མཚོ་སྔོན་གྱིས་ནུས་ཁུངས་གཙང་མ་གོང་དུ་སྤེལ་ནས་རྒྱལ་ཡོངས་ལ་སྣེ་ཁྲིད་བྱེད་པ།
2020.10.14 ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས། 13

 ཉེ་ལམ། “རྒྱུད་གཅིག་ལམ་གཅིག”གི་ནུས་ཁུངས་གཙང་མའི་འཕེལ་རྒྱས་གླེང་སྟེགས་མཚོ་སྔོན་དུ་སྤེལ་ཞིང་། གླིང་སྟེགས་སུ“རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་དང་ས་ཁུལ་གྱི་ནུས་ཁུངས་ལས་རིགས་ཁོངས་གཏོགས་ཀྱི་ཆེད་མཁས་པ་བཞི་བརྒྱ་ཙམ་གནའ་མཁར་ཟི་ལིང་དུ་འཛོམས་ནས་ཚན་རིག་གསར་གཏོད་ཀྱི་གྲུབ་འབྲས་མཉམ་སྤྱོད་དང་། སྣེ་ཁྲིད་གཞུང་ལུགས། ལག་རྩལ་སྒྲིག་ཆས་སོགས་ཀྱི་ཐད་ནས་ཕན་ཚུན་གྲོས་སྡུར་བྱས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་སུ། ཉི་འོད་གློག་འདོན་དེ་མཚོ་སྔོན་གྱི་གཞི་ཁྱོན་དང་ཕན་འབྲས། ཚོང་ར་བཅས་དགེ་མཚན་གསུམ་ལྡན་གྱི་ཁྱད་ལྡན་འདེགས་སྐྱོར་ཐོན་ལས་དང་རྒྱལ་ཁབ་ཀྱི་གསར་དར་ནུས་ཁུངས་ཐོན་ལས་རྟེན་གཞིར་འགྱུར་དགོས་ཞེས་མཚོ་སྔོན་གྱི་ནུས་ཁུངས་གསར་པའི་ཐོན་ལས་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་བོར་བསྟན། ཉེ་བའི་ལོ་འདི་འགར་མཚོ་སྔོན་ཞིང་ཆེན་གྱིས“ཏན་ཏིག་བཞི”ཡི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་དང་། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ལ་སྐུལ་འདེད། འཕེལ་རྒྱས་ཀྱི་བསམ་བློ་གསར་པ་བརྟན་བཞེངས། ནུས་ཁུངས་བཅོས་སྒྱུར་གྱི་དར་ཆ་བརྟན་འཛུགས། ནུས་ཁུངས་གཙང་མའི་ལས་དོན་ཁྱོན་ཡོངས་ནས་ལེགས་པོར་བསྒྲུབས་པ་དང་། རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མ་འཕེལ་རྒྱས་གྱི་སྣེ་འཁྲིད་དེ་ཧུར་ཐག་གིས་ནུས་ཁུངས་གཙང་མའི་དཔེ་སྟོན་ཞིང་ཆེན་འཛུགས་སྐྱོང་ལ་སྐུལ་འདེད་བྱས།

