་བའི་ཁོར་སྲུང་རུ་ཁག་སྒྲིག་འཛུགས་བྱས་ཏེ། ཁྱིམ་ཚང་གི་ཐོག་མའི་རིགས་དབྱེ་དང་ཕྱིར་སྡུད་ནས་མགོ་བརྩམས་ཏེ། རིམ་བཞིན“ཁྱིམ་ཚང་གིས་རིགས་དབྱེ་བ་དང་། སྡེ་བས་སྡུད་ཉར་བྱེད་པ། ཡུལ་ཚོས་དབོར་སྐྱེལ་བྱེད་པ། རྫོང་གིས་ཐག་གཅོད་པ”བཅས་ཀྱི་རྣམ་པ་གསར་པའི་འབྲོག་ཁུལ་གད་སྙིགས་ཇེ་ཉུང་དང་ཡང་བསྐྱར་བེད་སྤྱོད་ཀྱི་ཐག་གཅོད་རྐྱེན་སྲོལ་བཙུགས།

གསར་འགོད་པ་བཅར་འདྲིར་སྐྱོད་པའི་ལམ་དུ། ནམ་རྒྱུན་གཞུང་ལམ་དང་ཆུ་ལམ་དེད་ནས་གད་སྙིགས་འཐུ་བའི་འབྲོག་པ་མང་པོ་མཐོང་བ་དང་། ཁོ་ཚོའི་ལག་ཏུ་ལག་བཟོས་ཁུག་མ་ཡོད་ལ། གད་སྙིགས་མཐོང་ཚེ་ཞོར་དུ་འཐུ་ཞིང་། ལམ་དུ་འགྲོ་ཞོར་དང་སྡོད་ཞོར་བྱེད་ཀྱིན་ཡོད། ཕྱོགས་མང་པོའི་འབད་བརྩོན་འོག་ཏུ། ས་ཆ་འདི་ལ“གད་སྙིགས་མེད་པའི་མཁར་གྲོང”གི་སྣང་ཚུལ་མངོན་ཡོད། །

སྐྱེ་ཁམས་བཟང་པོ་ནི་དམངས་འཚོའི་བདེ་སྐྱིད་ཡིན།

ངག་རྒྱུན་དུ་རི་ལ་གནས་པ་ཚོས་རི་ལ་བརྟེན་ནས་འཚོ་བ་དང་། ཆུ་འགྲམ་དུ་གནས་པ་ཚོས་ཆུ་ལ་བརྟེན་ནས་འཚོ་ཟེར་སྲོལ་ཡོད།

འོན་ཀྱང་སྐབས་འདིའི“འཚོ་ཐབས”ནི་དེ་ཙམ་ལ་གོ་བ་གཏན་ནས་མིན། ལོ10ཡི་ཡར་སྔོན་དུ། རི་མགོར་ཕྱུགས་ཟོག་འཚོ་བ་ལ་བརྟེན་ནས་འཚོ་དགོས་པ་དང་། “འཚོ་ཐབས”དེ་འདྲར་བརྟེན་པའི་སྐབས་སུ། མི་རེའི་ཆ་སྙོམས་ཡོང་སྒོ་སྒོར2000ལའང་མི་འབུད། འོན་ཀྱང་ལོ10ཡི་རྗེས་སུ། ཕྱུགས་འཚོ་བ་དང་ཁ་བྲལ་ཞིང་། རི་ལས་བབས་ཏེ་གཏན་སྡོད་བྱས། ཕྱུགས་བསྐྱུར་རྩྭ་འདེབས་ལ་རྩྭ་སའི་ཁ་གསབ་ཡོད་པ་དང་། ཁྱིམ་རེའི་སྐྱེ་ཁམས་ལྟ་སྲུང་པ ་གཅིག་གི་ལས་རྐང་ལ་བརྟེན་ནས། ལོ་གཅིག་གི་ཡོང་སྒོ་སྒོར་ཁྲི་གཉིས་སྟོང་གཅིག་དྲུག་བརྒྱར་འཕར་བ་དེ། ལྡབ་བཅུ་ལྷག་ཡིན་པར་མ་ཟད། “འཚོ་ཐབས”དེ་ལ་ཡུན་རིང་བརྟེན་ཆོག་པའི་ཐབས་ལམ་རྙེད་པར་གྱུར།

རི་བོ་གཅིག་ལ་བརྟེན་ཀྱང་། མི་དེ་ཚོ་སྔར་གྱི་མི་ཡིན། མི་འདྲ་ས་ཞིག་ཡོད་པ་ནི། འཕེལ་རྒྱས་གཏོང་སྟངས་འགྱུར་བས་ཕན་འབྲས་ལ་འགྱུར་ལྡོག་ཆེན་པོ་བྱུང་།

