ཧྲུའུ་ཅི་དང་པོའི་འབྱོར་འབྲིང་འཚོ་བའི་རྨི་ལམ།
2020.10.15 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 49

ལོ་ངོ་གཉིས་ཀྱི་ཡར་སྔོན་དུ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་ཆུ་ཁོལ་ཞང་རྐ་ཁོག་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་དོན་བྷོ་ཚང་ད་དུང་ཡང་སྔོན་གྱི་ས་ཁང་རྙིང་པ་དེའི་ནང་དུ་བསྡད་ཡོད་པ་རེད། རྩྭ་ས་གུང་ཆིན་ཉིས་བརྒྱ་ཡོད་པ་དེ་དང་ནོར་གནག་རེ་འགའ་ཡོད་པ་དེ་ལ་བརྟེན་ནས་ཁ་གསོ་ཐབས་ཙམ་བྱེད་པ་ལས་དེ་ལས་གཞན་པའི་འཚོ་བར་རེ་བ་གསར་བ་ཅི་ཡང་འཛིན་གྱི་མེད།

སྐབས་དེར་ལོ་ན་ལྔ་བཅུ་ལ་སོན་པའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་མཁའ་འགྲོ་རྒྱལ་སྔར་མེད་ཀྱི་བྱ་བའི་གནོན་ཤུགས་ཆེན་པོར་འཕྲད།   ཁྱིམ་ཚང་ཉིས་བརྒྱ་དང་མི་གྲངས་སྟོང་གཅིག་ཙམ་ཡོད་པའི་འབྲོག་ལས་རྐྱང་རྐྱང་གི་སྡེ་བ་འདི་ལ་མཚོན་ནས་བཤད་ན། དབུལ་ཐར་མཁྲེགས་གཏོར་གྱིས་འཚོ་བའི་གོ་སྐབས་གསར་བ་བསྩལ་བྱུང་ནའང་འཕེལ་རྒྱས་ཀྱི་གོ་སྐབས་ནི་ཤིན་ཏུ་ཕྲ་བ་ཞིག་རེད། གཞན་ཕར་ཞོག་སྡེ་བའི་ལས་བྱེད་པ་རྣམས་ནི་ཁོ་དང་འདྲ་བར་རྒྱ་སྐད་ཚིག་གཅིག་ཀྱང་མི་གོ་བས་ཐ་ན་རྫོང་མཁར་དུ་སོང་ནས་བྱ་བ་ཞིག་སྒྲུབ་རྒྱུར་ཡང་དཀའ་ཁག་ཆེན་པོར་འཕྲད་ཀྱི་ཡོད།

ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་གསུམ་པར། སྤོབས་པ་དང་ཡིད་ཆེས་ཀྱིས་ཁེངས་ཤིང་གསར་དུ་རྐ་ཁོག་སྡེ་བའི་ཧྲུའུ་ཅི་དང་པོའི་འགན་ཁུར་མཁན་ཏེ། རྫོང་སྡོམ་རྩིས་ཅུའུ་ཡི་ལས་བྱེད་པ་རྟ་མགྲིན་ཚེ་བརྟན་རྐ་ཁོག་སྡེ་བར་ཐོན།     སྐབས་དེར་རྐ་ཁོག་སྡེ་བའི་རུ་ཁག་གཉིས་པའི་རུ་གཙོ་རིག་འཛིན་སྐྱབས་ཀྱི་སེམས་སུ་ལོ་ན་སུམ་ཅུ་ལ་བུད་མ་ཐག་པའི་གསར་བུ་འདི་ལ་གཞི་རིམ་གྱི་བྱ་བའི་ཉམས་མྱོང་ཅི་ཡང་མེད་པའི་ཁར་བོད་སྐད་དག་མོ་ཞིག་ཀྱང་བཤད་མི་ཤེས་པས་འདི་ལ་བློ་གཏོད་རུང་ངམ་སྙམ་པའི་ཐེ་ཚོམ་ཀྱང་ཐེངས་མང་སྐྱེས་མྱོང་།

