— མཚོ་སྔོན་གྱི་ཡུལ་གཞན་དུ་གནས་སྤོར་དབུལ་སྐྱོར་བྱས་པའི་མཐོང་ཐོས།
2019ལོར་ཆོས་ཚ་སྡེ་བས་རིམ་ཁག་གི་མ་དངུལ་སྒོར་ས་ཡ་བརྒྱད་འབུམ་ལྔ་ཁྲི་བརྒྱད་ལྷག་ཧྲིལ་བསྡུས་བྱས་ནས་བཟའ་བཏུང་དང་། ཞག་སྡོད། དངོས་ཟོག་ཉོ་སྒྲུབ་བཅས་གཞི་གཅིག་ཏུ་འདུས་པའི་ཐོན་ལས་དབུལ་སྐྱོར་གྱི་གསོ་སྐྱོང་རྟེན་གཞི་བསྐྲུན།
འོད་ཤུགས་དབུལ་སྐྱོར་གྱི་ཡོང་འབབ་སྒོར་ཉིས་སྟོང་སུམ་བརྒྱ་དང་། ཕྱུགས་ཟོག་མཉམ་ལས་ཁང་གི་མ་རྐང་ཁྲོད་བཞག་ཏེ་ཁེ་སྤོགས་སྒོར་སྟོང་ལྔ་བརྒྱད་བརྒྱ་གྱ་དྲུག དེའི་ཁར་མ་མཐའི་འཚོ་བ་འགན་སྲུང་གི་ཡོང་འབབ་དང་བུས་ཞོར་ལས་གཉེར་བའི་ཡོང་འབབ་བཅས་བསྣན་ཚེ། 2019ལོར་གསེར་བཟང་སྐྱིད་ཚང་གི་ཡོང་འབབ་སྒོར་ཁྲི་གཉིས་སྟོང་དགུ་དྲུག་བརྒྱ་ཉེར་བཞིར་བསླེབས་ཡོད།
སྦུད་པ་དང་། ཕྱིང་བ། གཉའ་ཤིང་། མདུང་སོགས་རེ་རེ་བཞིན་གྲལ་སྒྲིག་པོས་ཅོག་ཙེའི་སྟེང་བཤམས་འདུག འབྲས་ལྡན་སྟོན་གྱི་དུས་བཟང་འདིར་གསར་འགོད་པ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཨུར་སྟི་ཡུལ་ཚོའི་ཆོས་ཚ་སྡེ་བའི་ལོ་རྒྱུས་ཁང་དུ་བསྐྱོད་པ་ན། སྔོན་ཆད་འབྲོག་པའི་ཉེར་མཁོའི་དངོས་རྫས་དག་ད་ལྟ་རིམ་བཞིན་ཡུལ་མི་ཚོའི་དུས་རྒྱུན་གྱི་འཚོ་བའི་ཁྲོད་ནས་ཡལ་ཏེ། གནས་སྤོར་བཀོད་སྒྲིག་བྱ་ཡུལ་གྱི་སྡེ་བའི་ལོ་རྒྱུས་འགྲེམས་སྟོན་ཁང་གི་འགྲེམས་དངོས་སུ་གྱུར་འདུག
“སྔོན་ཆད་སྦྲའི་ནང་སྡོད་སྐབས་སྦུད་པ་ནི་ཧ་ཅང་མཁོ་ཆེ་བའི་ཅ་ལག་ཅིག་ཡིན། དེང་སང་དགོས་མཁོ་མི་འདུག”ཅེས་ད་ལོ་ལོ་ཞེ་བཞི་ཡིན་པའི་སྡེ་མི་རིན་ཆེན་རྒྱལ་གྱིས་དེ་ལྟར་བཤད་བྱུང་། སྔོན་ཆད་ཆོས་ཚ་སྡེ་བ་ནི་གུང་ཧོ་རྫོང་དང་བར་ཐག་སྤྱི་ལེ་ཉེར་བཞིའི་མཚམས་སུ་ཡོད་ཅིང་། རྫོང་ཡོངས་ཀྱི་ཡིག་ཚགས་དང་བྱང་བུ་བཟོས་པའི་སྡེ་བ་དབུལ་པོ་བཞི་བཅུའི་གྲས་ཤིག་ཡིན་ལ། འབྲོག་པ་མང་ཚོགས་ཀྱི་སྡོད་གནས་ཐག་རིང་ཞིང་ཐར་ཐོར་ཡིན་པ་དང་། རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ཞན་ལ་སྤྱི་པའི་ཞབས་ཞུ་ནི་དེ་བས་ཀྱང་གླེང་ཐབས་བྲལ།