ནུས་ཁུངས་གཙང་མ་མཁོ་འདོན་བྱས་ནས་འཛམ་གླིང་གི་ཟིན་ཐོ་གསར་པ་བསྐྲུན་པ།

དེང་སྐབས་ནི་གོ་ལ་ཧྲིལ་བོའི་ནུས་ཁུངས་གཙང་མ་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་གོ་སྐབས་བཟང་པོ་ཞིག་ཡིན། ལྷག་པར་དུ་གནམ་གཤིས་འགྱུར་ལྡོག་དང་ནུས་ཁུངས་ཉུང་བ། སྣུམ་གོང་བརྟན་འཇགས་མིན་པ། ཚན་རྩལ་བཅོས་སྒྱུར་སོགས་ཕྱི་ནང་གི་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་གོ་ལ་ཧྲིལ་བོ་ནུས་ཁུངས་ཀྱི་རྣམ་པ་བསྐྱར་བཞེངས་དང་། ནུས་ཁུངས་ཐོན་ལས་གོང་སྤེལ་དང་ལེགས་སྒྱུར་བྱ་བའི་ལོ་རྒྱུས་ཀྱི་དུས་མཚམས་སུ་གནས་ཡོད། ཀྲུང་གོ་ད་ལྟ་འཛམ་གླིང་ཡོངས་ཀྱི་སླར་སྐྱེས་ནུས་ཁུངས་ཐོན་སྐྱེད་ཀྱི་རྒྱལ་ཁབ་ཆེ་ཤོས་སུ་གྱུར་ཡོད་པས། བེད་སྤྱོད་བྱེད་མཁན་གྱི་རྒྱལ་ཁབ་ཆེ་ཤོས་དང་ནུས་ཁུངས་གཙང་མའི་ཐོན་ལས་དང་ལག་རྩལ་དག“རྒྱུད་གཅིག་ལམ་གཅིག”རྒྱུད་དུ་ཆགས་པའི་རྒྱལ་ཁབ་དང་ས་ཁུལ་དུ་དར་ཁྱབ་འགྲོ་བཞིན་པའི་སྒང་ཡིན་ལ། གོ་ལ་ཧྲིལ་པོའི་ནུས་ཁུངས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གཙོ་བོའི་གྲས་ཀྱི་གཅིག་ཏུ་གྱུར་ཡོད།

མཚོ་སྔོན་ནི་ནུས་ཁུངས་གཙང་མའི་ཞིང་ཆེན་ཆེ་ཤོས་ཡིན། ལོ་དུ་མའི་རིང་གི་འཕེལ་རྒྱས་ཁྲོད། མཚོ་སྔོན་གྱི་ནུས་ཁུངས་བཅོས་སྒྱུར་ལ“དཔྱིད་ཀྱི་མྱུ་གུ་འབུས་པ”ནས“དབྱར་གྱི་འདབ་ལོ་སྨིན་པའི”མདུན་ལྗོངས་ཡག་པོ་གྲུབ་ཡོད་པས་མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་ཐོན་ཁོངས་ཀྱི་ཁྱད་ཆོས་སུ་གྱུར་ཡོད། 2017ལོ་ནས2020ལོའི་བར་དུ་མཚོ་སྔོན་ཞིང་ཆེན་གྱིས་བསྟུད་མར་ལོ་བཞིའི་རིང་ཉིན7ནས་ཉིན9། ཉིན15། ཉིན100བཅས་རིམ་པ་བཞིན་ནུས་ཁུངས་གཙང་མའི་གློག་ཤུགས་ཚོད་ལྟའི་ཚུལ་དུ་མཁོ་འདོན་བྱས་རྗེས།  ད་ལོའི་ཟླ5བར་གནོད་མེད་གློག་གི་རྨ་འབྲི་རྫ་གསུམ་འགོ་ཁུངས་ཞེས་པའི་ཉིན་བརྒྱའི་མུ་འབྲེལ་བྱེད་སྒོ་སྤེལ་ནས་ཡང་བསྐྱར་ནུས་ཁུངས་གཙང་མའི་གློག་མཁོ་འདོན་གྱི་འཛམ་གླིང་ཟིན་ཐོ་བསྐྲུན་ཞིང་། དེ་ནི་ནུས་ཁུངས་གཙང་མའི་གློག་མཁོ་འདོན་ཕྱོགས་ཀྱི་གསར་བཏོད་དང་འཚོལ་ཞིབ་ཞིག་ཡིན།