སྡེ་བའི་ནང་དུ་མ་ཡོང་བའི་ཡར་སྔོན་དུ་རྟ་མགྲིན་ཚེ་བརྟན་གྱིས་སེམས་སུ་དམ་བཅའ་བརྟན་པོ་བཞག་ཡོད།  ཉིན་རེ་གཉིས་ལ་བསམ་བློ་བཏང་མཐར་རྟ་མགྲིན་ཚེ་བརྟན་གྱིས་ཐོག་མར་སྡེ་བའི་གནས་ཚུལ་དངོས་ལ་རྒྱུས་ལོན་བྱེད་པ་ནས་བྱ་བའི་མགོ་རྩོམ་རྒྱུ་དེ་ཐག་གིས་བཅད། ཡིན་ཡང་དེ་ནི་ལས་སླ་མོའི་དོན་དག་ཅིག་གཏན་ནས་མིན་ཏེ། རྐ་ཁོག་སྡེ་བ་ནི་ཆ་སྙོམས་ཀྱི་ས་མགོའི་མཐོ་ཚད་ལ་རྨིད་བཞི་སྟོང་སུམ་བརྒྱ་ཡོད་པའི་ལུང་པ་ཆེན་པོ་གསུམ་དུ་ཆགས་ཡོད་པར་མ་ཟད་ཁྱིམ་ཚང་རེ་རེ་ཁ་འཐོར་དུ་གནས་ཡོད། ཆེས་ཐག་རིང་བའི་རུ་བ་དག་སྡེ་བའི་འདུས་སྡོད་ས་གནས་སུ་ཡོང་བར་དུས་ཚོད་ལྔ་ལྷག་གི་ལམ་ཐག་ཡོད།  དེ་འདྲ་ཞིག་ཡིན་ནའང་རྟ་མགྲིན་ཚེ་བརྟན་དང་སྡེ་བའི་ལས་བྱེད་པ་རྣམས་ཀྱིས་སེམས་ཐག་ཆོད་པའི་སྒོ་ནས་རླངས་འཁོར་བུད་སར་རླངས་འཁོར་བསྐོར་ནས་འགྲོ་བ་དང་། རླངས་འཁོར་མི་བུད་སར་རྟར་ཞོན་ནས་འགྲོ་བ།  རྟར་ཞོན་ནས་ཀྱང་འགྲོ་དཀའ་བའི་གནས་སུ་རྐང་ཐང་གིས་བགྲོད་པ་བཅས་བྱས་ནས། གནས་ཚུལ་རྒྱུས་ལོན་བྱེད་པར་ཁྱིམ་ཚང་རེ་རེར་སྒོ་མྱུལ་བྱས་ནས་འགྲོ་བའི་བྱ་བ་དེ་རྒྱུན་འཁྱོངས་བྱས།

སྒོ་མྱུལ་བྱེད་ཐེངས་རེ་དང་ཁྱིམ་དུ་སོང་ནས་ཁ་བརྡ་བྱེད་ཐེངས་རེ་ལ་རྟ་མགྲིན་ཚེ་བརྟན་གྱིས་སྡེ་བའི་མི་དམངས་མང་ཚོགས་ཀྱི་དཀའ་ཁག་རེ་རེ་སེམས་ལ་གསལ་བོར་བཟུང་།

རུ་ཁག་གཉིས་པའི་སྟག་ཐར་ནི་སྡེ་བའི་ནང་གི་དབུལ་ཕོངས་ཁྱིམ་ཚང་ཡིན། ལོ་ངོ་བདུན་གྱི་ཡར་སྔོན་དུ་ཁོའི་ཕ་རྒན་ནད་ཀྱི་དབང་གིས་ཚེ་ལས་འདས་ཤིང་སྐབས་དེར་ཁོར་སྒོར་མོར་ཁྲི་གསུམ་གྱི་དོམ་ཡོད།  ཁོའི་ཨ་མས་ཁོ་མིང་སྲིང་གཉིས་བསྐྱུར་ཏེ་ཡུལ་གཞན་དུ་གནས་ལ་སོང་རྗེས། ཁོའི་སྲིང་མོ་གཡང་མཚོ་སྐྱིད་དང་ཁོ་མིང་སྲིང་གཉིས་ཀྱིས་དཀའ་སྡུག་གང་མང་མྱངས། སྡོད་གནས་ཁ་ཐག་རིང་བས་འགྲོ་འོང་སྟབས་མིན་ལ་དབྱར་རྩྭ་དགུན་འབུ་རྐོ་དུས་སུ་གཞན་གྱི་ཕྱུགས་ཟོག་འཚོས་ནས་གླ་བྱེད་པ་ནི་ཁོ་མིང་སྲིང་གཉིས་ཀྱི་འཚོ་བའི་ཡོང་སྒོ་གཙོ་བོ་དེ་རེད། ཕྱོགས་གཅིག་ནས་སྡོད་གནས་ཁོར་ཡུག་ལེགས་བཅོས་བྱེད་དགོས་པ་དང་ཕྱོགས་གཅིག་ནས་ལག་རྩལ་སྣ་གཅིག་ལ་བརྟེན་ནས་འཚོ་བ་སྐྱེལ་དགོས།  ཟླ་བ་འགའ་ཡི་རྗེས་སུ་ཁོ་གཉིས་ཀྱི་འཚོ་བའི་གནས་ཚུལ་ལ་འགྱུར་ལྡོག་གཞན་ཞིག་བྱུང་བ་སྟེ། ཉིན་ལྔ་བཅུ་རིང་གི་ཟ་མ་གཡོས་སྦྱོར་གྱི་གསོ་སྦྱོང་འཛིན་གྲྭ་བསྡུས་པ་དེས་སྟག་ཐར་གྱིས་ལག་རྩལ་སྣ་གཅིག་ཁོང་དུ་ཆུད་པ་དང་། སྡེ་བའི་འདུས་སྡོད་ས་ཁུལ་དུ་རྨིད་གྲུ་བཞི་མ་བརྒྱད་ཅུ་ཅན་གྱི་ཁང་པ་གསར་བ་ལས་པ་དེས་ཁོ་མིང་སྲིང་གཉིས་སློབ་གྲྭར་འགྲོ་དཀའ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱས།