རིན་ཆེན་རྒྱལ་གྱིས་བཤད་རྒྱུར། “སྔོན་ཆད་ཆུ་ལེན་ན་སྤྱི་ལེ་གཉིས་གསུམ་གྱི་སར་སོང་ནས་ལེན་དགོས་པས་དངོས་གནས་དཀའ་ཁག་ཆེ་ཟེར། དབུལ་ཐར་མཁྲེགས་གཏོར་གྱི་སྲིད་ཇུས་བཟང་བོའི་འོག ལོ་གསུམ་གྱི་གོང་རོལ་དུ་རིན་ཆེན་རྒྱལ་གྱིས་སྡེ་བའི་ནང་གི་འབྲོག་ཁྱིམ100དང་ལྷན་དུ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་དུ་གནས་སྤར།
གནས་སྤོར་བཀོད་སྒྲིག་བྱ་ཡུལ་དེ་གུང་ཧོ་རྫོང་མཁར་དང་བར་ཐག་སྤྱི་ལེ3ཙམ་ལས་མེད། “རྫོང་མཁར་དང་ཐག་ཉེ་བས་བྱིས་པ་སློབ་གྲྭར་འགྲོ་བ་དང་ནད་སྟོན་པར་ཧ་ཅང་སྟབས་བདེ”། རིན་ཆེན་རྒྱལ་གྱི་བུ་དཔལ་ལྡན་བཀྲ་ཤིས་གུང་ཧོ་རྫོང་ཆ་ཚང་སློབ་ཆུང་གསུམ་པར་འགྲོ་བཞིན་ཡོད་པ་དང་། རིན་ཆེན་རྒྱལ་གྱིས་རྫོང་མཁར་དུ་འཚེམ་བཟོའི་ལས་ཀ་གཉེར་བཞིན་ཡོད།
“བོད་བཟོའི་ཞྭ་མོ་རེར་སྒོར500དང་སྲོལ་རྒྱུན་གྱི་བོད་ལྭ་རེར་སྒོར4000བྱས་ནས་འཚོང་ཐུབ”ཅེས་རིན་ཆེན་རྒྱལ་གྱིས་བོད་ལྭ་བཟོ་ཞོར་དུ་གསར་འགོད་པར་དེ་ལྟར་བཤད་བྱུང་། 2017ལོར་རི་འགོ་ནས་གནས་སྤར་རྗེས་རིན་ཆེན་རྒྱལ་དང་ཆུང་མ་ཆོས་སྒྲོན་གུང་ཧོ་རྫོང་ལས་ཞུགས་ཅུས་ཀྱིས་གཉེར་བའི་དབུལ་ཕོངས་ཁྱིམ་ཚང་ལ་རིན་མི་དགོས་པར་རྩལ་ནུས་གསོ་སྦྱོང་བྱེད་པའི་འཛིན་གྲྭར་ཞུགས་ནས་འཚེམ་བཟོའི་ལག་རྩལ་སྦྱངས་པ་རེད།
རིན་ཆེན་རྒྱལ་གྱིས་བཤད་རྒྱུར། “ད་ལྟ་མངགས་ཐོ་ལེན་ས་དང་། རྒྱུ་ཆ་ཉོ་བ། གྱོན་གོས་བཟོས་མ་སྐྱེལ་བ་གང་ཡིན་རུང་སྟབས་ཧ་ཅང་བདེ། བོད་ལྭ་ཞིག་བཟོས་ན་བཟོ་གླ་སྒོར200ཡོད” ཟེར། རིན་ཆེན་རྒྱལ་གྱིས་རྫོང་མཁར་གྱི་གངས་ཅན་པ་རྒྱན་གོས་ཀུང་སི་དང་ཚོང་ལམ་བཙུགས་པས་བཟའ་ཟླ་གཉིས་ལ་ཟླ་རེར་ཀུང་སི་དེ་ནས་བོད་ལྭ་བཅུ་ཙམ་གྱི་འཚེམ་བཟོའི་མངགས་ཐོ་རག་བཞིན་ཡོད།
ས་བབ་ཀྱི་ཁྱད་ཆོས་ལེགས་པས་ཆོས་ཚ་སྡེ་བའི་མ་འོངས་པའི་འཕེལ་རྒྱས་ཐད་འཆར་འགོད་སྔར་ལས་མང་པོ་ཡོད། སྡེ་སྡོད་ལས་བྱེད་པ་ལིས་ཅོན་གྱིས་བཤད་རྒྱུར། ཆོས་ཚ་སྡེ་བ་རྫོང་མཁར་དང་ཐག་ཉེ་བ་མ་ཟད་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་བཀོད་སྒྲིག་བྱ་ཡུལ་དེ་རྒྱལ་ལམ109ཡི་འགྲམ་དུ་ཡོད་པས། རྒྱུན་དུ་ཚོང་ཟོག་སྐྱེལ་འདྲེན་རླངས་འཁོར་གྱི་ཁ་ལོ་བ་དང་མཚོ་སྔོན་གྱི་མཛེས་ལྗོངས་གྲགས་ཅན་ཚྭ་ཁར་སྐྱོད་པའི་ཡུལ་སྐོར་བ་རྣམས་གནས་དེ་བརྒྱུད་དགོས་པར་བརྟེན། 