2020ལོར“གནོད་མེད་གློག”ཅེས་པའི་བྱེད་སྒོས་བར་སྟོང་གི་ཆ་ནས་རྨ་འབྲི་རྫ་གསུམ་འགོ་ཁུངས་ས་ཁུལ་དམིགས་སུ་བཟུང་ཞིང་། དུས་ཚོད་ཀྱི་ཆ་ནས་ཉིན་བརྒྱར་བསྲིངས་ནས་ཆུ་དང་རླུང་། འོད་སོགས་ཀྱི་ནུས་ཁུངས་གཙང་མའི་གློག་མཁོ་འདོན་གྱི་འཛམ་གླིང་ཟིན་ཐོ་མང་པོ་བསྐྲུན།

མཚོ་སྔོན་གྱི་གནོད་མེད་གློག་མདུན་ནས་མདུན་དུ་སྐྱོད་དེ་རྒྱལ་ཡོངས་ཀྱི་སྣེ་འདྲེན་དུ་གྱུར།

ང་ཚོས་མཚོ་སྔོན་གྱི་ནུས་ཁུངས་གཙང་མའི་ཐོན་ལས་འཕེལ་རྒྱས་མདུན་ནས་མདུན་དུ་བསྐྱོད་དེ་རྒྱལ་ཡོངས་ཀྱི་སྣེ་ཁྲིད་དུ་གྱུར་པ་མིག་མཐོང་ལག་ཟིན་དུ་གྱུར།

གནོད་མེད་གློག་མཁོ་འདོན་ནི་མཚོ་སྔོན་ཞིང་ཆེན་གྱི་བཟོ་ལས་ཐོན་རྫས་དེ་ལྷད་མེད་ནུས་ཁུངས་ཀྱི་ཐོན་རྫས་སུ་གྱུར་བའི་རྟགས་ཤིག་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱི་བཟོ་ལས་ཐོན་རྫས་ཀྱི་མིང་གྲགས་དང་འགྲན་རྩོད་ཇེ་ཆེར་དང་བཟོ་ལས་དཔལ་འབྱོར་གོང་སྤེལ་ལ་ནུས་ཤུགས་གསར་པ་འདོན་པའི་སྒུལ་ཤུགས་གལ་ཆེན་ཡང་རེད།

ད་ལོའི་ཟླ5ཚེས9ཉིན་ནས་བཟུང་། ང་ཚོའི་སྨན་ཁང་གིས‘གནོད་མེད་གློག’གི་བྱེད་སྒོ་དང་འབྲེལ་ཡོད་བྱེད་ཐབས་བརྒྱུད་དེ་ཉིན་རེར་གློག་ཏུའུ་གཅིག་གི་གློག་རིན་སྐར་མ་གཉིས་མར་བཅག་པའི་དམངས་ཕན་སྲིད་ཇུས་ལོངས་སུ་སྤྱད་པ་ཡིན། དེ་ནི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་དམངས་ཕན་གྱི་བྱེད་ཐབས་ཤིག་རེད་ཅེས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་མི་དམངས་སྨན་ཁང་གི་ཡོན་ཀྲང་ཚའོ་ཝའེ་ཕེན་གྱིས་དེ་ལྟར་བཤད་བྱུང་།