དེ་ལྟར་སྡེ་བའི་ཁྱིམ་ཚང་རེ་རེ་ཡི་གནས་ཚུལ་ལ་རྒྱུས་ལོན་བྱས་རྗེས་སུ། རྟ་མགྲིན་ཚེ་བརྟན་གྱིས་སྡེ་མི་རྣམས་ལ་ཁ་ཚ་དགོས་གཏུག་ཆེ་བའི་དོན་དག་སྒྲུབ་པ་ནས་བྱ་བའི་མགོ་རྩོམ་རྒྱུ་སེམས་ཐག་བཅད།  སྔོན་ཆད་རི་མགོར་སྡོད་པའི་རྐ་ཁོག་སྡེ་བར་ཁ་པར་བརྡ་རྟགས་ཀྱིས་ཡོངས་སུ་ཁྱབ་མེད།  སྡེ་བའི་ནང་གི་མི་མང་པོ་ཞིག་ལ་ཁ་པར་ཡོད་ཀྱང་དུས་རྒྱུན་དུ་ཕན་ཚུན་བར་ལ་ཁ་པར་གྱི་ལམ་ནས་འབྲེལ་གཏུག་བྱེད་ཐུབ་ཀྱི་མེད། དེའི་སྟབས་ཀྱིས་རྟ་མགྲིན་ཚེ་བརྟན་གྱིས་རང་འགུལ་སྒོས་རོགས་སྐྱོར་ལས་ཁུངས་ཏེ། ཀྲུང་གོ་གློག་འཕྲིན་མཚོ་ལྷོ་ཡན་ལག་ཀུང་ཟིར་འབྲེལ་གཏུག་བྱས་ཏེ་བརྡ་རྟགས་ཀྱི་ཁྱབ་ཁོངས་དེ་སྔར་གྱི་སྤྱི་ལེ་གཅིག་ནས་སྤྱི་ལེ་བཅུ་ལྷག་ཏུ་ཆེ་རུ་བཏང་བས་སྡེ་བའི་ནང་གི་མི་བརྒྱ་ཆའི་དགུ་བཅུ་ལ་ཁ་པར་གྱི་བརྡ་རྟགས་ཡོད་པར་བྱས། དེ་དང་མཉམ་དུ་མཐོ་སྒང་གི་མཛེས་པའི་ཞིང་སྡེའི་ལས་གཞི་ཧུར་བརྩོན་ཆེན་པོས་ལག་བསྟར་བྱས་ནས། སྡེ་དམངས་འདུས་སྡོད་ས་ཁུལ་དུ་སྣུམ་ལམ་བླུགས་པ་དང་། དེ་མིན་སྡེ་བའི་བྱ་འགུལ་ཁང་དང་སྨན་བཅོས་ཁང་། སྤྱི་སྤྱོད་ཁང་། རིག་གནས་ཐང་ཆེན། ལམ་གློག་སོགས་ཆ་ཚང་ཚང་བ་བཀོད་སྒྲིག་བྱས།