2019ལོར་ཆོས་ཚ་སྡེ་བས་རིམ་ཁག་གི་མ་དངུལ་སྒོར་ས་ཡ་བརྒྱད་འབུམ་ལྔ་ཁྲི་བརྒྱད་ལྷག་ཧྲིལ་བསྡུས་བྱས་ནས་བཟའ་བཏུང་དང་། ཞག་སྡོད། དངོས་ཟོག་ཉོ་སྒྲུབ་བཅས་གཞི་གཅིག་ཏུ་འདུས་པའི་ཐོན་ལས་དབུལ་སྐྱོར་གྱི་གསོ་སྐྱོང་རྟེན་གཞི་ཞིག་བསྐྲུན་ཡོད་ཟེར།
“ཐོན་ལས་གླིང་གི་ཐོག་ཁང་དེ་མི་འགྱངས་བར་ཕྱི་ཕྱོགས་སུ་བོགས་མར་གཏོང་རྒྱུ་ཡིན་ལ། དེས་ཐག་ཉེ་ས་ནས་མང་ཚོགས་ཀྱི་ཞོར་ལས་གནད་དོན་ཐག་གཅོད་ཐུབ་པ་མ་ཟད། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལའང་སྐུལ་ཁྲིད་བྱེད་ཐུབ”ཅེས་ལིས་ཅོན་གྱིས་གསར་འགོད་པར་དེ་ལྟར་བཤད་བྱུང་།
ཆོས་ཚ་སྡེ་བའི་འགྱུར་ལྡོག་ནི་མཚོ་སྔོན་གྱི་ཡུལ་གཞན་དུ་གནས་སྤོར་དབུལ་སྐྱོར་ལས་དབུལ་ཐར་ལ་རམ་འདེགས་བྱས་ཏེ་འབྱོར་འབྲིང་གི་ཕྱོགས་སུ་བསྐྱོད་པའི་དཔེ་མཚོན་ཞིག་ཡིན། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་དུ་རིམ་རྩིས་བྱས་ན་རོང་འབྲོག་ཁྱིམ་ཚང་ཁྲི་ལྔ་སྟོང་གཉིས་གནས་སྤོར་བྱས་པ་དང་། མི་འབུམ་གཉིས་ཡུལ་གཞན་དུ་གནས་སྤོར་དབུལ་སྐྱོར་བྱས་པ་བརྒྱུད ། དབུལ་ཕོངས་ནས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་ཡོད།
མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་དུང་དཀར་སྡོད་ཁུལ་ནི་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི་གནས་སྤོ་མང་ཚོགས་བཀོད་སྒྲིག་བྱ་ཡུལ་ཆེ་ཤོས་ཡིན་པ་དང་། ས་བབ་མཐོ་ཚད་ལ་མུས་སུམ་སྟོང་དྲུག་བརྒྱ་ལྔ་བཅུ་ཟིན་ཡོད་ལ། ཞང་དང་གྲོང་རྡལ་བཞི་ཡི་སྲིད་འཛིན་སྡེ་བ་བཅོ་ལྔའི་འབྲོག་པ་མང་ཚོགས2618གཞིས་སྡོད་ཀྱི་འཚོ་བ་སྐྱེལ་བཞིན་ཡོད།