མཚོ་ལྷོ་ཁུལ་གྱི་ཐུན་ཏེ་རྫོང་དང་ཞིན་ཧེ་རྫོང་གཉིས་ནི་ཐེངས་དེའི“གནོད་མེད་གློག་གི་རྨ་འབྲི་རྫ་གསུམ་འགོ་ཁུངས”ཞེས་པའི་ཉིན་བརྒྱའི་མུ་འབྲེལ་བྱེད་སྒོའི་གློག་འདོན་ཁྱབ་ཁོངས་སུ་གཏོགས། རྫོང་གཉིས་ཀྱི་གློག་བཀོལ་སྤྱོད་ཀྱི་གནས་ཚུལ་ལ་གཞིགས་ནས་རྩིས་ཤིག་བརྒྱབ་ན། བྱེད་སྒོའི་སྐབས་སུ་རྫོང་གཉིས་ཀྱི་སྡོད་དམངས་ཧ་ལམ་ཁྲི4ཡིས་གློག་རིན་སྒོར་ས་ཡ་གཅིག་འབུམ་ལྔ་དང་སྡོད་དམངས་མ་ཡིན་པའི་ཁྱིམ་ཚང5868གྱིས་སྒོར་འབུམ་གསུམ་ཁྲི་དགུ་བཅས་བཅག་པའི་སྲིད་ཇུས་ལོངས་སུ་སྤྱད་ཡོད། དེ་མིན་རྨ་འབྲི་རྫ་གསུམ་འགོ་ཁུངས་ས་ཁུལ་གྱི་གློག་ཡོངས་རྫོགས་ནུས་ཁུངས་གཙང་མའི་གློག་ཡིན་ལ། ཚོད་དཔག་བྱས་ན་དུས་ཚོད་རེར་གློག་སྟོང་ཝ་དུང་ཕྱུར5བསྡུ་ཉར་དང་། རྡོ་སོལ་ཏུན་ཁྲི་དྲུག་སྟོང་གཅིག་གྲོན་ཆུང་དང་དབྱང་གཉིས་ཐཱན་འགྱུར་ཏུན་འབུམ་གཅིག་ཁྲི་དྲུག་སྟོང་དྲུག་ཇེ་ཉུང་དུ་བཏང་ཏེ་ནུས་ཁུངས་གཙང་མ་ཁེ་ལས་ཀྱི་ཐོན་སྐྱེད་དང་མི་དམངས་ཀྱི་འཚོ་བའི་ཁྲོད་བཀོལ་སྤྱོད་བྱེད་དུ་བཅུག་པས་ལྷད་མེད་འཕེལ་རྒྱས་དང་འཚོ་བ་རོལ་སྟངས་ལ་འགྱུར་ལྡོག་བྱུང་། ལྷག་པར་དུ་མཚོ་སྔོན་གྱི་ནུས་ཁུངས་དགེ་མཚན་སྔོག་འདོན་དང་བསྡུ་ཉར་བྱེད་སྟངས་གསར་པ་མུ་མཐུད་དུ་འཚོལ་ཞིབ་བྱས་ཏེ། ནུས་ཁུངས་བཅོས་སྒྱུར་ཐད་ལ་མཚོ་སྔོན་གྱི་ཇུས་གཞི་མཁོ་འདོན་དང་མཚོ་སྔོན་གྱི་ཉམས་མྱོང་མཉམ་སྤྱོད། མཚོ་སྔོན་གྱི་མ་དཔེ་བཟང་བོ་བཏོད།

ནུས་ཁུངས་གཙང་མ“གནོད་མེད་ཕྱོགས”སུ་བསྒྱུར་བ།

2018ལོའི་ཟླ11ཚེས7ཉིན། མཚོ་སྔོན་ནས་ཧི་ནན་ཞིང་ཆེན་བར་གྱི་སྟོང་ཧྥུ±800ཅན་གྱི་མཐོ་གནོན་གློག་ཐད་རྒྱུག་ལས་གཞི་ལས་མགོ་བརྩམས་ཤིང་། དེ་ཡི་སྣེ་གཅིག་རང་རྒྱལ་གྱི་འཐབ་ཇུས་ཐོན་ཁུངས་གསོག་ཉར་རྟེན་གཞི་དང་སླར་སྐྱེས་ནུས་ཁུངས་རྟེན་གཞིར་མཐུད་འབྲེལ་བྱས་ཤིང་། སྣེ་གཞན་གཅིག་དབུས་རྒྱུད་ཀྱི་སྟོབས་འབྱོར་ཞིང་ཆེན་ལ་སྦྲེལ་ཡོད་པས་འཛམ་གླིང་སྟེང་གི་ནུས་ཁུངས་གསར་པ་སྐྱེལ་འདྲེན་གཙོ་བྱས་པའི་མཐོ་གནོན་གློག་གཏོང་ལམ་ཐོག་མ་ཡིན་ལ། མཚོ་སྔོན་གྱི་ནུས་ཁུངས་གསར་པ་གསར་སྤེལ་ཆེན་པོ་དང་འཆར་འགོད་འཛུགས་སྐྲུན་འདེགས་སྐྱོར་བྱེད་པའི་མཐོ་གནོན་གློག་གཏོང་ལམ་གྱི་ལས་གཞི་དང་པོའང་རེད།