མིག་མདུན་གྱི་དོན་དངོས་གནས་ཚུལ་ལ་དེ་ལྟར་རིམ་བཞིན་འགྱུར་ལྡོག་བྱུང་བ་དེས་སྡེ་མི་རྣམས་ཀྱིས་ལོ་ན་གཞོན་པའི་ཧྲུའུ་ཅི་འདི་ལ་ཁས་ལེན་བྱས།  སྐབས་དེར་རིག་འཛིན་སྐྱབས་ཀྱི་བསམ་པར་ཡང་གསར་བུ་འདི་དངོས་ནས་རང་ག་བ་ཞིག་མིན་པར་སེམས་བཞིན་ཡོད།

ཡིན་ནའང་རྟ་མགྲིན་ཚེ་བརྟན་གྱིས་གསལ་བོར་ཤེས་པ་ཞིག་ནི་དོན་ངོ་མར་སྡེ་མི་རྣམས་ཀྱི་སྣེ་ཁྲིད་དགོས་ན་ད་དུང་ཀླད་པ་མང་དུ་འགུལ་དགོས་ཏེ།  འདི་ལྟར་ཁྲོན་པ་རྐོ་བ་དང་ཟམ་པ་འཕེན་པ་བཅས་བྱས་ནས་སྡེ་བའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པའི་ཞོར་དུ། སྡེ་བའི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་ལ་ཤུགས་སྣོན་བྱེད་པར་རྩ་འཛུགས་བྱས་ནས། སྔོན་ཐོན་མི་སྣའི་བྱས་རྗེས་ལ་སློབ་སྦྱོང་བྱས་ཏེ་གཞན་གྱི་མིག་དཔེར་འགྱུར་བར་བྱེད་དགོས་པ་དེ་རེད།

ལོ་ན་ལྔ་བཅུ་ལ་སོན་པའི་ཚེ་རིང་རྒྱལ་ནི་སྡེ་བའི་ནང་གི་ཏང་ཡོན་རྒན་པ་ཞིག་རེད། སྡེ་བའི་ནང་གི་བྱིས་པ་རྣམས་རྫོང་མཁར་དུ་སློབ་གྲྭར་འགྲོ་བར་རླངས་འཁོར་སྟབས་མི་བདེ་བར་གཞིགས་ཏེ། ལོ་ངོ་བཅུ་ཕྲག་ཅིག་གི་རིང་ལ་སློབ་གྲྭ་ཚོགས་པ་དང་སློབ་གྲྭ་གྲོལ་བའི་སྐབས་གང་ཞིག་ཡིན་ཀྱང་། ཁོས་ཆར་རླུང་སོགས་ཅི་ལའང་མི་འཛེམ་པར་རིན་མེད་ངང་སློབ་མ་རྣམས་སྐྱེལ་ལེན་བྱེད་བཞིན་ཡོད་པ་རེད། མིག་མཐོང་ལག་ཟིན་གྱི་མིག་དཔེ་དེ་ཡིས་སྡེ་བའི་ནང་གི་ཏང་ཡོན་བཞི་ཅུ་བོ་ཚང་མར་སྐུལ་ལྕག་ཆེན་པོ་ཐེབས་ཏེ།  ཁོ་ཚོས་ཀྱང་རང་རང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་རང་གི་འབྲེལ་གཏུག་བྱེད་ཡུལ་གྱི་ཁྱིམ་ཚང་བཞི་ལྔ་རེ་ཡི་དཀའ་ཁག་སེལ་ཅི་ཐུབ་བྱས།  དེ་མིན་ད་ལོའི་པྲོག་གསར་གློ་ཚད་ཀྱི་ནད་ཡམས་སྐབས་སུ་ཡང་ཏང་ཡོན་རྣམས་ཀྱིས་སྡེ་བའི་ནང་དུ་ལས་རེས་འཁོར་སྐྱོད་བྱས་པར་མ་ཟད་ནུས་ཤུགས་ཡོད་རྒུས་བུའུ་ཧན་ཕྱོགས་སུ་ཞལ་འདེབས་ཀྱང་ཕུལ་བ་རེད།

སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་གཞོན་པ་སྐལ་བྷེ་ཡིས་གསལ་བོར་རྟོགས་པ་ཞིག་ནི། ལོ་ངོ་གསུམ་འགོར་ལ་ཉེ་བའི་དུས་ཚོད་ནང་དུ་རྐ་ཁོག་སྡེ་བར་འགྱུར་ལྡོག་ཆེན་པོ་བྱུང་བ་སྟེ། སྡེ་བའི་དོན་དག་ཆེ་མ་ཆུང་གསུམ་གང་ཞིག་ཡིན་ཀྱང་སྡེ་བའི་སྐད་འཕྲིན་ཚོགས་པའི་ནང་དུ་བརྡ་ཞིག་བརྒྱབ་ཚེ། སྡེ་མི་རྣམས་གཅིག་ཀྱང་མ་ཆད་པར་ཚང་མ་ཕྱོགས་གཅིག་ཏུ་འཛོམས་ཐུབ་ཀྱི་ཡོད་པ་དང་། ཏང་ཡོན་གྱི་སྔོན་ཐོན་རང་བཞིན་གྱི་བསམ་བློར་འགྱུར་ལྡོག་ཆེན་པོ་བྱུང་སྟེ། སྡེ་བའི་ནང་དུ་དཀའ་ཁག་ཅི་ཞིག་ཡོད་ཚེ་ཏང་ཡོན་རྣམས་ཡོང་ནས་རོགས་སྐྱོར་བྱེད་ཀྱི་ཡོད། རྒྱུན་ཆད་མེད་པར་དྲིལ་སྒྲོག་སློབ་གསོ་སྤེལ་བ་བརྒྱུད། སྡེ་མི་རྣམས་ཀྱི་སྤྱིའི་བྱང་ཚད་ལ་མཐོར་འདེགས་མངོན་གསལ་བྱུང་ཞིང་སྡེ་བའི་ནང་གི་འགལ་བའི་རྩོད་གླེང་སྣ་ཚོགས་ཀྱང་མངོན་གསལ་སྒོས་ཇེ་ཉུང་དུ་སོང་།

རྟ་མགྲིན་ཚེ་བརྟན་གྱི་བསམ་པར་གཙོ་བོ་སྡེ་མི་རྣམས་ཀྱི་ཁས་ལེན་ཐོབ་ཚེ། ཁོས་སྡེ་བའི་ནང་གི་བྱ་བ་སྣ་ཚོགས་སྔར་ལས་ལེགས་ཤིང་སྔར་ལས་ཞིབ་མོར་སྒྲུབ་ཐུབ་ཀྱི་ཡོད་པར་སེམས། དེ་བས་ཁོས་རང་གི་ནུས་པ་འདོན་སྤེལ་བྱས་ནས་བརྙན་ལམ་ནས་སྲིད་ཇུས་དྲིལ་སྒྲོག་དང་བྱ་བར་སྤྱི་སྡོམ་བྱས། དེ་ལྟར་བྱས་ཚེ་སྡེ་མི་རྣམས་ཀྱི་རིག་གནས་ཆུ་ཚད་ཞན་པས་ཡི་གེའི་རྒྱུ་ཆ་སྐོར་ཞིག་གི་ཧ་མི་གོ་བ་སོགས་ཀྱི་དཀའ་ཁག་ཀྱང་ཞོར་དུ་སེལ་ཐུབ་ཀྱི་ཡོད་པ་རེད།

ཉེ་ལམ། འབྱོར་འབྲིང་འཚོ་བ་ནི་རྟ་མགྲིན་ཚེ་བརྟན་གྱི་བརྙན་ལམ་གྱི་བརྗོད་གཞི་གཙོ་བོར་གྱུར་ཡོད་པ་དང་། འཚོ་བ་ནི་ཉིན་རེ་ལས་བདེ་སྐྱིད་ལྡན་པའི་སྡེ་མི་རྣམས་ནི་བརྗོད་གཞི་དེའི་བདག་པོར་གྱུར་ཡོད།  རྐ་ཁོག་སྡེ་བ་ནི་གཞི་ནས་འབྱོར་འབྲིང་འཚོ་བའི་ལམ་དུ་ཞུགས་ཟིན་པའི་རྣམ་པ་དེ་མཐོང་ཚེ།  རྟ་མགྲིན་ཚེ་བརྟན་གྱི་སེམས་སུ་མ་འོངས་པའི་ལོ་ལྔའི་ནང་དུ་སྡེ་མི་རྣམས་ལ་སྔར་ལས་སྟབས་བདེ་དང་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་ཏུ་འཇུག་རྒྱུའི་སྐོར་ལ་བསམ་བློ་གཏོང་བཞིན་འདུག

                                                                           ལོ་ཙཱ་བ། གཡང་འབུམ་རྒྱལ།