སྔོན་ཆད་ཡོད་མ་མྱོང་བའི་འགྱུར་ལྡོག་དེ་ནི། “སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན”པའི་འཕེལ་རྒྱས་འདུ་ཤེས་ལག་ཏུ་བསྟར་བའི་འབྲས་བུ་རེད། དེ་རིང་ང་ཚོས་མཐོང་བ་ནི། དུས་རབས་གསར་པའི་འདེགས་འཇོག་དང་བསྟུན་ནས། མཚོ་སྔོན་གྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་འབྲོག་པ་མང་ཚོགས་ཁྲི་གཅིག་དང་སྟོང་བདུན་སྐྱེ་ཁམས་ལྟ་སྲུང་པའི་དཔུང་སྡེར་ཞུགས་པ་དང་། རིམ་བཞིན་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བདག་པོར་གྱུར། སྐྱེ་ཁམས་ལྟ་སྲུང་བྱ་བ་སྒྲུབ་པའི་སྐབས་སུ། ལས་ཕྱོད་དཔྱད་དཔག་ལེགས་འགྲུབ་བྱུང་བའི་འབྲོག་དམངས་ལ་ཟླ་རེར་ཡོང་འབབ་སྒོར1800ཡོད་པ་དང་། མི་གྲངས5མན་གྱི་ཁྱིམ་ཚང་ནི་དེ་ལ་བརྟེན་ནས་དབུལ་ཐར་བརྟན་པོ་མངོན་འགྱུར་བྱུང་ཞིང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཧུར་བརྩོན་རང་བཞིན་ཉིན་རེར་མཐོར་འདེགས་སུ་ཕྱིན།

དེ་ལས་གཞན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་འབྲོག་དམངས་ཀྱིས་དངོས་སུ་སྐྱེ་ཁམས་ཞན་འགྱུར་ལས་བྱུང་བའི་འཚོ་བའི་དཀའ་སྡུག་དངོས་སུ་བརྒྱུད་རྗེས། “སྐྱེ་ཁམས་ཕོར་བ”བསྣམས་ཤིང་། “ལྗང་མདོག་ཁ་ཟས”ལ་རོལ་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བདུད་རྩི་མྱངས་ཤིང་། ནང་སེམས་ལས་བྱུང་བའི་སྒུལ་ཤུགས་ཁྱོན་ཡོངས་ནས་འཕེལ། རྨ་འབྲི་རྫ་གསུམ་ས་ཁུལ་དུ་སོང་ན། ང་ཚོས་མཐོང་བ་ནི། གཞུང་ལམ་དེད་ནས་རང་འགུལ་ངང་གད་སྙིགས་འཐུ་བཞིན་པའི་འབྲོག་དམངས་ཉུང་ཉུང་མིན་ལ། ཁོ་ཚོའི་ཁྲོད་ཀྱི་མི་སྐོར་ཞིག་ནི་སྐྱེ་ཁམས་ལྟ་སྲུང་པ་མ་རེད། འོན་ཀྱང། དེ་ལས་མཐོང་བ་ནི། རྨ་འབྲི་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནི་སྐྱེ་ཁམས་སྤྱི་ཕན “ཁྱིམ་ཚང་གཅིག་ལ་ལས་རྐང་ཅིག”གི་རྐྱེན་སྲོལ་འོག “མི་གཅིག་སྐྱེ་ཁམས་ལྟ་སྲུང་པར་བསྡུ་ལེན་བྱས་རྗེས། ཁྱིམ་ཚང་ཡོངས་སྐྱེ་ཁམས་སྲུང་སྐྱོབ་ནང་ཞུགས་པའི”སྲོལ་གསར་པ་ཞིག་དར་བཞིན་ཡོད།

སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་ཆེས་དྲང་གཞག་གི་སྤྱི་པའི་ཐོན་རྫས་ཡིན་ལ། ཆེས་ཀུན་ཕན་གྱི་དམངས་ཚོས་བདེ་སྐྱིད་རེད། རྒྱལ་ཁབ་སྤྱི་གླིང་བསྐྲུན་རྒྱུ་ནི། མི་དམངས་ཀྱི་བདེ་སྐྱིད་དང་འབྲེལ་བ་དང་། མི་རིགས་ཀྱི་མ་འོངས་པའི་ཡུན་རིང་ཇུས་ཆེན་དང་འབྲེལ་ཞིང་། མཚོ་སྔོན་གྱི་ཆེས་ཆེ་བའི་དམངས་ཚིས་བཟོ་འགོད་ཡིན།

ཁོར་ཡུག་ནི་དམངས་འཚོ་ཡིན། ལྗང་མདོག་གི་རི་བོ་ནི་མཛེས་སྡུག་ཡིན་ལ། གནམ་སྔོན་པོའང་བདེ་སྐྱིད་ཡིན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟས་ང་ཚོ་ལ་བདེ་སྐྱིད་འཚོ་བའི་རེ་བ་མཐོང་དུ་བཅུག་པ་དང་། ནམ་མཁའ་དང་། མཐིང་མདོག་ཟླ་འོད། ལྷུང་ལྷུང་དུ་འབབ་པའི་གཙང་བོ།  རྔམ་བརྗིད་ལྡན་པའི་རི་ཚོགས། རྩྭ་ཐང་དུ་མི་དར་ཕྱུག་དར་དང་། འབྲོག་དམངས་ལ་ལྟོ་གོས་གཏམ་གསུམ་འཛོམས་པར་གྱུར། །

                                                                          རྩོམ་སྒྲིག་པ། གཡང་འབུམ་རྒྱལ།