“མཚོ་སྔོན་གྱི་གློག་ཧི་ནན་ཞིང་ཆེན་དུ་དྲངས”ནས“ནུབ་གློག་ཤར་སྐྱེལ”གྱི“མྱུར་ལམ”བསྐྲུན་ཏེ། མཚོ་སྔོན་གྱི་ནུས་ཁུངས་གཙང་མའི་རྟེན་གཞིའི་གློག་ནུས་ཐད་ཀར་ནང་ལོགས་ས་ཁུལ་དུ་གཏོང་བའི་ཐེག་ཚད་ལྟེ་གནས་མངོན་འགྱུར་བྱས་ན་ནུས་ཁུངས་གཙང་མ་བཀོད་སྒྲིག་ཇེ་ལེགས་སུ་བསྒྱུར་ཐུབ། ལས་གཞི་ཧྲིལ་བོ་འཁོར་སྐྱོད་བྱས་རྗེས་ལོ་རེར་ནང་ལོགས་ཀྱི་ཧྭ་ཀྲུང་ས་ཁུལ་དུ་ནུས་ཁུངས་གཙང་མ་དུས་ཚོད་རེར་སྟོང་ཝ་ཐེར་ཆེན་བཞི་འདོན་ཐུབ་ཅིང་། དེ་ནི་རྡོ་སོལ་ཏུན་བྱེ་བ་གཅིག་ས་ཡ་བརྒྱད་ཀྱི་ཚབ་བྱེད་ཐུབ་པས། དུ་རྡུལ་ཏུན་ཁྲི་གཅིག་སྟོང་བཞི་དང་། དབྱང་གཉིས་མུ་ཟི་ཏུན་ཁྲི་དགུ། ཏན་དབྱང་འགྱུར་རྫས་ཏུན་ཁྲི་དགུ་སྟོང་བཞི། དབྱང་གཉིས་ཐཱན་འགྱུར་ཏུན་བྱེ་བ་གཉིས་ས་ཡ་དགུ་འབུམ་དྲུག་བཅས་ཇེ་ཉུང་དུ་གཏོང་ཐུབ་པས། ཧྭ་ཀྲུང་ས་ཁུལ་གྱི་རླུང་ཁམས་ཆེན་པོར་འབག་བཙོག་ཐེབས་པ་འགོག་བཅོས་ལ་སྐུལ་འདེད་དང་། “སྔོ་བསང་གི་མཁའ་དབྱིངས་སྲུང་བའི་འཐབ་རྩོད”ལས་རྣམ་པར་རྒྱལ་བར་རམ་འདེགས་བྱ་ཐུབ་པ་རེད།

མཚོ་སྔོན་ནས་ཧི་ནན་ཞིང་ཆེན་དུ་སྟོང་ཝ±800ཅན་གྱི་མཐོ་གནོན་གློག་ཐད་གཏོང་ལས་གཞི་ནི་ཐོན་ཁུངས་ཀྱི་ལྷན་སྐྱེས་དགེ་མཚན་བཀོལ་སྤྱོད་ཇི་ལྟར་བྱས་ན་ནུས་ཁུངས་གཙང་མའི་ཐོན་སྐྱེད་དང་འཛད་སྤྱོད་ལ་སྐུལ་འཁྲིད་ཐུབ་པའི་ཉམས་ལེན་ཆེན་པོ་ཞིག་ཡིན། ད་ལོའི་ཟླ8ཚེས21ཉིན་འཛམ་གླིང་གི་ནུས་ཁུངས་གཙང་མ་གཏོང་འདྲེན་གཙོ་བྱས་པའི་མཐོ་གནོད་གློག་གཏོང་ལམ་ཐོག་མ་སྟེ། སྟོང་ཝ±800ཅན་གྱི་མཚོ་སྔོན་ནས་ཧི་ནན་ཞིང་ཆེན་བར་གྱི་མཐོ་གནོན་གློག་ཐད་གཏོང་ལས་གཞིས་ཧི་ནན་ལ་དུས་ཚོད་རེར་སྟོང་ཝ10ཅན་གྱི“གནོད་མེད་གློག”གཏོང་མགོ་ཚུགས་ཤིང་། དེར་ཉིན་རེར་ཆ་སྙོམས་སུ་སྟོང་ཝ་བྱེ་བ་གཉིས་ལས་བརྒལ་བ་གཏོང་གི་ཡོད།