གསར་འགོད་པས་ད་ལོ་ལོ་ང་གསུམ་ཡིན་པའི་སྡེ་མི་གསེར་བཟང་སྐྱིད་མཐོང་སྐབས། ཁོ མོས་སྒོ་རའི་ནང་གི་ཐབ་ཀའི་འགྲམ་དུ་ཡོས་རྔོ་བཞིན་འདུག རྩྭ་སའི་རྒྱ་ཁྱོན་ཆུང་ལ་སྤུས་ཚད་ཞན་པར་བརྟེན། གསེར་བཟང་སྐྱིད་ཚང་གི་བཟའ་མི་ཡོངས2017ལོར་སྤྱི་ལེ་30ལྷག་གི་གཤོང་བྱམས་སྡེ་བ་ནས་གནས་སྤར་ཡོང་བ་རེད།
འོད་ཤུགས་དབུལ་སྐྱོར་གྱི་ཡོང་འབབ་སྒོར་ཉིས་སྟོང་སུམ་བརྒྱ་དང་། མཉམ་ལས་ཁང་དུ་ནོར་ལུག་མ་རྐང་དུ་བཞག་པའི་ཁེ་སྤོགས་སྒོར་སྟོང་ལྔ་བརྒྱད་བརྒྱ་རེ་གསུམ། མ་མཐའི་འཚོ་བ་འགན་སྲུང་གི་ཡོང་འབབ་དང་བུས་ཞོར་ལས་གཉེར་བའི་ཡོང་འབབ་བཅས་བསྣན་ཚེ། གསེར་བཟང་སྐྱིད་ཚང་གི་རྗེས་མཐུད་དབུལ་ཐར་ཇུས་གཞིའི་རེའུ་མིག་སྟེང་ན་ནིང་གི་ཡོང་འབབ་སྒོར་ཁྲི་གཉིས་སྟོང་དགུ་དྲུག་བརྒྱ་ཉེར་བཞི་ཟིན་པ་མཐོང་ཐུབ། མུས་གྲུ་བཞི་མ80ཟིན་པའི་ཁང་པ་ནི་སྲིད་གཞུང་གིས་རོགས་སྐྱོར་བྱས་ནས་ལས་པ་ཞིག་ཡིན་ལ། སྡོད་ཁུལ་གྱི་ལས་བྱེད་པས་ཉིན་ལྟར་འབྲོག་པ་མང་ཚོགས་ཀྱི་འཚོ་བར་དོ་ཁུར་བྱེད་བཞིན་ཡོད།
“འབྲོག་པ་མང་ཚོགས་ཐོག་མར་གནས་སྤར་ནས་ཡོང་སྐབས་སུ། ཁྱིམ་ཚང་གི་ནང་དུ་ཐ་ན་གྱོན་པ་འཇོག་སའི་སྒམ་གཅིག་ཀྱང་མེད་པར་མ་ཟད། ཁྱིམ་གྱི་འཚོ་བའི་སྒྲིག་ཆས་དང་འཚོ་བའི་གོམས་སྲོལ། གཙང་སྤྲའི་གོམས་སྲོལ་སོགས་ཚང་མ་གསར་དུ་མགོ་རྩོམ་དགོས་བྱུང་ཞེས་སྡོད་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་རྡོ་རྗེ་དབང་མོས་གསར་འགོད་པར་དེ་ལྟར་བཤད།
ཁོ་མོས་མུ་མཐུད་དུ་བཤད་རྒྱུར། གནས་སྤར་རྗེས་ཀྱི་སེམས་ཁྲལ་སེལ་ཆེད། ས་གནས་ཀྱི་འབྲོག་པ་ཁྱིམ་ཚང713གྱི་མང་ཚོགས་རྣམས་ས་ཁུལ15རུ་བགོས་པ་དང་། ཏང་གི་ཚོགས་ཆུང15བཙུགས་ཤིང་། ཏང་ཡོན་གྱི་ནུས་པ་འདོན་སྤེལ་ལེགས་པོ་བྱས་ནས། དམངས་ཆེད་ཞབས་འདེགས་ཞུ་བའི་སྡོད་ཁུལ་གྱི་ཆུ་ཚད་མཐོར་འདེགས་བཏང་བ་ཡིན་ཟེར།
ཉི་འོད་འོག་ཏུ། གྱང་དམར་པོས་བསྐོར་བའི་ཁང་པ་གྲལ་སྟར་འགྲིག་ཅིང་། རྡོ་རྗེ་དབང་མོས། “ང་ཚོའི་སྡོད་ཁུལ་གྱི་མིང་ལ‘དུང་དཀར་སྡོད་ཁུལ’ཟེར། ང་ཚོས་མང་ཚོགས་རྣམས་སྡོད་ཁུལ་དུ་སླེབས་རྗེས་འཚོ་བ་བཟང་བོ་ཞིག་རོལ་ཐུབ་པར་རེ་བ་བྱེད་ཀྱི་ཡོད”ཅེས་དེ་ལྟར་བཤད།
ལོ་ཙཱ།སྒྲོལ་མ་སྐྱིད།