རང་ཞིང་གི་རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལ་བགྲོ་གླེང་བྱས།
2020.11.09 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 23

“བརྒྱ་ལོ་གཉིས”ཀྱི་འབད་འཐབ་དམིགས་འབེན་གྱི་ལོ་རྒྱུས་འདྲེས་མཚམས་སུ་ལངས་ཏེ། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བས་ཀྲུང་གོ་ལ་ཉམས་ཆེ་ཞིང་བརྗིད་ཆགས་པའི་འཕེལ་རྒྱས་ཀྱི་མདུན་ལྗོངས་གསར་པ་བྲིས། ཉིན་འདི་འགར། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཁྲོད་དུ་ཚུར་སྣང་དྲག་པོ་བྱུང་ལ། ཚང་མས་མགྲིན་གཅིག་ཏུ་བརྗོད་དོན། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན། དངོས་འབེབས་གཏིང་ཟབ་བཅས་བྱས་ཏེ། དགོངས་དོན་གྱི་ངོ་བོ་ལ་གཏིང་ཟབ་པའི་ངེས་ཤེས་བསྐྱེད་པ་དང་ཡང་དག་པར་ཁོད་དུ་ཆུད་པ་བྱེད་དགོས་ཤིང་། དམིགས་འབེན་ལས་འགན་གྱི་ཚད་གཞི་དང་རེའུ་མིག་ལ་བསྟུན་ནས། བསམ་བློ་དང་བྱ་སྤྱོད་གཉིས་ཀ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་དུ་དངོས་གནས་གཅིག་གྱུར་ཡོང་བར་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སོ་སོ་མཚོ་སྔོན་དུ་གཞི་རྩ་ཚུགས་པར་སྐུལ་འདེད་བཏང་ནས། “ལོ་ལྔའི་འཆར་གཞི་བཅུ་གསུམ་པ”བདེ་བླག་ངང་ཡོངས་འགྲུབ་བྱེད་པ་དང“ལོ་ལྔའི་འཆར་འགོད་བཅུ་བཞི་བ”ཡི་མགོ་ལེགས་པོར་རྩོམ་དགོས།

མི་དམངས་ལྟེ་བ་ཡིན་པ་རྒྱུན་འཁྱོངས་དང་། མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་དགོས། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་སྤྱི་བསྒྲགས་ལ་ལྟ་དུས། མི་དམངས་ཀྱི་འཚོ་བའི་སྤུས་ཚད་ལེགས་བཅོས་དང་། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་བ། མིའི་ཕྱོགས་ཡོངས་འཕེལ་རྒྱས་དང་སྤྱི་ཚོགས་ཀྱི་ཕྱོགས་ཡོངས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་སོགས། མགོ་ནས་མཇུག་བར“མི་དམངས”ཞེས་པའི་ཚིག་འབྲུ་འདི་གཉིས་དང་ཁ་བྲལ་མེད་པས། དེས་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལྟེ་བར་བཟུང་བའི་སྲིད་འཛིན་འདུ་ཤེས་མངོན་པར་མཚོན་ཡོད།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་རྫོང་ཉིན་མཐའ་གྲོང་རྡལ་ཀ་ཆུང་སྡེ་བའི་ཧྲུའུ་ཅི་དང་པོ་སྙིང་འབུམ་རྒྱལ་ལ་ལོ་འདི་འགར་བག་ཆགས་ཟབ་མོ་ཞིག་བཞག་ཡོད་པ་ནི། ཏང་དང་རྒྱལ་ཁབ་ཀྱིས་དབུལ་ཐར་མཁྲེགས་གཏོར་བྱ་བར་རྒྱུན་མཐུད་སྐུལ་འདེད་བཏང་བར་བརྟེན་ནས། འབྲོག་པ་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་ལེགས་སུ་ཕྱིན་པ་དང་། སྡེ་བའི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་སྟེ། རང་ས་གནས་ཀྱི་ན་གཞོན་ཕྱིར་ཕ་ཡུལ་ལ་ལོག་ནས་ལས་ཞུགས་དང་ལས་སྒོ་གསར་གཏོད་བྱེད་མཁན་ཇེ་མང་དུ་སོང་ཞིང་། མི་རེའི་ཆ་སྙོམས་ཡོང་སྒོ་བསྟུད་མར་འཕར་བ་རེད། “དབུལ་སྐྱོར་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ངས་དུས་ཐོག་དང་མགྱོགས་མྱུར་གྱིས་སྡེ་བའི་ནང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་བཅས་བྱེད་པར་སྐུལ་སློང་དང་འབད་བརྩོན་བྱས་ཐོག གསོན་ཉམས་ལྡན་ཞིང་གོ་སླ་བའི་སྒོ་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ཁྱིམ་ཚང་སོ་སོར་བསྐྱལ་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་ཧི་ནན་རྩྭ་ཐང་སྟེང་དུ་དོན་དངོས་དང་ཞིབ་ཚགས་སྒོས་དངོས་འབེབས་ཡོང་བ་བྱས་ནས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས”ཞེས་སྙིང་འབུམ་རྒྱལ་གྱིས་དེ་ལྟར་བཤད།

ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་བོད་འབྲེལ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་དོན་གྲུབ་ཚེ་རིང་གིས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བས“ལོ་ལྔའི་འཆར་འགོད་བཅུ་བཞི་བའི”འཆར་འགོད་དང2035ལོའི་རྒྱང་རིང་དམིགས་འབེན་ལ་ཁྱོན་ཡོངས་བཀོད་སྒྲིག་བྱས་ཡོད་ལ། དེར་ལོ་རྒྱུས་དང་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན། ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་ནན་ཏན་དང་། འདུ་ཤེས་གསར་པ་དང་བསམ་བློ་གསར་པ། བྱེད་ཐབས་གསར་པ་ཡི་བླང་བྱ་དང་བསྟུན་ཏེ། བོད་འབྲེལ་ས་ཁུལ་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་མངོན་འགྱུར་འབྱུང་ཆེད་རང་ཉིད་ཀྱི་སྟོབས་ཤུགས་གསར་པ་འབུལ་དགོས།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུའུ་ལན་རྫོང་སྡོམ་རྩིས་ཅུའུ་ཡི་ཅུའུ་ཀྲང་ལྷ་རིས་སྐྱིད་ཀྱིས་བཤད་རྒྱུར། གཞི་རིམ་གྱི་སྡོམ་རྩིས་བྱ་བ་གཉེར་མཁན་ཞིག་ཡིན་པའི་ཆ་ནས། སྡོམ་རྩིས་དོ་དམ་ལམ་ལུགས་ཀྱི་བཅོས་བསྒྱུར་ཟབ་སྤེལ་གྱི་བླང་བྱ་ལྟར། སྡོམ་རྩིས་གཞི་གྲངས་ཀྱི་དོན་དངོས་རང་བཞིན་ཇེ་མཐོར་གཏོང་བ་དང་། སྡོམ་རྩིས་གཞི་གྲངས་ཀྱི་སྤུས་ཚད་དང་དོན་དངོས་རང་བཞིན་གྱི་འགན་འཁྲིའི་འདུ་ཤེས་དང་མྱུར་མཁོའི་འདུ་ཤེས། རང་རྟོགས་རང་བཞིན་དང་འགྱུར་མེད་རང་བཞིན་བཅས་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་བ་དང་། སྡོམ་རྩིས་བྱ་བའི་ཚན་རིག་རང་བཞིན་དང་དབང་གྲགས་རང་བཞིན་ཇེ་དྲག་ཏུ་གཏོང་བར་ཤུགས་སྣོན་བྱས་ཏེ། “བརྒྱ་ལོ་གཉིས”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་འབྱུང་ཆེད་སྡོམ་རྩིས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་ཞེས་བཤད།

“ཚང་འཛོམས་གྲོས་ཚོགས་ཀྱི་བརྗིད་ཆགས་འཆར་འགོད་ཀྱིས་མི་སེམས་སྐུལ་ཐུབ་ཅིང་བརྩོན་པ་བསྐྱེད་ཐུབ།” མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་བཀྲ་ཤིས་ལྷ་བརྟན་གྱིས་བཤད་རྒྱུར། ཀོས་ནན་རྫོང་ནི་ཞིང་ཆེན་ཡོངས་ཀྱི་རྒྱལ་ཡོངས་ཞིང་སྡེ་བཅོས་སྐྱོང་མ་ལག་འཛུགས་སྐྲུན་ཚོད་ལྟའི་གནས་གཅིག་པུ་ཡིན་ལ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁྲིད་སྟོན་དུ་འཛིན་པ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བ་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། ཚོད་ལྟའི་གནས་ཀྱི་བྱ་བར་ནན་ཏན་སྒོས་སྐུལ་འདེད་གཏོང་དགོས། མཉམ་སྐྲུན་མཉས་བཅོས་མཉམ་སྤྱོད་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་མགྱོགས་པོར་འཐུས་ཚང་དུ་གཏོང་བ་དང་། མང་ཚོགས་ཀྱི“བྲེལ་འཚུབ། དཀའ་ཚེགས། སེམས་ཁྲལ། རེ་སྒུག”གི་གནད་དོན་ཐག་གཅོད་པར་ཤུགས་རྒྱག་པ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་སྔར་ལས་ཕུན་སུམ་ཚོགས་པ་དང་སྔར་ལས་འགན་སྲུང་ཡོད་པ། སྔར་ལས་རྒྱུན་མཐུད་ལྡན་པ་བཅས་ཡོང་བར་བྱེད་དགོས་ཞེས་བཤད།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།