ཐོན་ཁུངས་ཀྱི་ཁྱད་སྟོབས་ཐོན་ལས་ཀྱི་དགེ་མཚན་དུ་བསྒྱུར་ནས་གཞི་ཁྱོན་ཅན་གྱི་དགེ་མཚན་ལ་བརྟེན་ནས་ཕྱི་འདྲེན་གློག་ལམ་མྱུར་དུ་སྐྲུན་པ་ནི་མཚོ་སྔོན་གྱིས་དཔལ་འབྱོར་སྒྲིག་གཞི་བཅོས་སྒྱུར་ལ་སྤྲད་པའི་ལན་ཞིག་དང་མཚོ་སྔོན་གྱིས་མ་སྐུལ་རང་རྟོགས་ཀྱི་སྒོ་ནས“ཁུལ་གཅིག་ལམ་གཅིག”འཛུགས་སྐྲུན་ལ་རམ་འདེགས། ཨེ་ཤ་ཡའི་དབུས་ཤར་ས་ཁུལ་གྱི་ནུས་ཁུངས་མཁོ་འདོན་གྱི་འགལ་བ་ཞི་འཇགས། ནུས་ཁུངས་ལྷད་མེད་ཀྱི་ཕྱོགས་སུ་སྒྱུར་བར་སྐུལ་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་རེད།

ནུས་ཁུངས་གཙང་མའི་དཔེ་སྟོན་ཞིང་ཆེན་བསྐྲུན་པའི་གོམ་ཁ་ཇེ་མགྱོགས་སུ་གཏོང་དགོས།

ཐོན་ལས་འཕེལ་རྒྱས་གཏོང་དགོས་ན་འཆར་འགོད་ཀྱི་སྣེ་འཁྲིད་ལ་བརྟེན་དགོས།  མཚོ་སྔོན་ཞིང་ཆེན་གྱིས་《རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་དཔེ་སྟོན་ཞིང་ཆེན་འཛུགས་པའི་ལག་བསྟར་ཇུས་གཞི》བཟོས་ཏེ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཉིས་ཀྱི་ལོ་ལྔའི་འགུལ་སྐྱོད་འཆར་འགོད་དང་ལོ་འཁོར་གྱི་ལག་བསྟར་ཇུས་གཞི་གཏན་ལ་ཕབ་ནས་ནུས་ཁུངས་ཚུལ་ལྡན་གྱི་ངང་ནས་འཛད་སྤྱོད་དང་། སྣ་མང་མཁོ་འདོན། ཚན་རྩལ་གསར་གཏོད། བཅོས་སྒྱུར་ཟབ་སྤེལ། མཉམ་ལས་ལ་ཤུགས་སྣོན་བཅས་ཀྱི་སྒོ་ནས་སྐུལ་འདེད་ཧུར་ཐག་བྱས། དེ་དང་ཆབས་ཅིག་ཏུ། ལག་རྩལ་གསར་གཏོད་ཐད་ལ་ཤུགས་བསྣན་ནས་ནུས་ཁུངས་གཙང་མའི་འཕེལ་རྒྱས་ཀྱི་ཕན་འབྲས་གཟེངས་སུ་བཏོད་ནས་རྒྱལ་ཡོངས་ཀྱི“ཀྲའོ་ཝ་བརྒྱ་ཡི་འོད་ནུས་གློག་འདོན་དངོས་དཔང་རྟེན་གཞི”དང་། མཚོ་སྔོན་ནུས་ཁུངས་གསར་པའི་གྲངས་མཛོད་ལྟེ་གནས་གཉིས་ཐོག་མར་བཙུགས་པ་དང་། རྒྱལ་ཡོངས་ཀྱི་ཨང་དང་པོ་དང་འཛམ་གླིང་གི་ཨང་གསུམ་པར་གྱུར་བའི་དྲ་སྦྲེལ་གློག་འདོན་ས་ཚིགས་དང་འཛམ་གླིང་གི་ཆེས་ཆེ་བའི་ཆུ་འོད་མཉམ་འདོན་གྱི་གློག་འདོན་ལས་གཞི་ལེགས་འགྲུབ་བྱུང་ནས་ནུས་ཁུངས་གཙང་མའི་ནུས་མང་མཉམ་འདོན་གྱི་ཞིབ་འཇུག་གྲུབ་འབྲས་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་བསླེབས།

ལོ་དུ་མའི་རིང་རྒྱལ་ཡོངས་ཀྱི་ནུས་ཁུངས་གསར་པའི་རང་འགུལ་གློག་གནོན་ཚོད་འཛིན་མ་ལག་ཆེ་ཤོས་འཛུགས་སྐྲུན་དང་། ནུས་མང་གློག་འདོན་རིག་ནུས་ཚོད་འཛིན་ལག་རྩལ་བཀོལ་སྤྱོད་གང་ལེགས། རྒྱལ་ཁབ་ཀྱི་ལས་གཞི་གཙོ་བོ་ནུས་མང་མཉམ་འདོན་གྱི་མཐུན་སྦྱོར་དང་ཚོད་འཛིན་ལག་རྩལ་སྐོར་གྱི་ཞིབ་འཇུག གཞི་ཁྱོན་ཆེ་བའི་ནུས་ཁུངས་གསར་པའི་གློག་འདོན་དྲ་བའི་བདེ་འཇགས་དང་ཚོད་འཛིན་ལག་རྩལ་སྐོར་གྱི་ཞིབ་འཇུག་སོགས་མང་པོ་ཞིག་གོང་དུ་སྤེལ་ནས་ཚན་རིག་གསར་གཏོད་ཀྱི་ལག་རྩལ་ལ་གྲུབ་འབྲས་རབ་དང་རིམ་པ་བྱུང་ནས་མཚོ་སྔོན་ཞིང་ཆེན་གྱི་ནུས་ཁུངས་གཙང་མ་བསྡུ་ཉར་ལ་འདེགས་སྐྱོར་ཆེན་པོ་བྱས།

2020ལོར་བསླེབས་དུས་སླར་སྐྱེས་ནུས་ཁུངས་ཀྱི་གློག་འདོན་སྒྲིག་ཆས90%དང་། སླར་སྐྱེས་ནུས་ཁུངས་ཀྱི་གློག་འདོན་ཚད80%ཟིན་རྒྱུ་དང་། 2025ལོར་བསླེབ་དུས། ནུས་ཁུངས་གཙང་མའི་ཐོན་སྐྱེད་ནུས་ཤུགས་དང་འཛད་སྤྱོད་བསྡུར་ཚད་ཇེ་མཐོར་གཏང་རྒྱུ་སོགས་རྒྱལ་ཡོངས་ཀྱི་ནུས་རྒྱུ་གཙང་མའི་དཔེ་སྟོན་ཞིང་ཆེན་ཁྱོན་ཡོངས་ནས་བསྐྲུན་ཚར་བའི་དུས་དེ་ལ་མཚོ་སྔོན་གྱིས་རེ་སྒུག་ཆེན་པོ་བྱས་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།