སྡེ་མི་རྣམས་ལ་ཤ་ཚ་བའི་མི་ཞིག་བྱེད་དགོས།
2021.01.12 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 62

 རྨ་སྟོད་རྫོང་མཚོ་སྐྱ་རེངས་ཡུལ་ཚོ་མཚའ་རྩེ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་སྨིན་དགའི་གནས་ཚུལ་བཀོད་པ།

གསར་འགོད་པས་སྨིན་དགའ་མཐོང་དུས་གཤིས་འཇམ་གཞུང་དྲང་དང་བབ་ཆགས་པའི་ཧྲུའུ་ཅི་རྒན་པ་དེ་མགོ་ལོག་གནམ་གྲུ་ཐང་དུ་ཐོན་རུང་ཡིན་པས་མྱུར་དུ་ཡུལ་ལ་འགྲོ་རྒྱུར་བྲེལ་བ་ལངས་འདུག  ངས་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་སྔོན་ཐོན་གྱི་མི་སྒེར་གཟི་བརྗིད་མཚན་སྙན་དེ་སྡེ་བའི་ནང་དུ་ཁྱེར་ནས་གཏམ་བཟང་དེ་སྡེ་མི་རྣམས་ལ་ཤེས་སུ་འཇུག་དགོས། སྨིན་དགས་དེ་ལྟར་ཟེར་ཞོར་ཁ་པར་ནང་གི་འདྲ་པར་རྣམས་ལ་ལྟ་བཞིན་གདོང་ལ་བདེ་སྐྱིད་ཀྱི་འཛུམ་ཞིག་རྒྱས་འདུག

ད་ལོ་ལོ་ན་ལྔ་བཅུ་ཡིན་པའི་སྨིན་དགའ་ཡིས་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་དགུ་བཅུ་ལོའི་ཟླ་བརྒྱད་པ་ནས་བཟུང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་མཚོ་སྐྱ་རེངས་ཡུལ་ཚོ་མཚའ་རྩེ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་བ་ནས་ད་ལྟའི་བར་དུ་ལོ་ཉེར་དགུ་འགོར་ཡོད་པ་རེད།

མཚའ་རྩེ་སྡེ་བ་ནི་མཚོ་སྐྱ་རེངས་འགྲམ་རྒྱུད་དུ་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་སྡེ་བ་ཞིག་ཡིན་པ་དང་། སྡེ་བ་དེར་ཁྱིམ་ཚང་བརྒྱ་དང་གཉིས་ཡོད་ལ་མི་གྲངས་སུམ་བརྒྱ་བཅུ་གཉིས་ཡོད། ཉིན་རྒྱུན་དུ་ཞོགས་པ་སྔ་མོར་ནངས་ཇ་འཐུང་རྗེས་སུ་སྡེ་མི་མང་པོ་ཞིག་སྡེ་འདབས་སུ་འཛོམས་ནས་འཕྲུལ་རྟའི་དུང་བརྡ་བརྒྱབ་སྟེ་ཕན་ཚུན་ལ་བརྡ་རྒྱག་བཞིན་ཡོད་པས། ཅུང་ཙམ་མི་འགོར་བར་མི་མང་པོ་ཞིག་རིམ་བཞིན་གནས་དེར་འཛོམ་ཡོང་བ་དང་།  དེ་ནི་མཚའ་རྩེ་སྡེ་བའི་སྐྱེ་ཁམས་བདག་སྐྱོང་རུ་ཁག་རྩྭ་ཐང་དུ་སྐོར་སྐྱོད་དུ་འགྲོ་བའི་སྣང་བརྙན་རེད།

སྨིན་དགའ་ཡིས་དེ་འདྲའི་བྱང་ཆ་མི་ལྡན་པའི་རྒྱ་སྐད་ཀྱིས་བཤད་རྒྱུར། ཁྱོད་ཀྱིས་ལྟོས་དང་། སྐྱེ་ཁམས་བདག་སྐྱོང་མི་སྣར་གྱུར་རྗེས་སུ་རྩྭ་རར་བདག་སྐྱོང་བྱེད་པའི་ཧུར་བརྩོན་རང་བཞིན་ཇེ་མཐོར་སོང་ཡོད་པ་དང་། སྔོན་ཆད་ཕྱུགས་ཟོག་ཕན་ཚུན་གྱི་རྩྭ་རའི་ནང་དུ་སོང་ནས་རྩྭ་ཉུང་ཙམ་ཟོས་པ་ལའང་འཁོན་རེས་བྱེད་པ་སོགས་ཀྱི་འགལ་བ་སྣ་ཚོགས་འབྱུང་བཞིན་ཡོད།  ད་ལྟ་ཁྱིམ་ཚང་རེ་རེ་ཡིས་རང་རྟོགས་སྒོས་ལྕགས་ར་བླངས་ཟིན་པ་དང་། ཁོ་ཚོ་ཕན་ཚུན་ངོ་ཐུག་དུས་ཁ་བརྡ་མང་ཞིང་འབྲེལ་བ་ཇེ་ལེགས་སུ་སོང་ཡོད་ལ་ཉིན་རྒྱུན་དུ་ཚང་མ་མཉམ་དུ་རྩྭ་ཐང་དུ་སོང་ནས་སྐོར་གཡེང་བྱེད་ཀྱི་ཡོད་པས་ཁྱིམ་ཚང་གཅིག་གི་མི་ལྟ་བུར་གྱུར་ཡོད།

མ་གཞིར་སྨིན་དགའ་ཡིས་རྫོང་ཡོངས་སུ་སྣོད་བཅུད་བདག་སྐྱོང་བའི་ཁྱབ་རྒྱ་ཆེ་བར་བརྟེན་ནས།  མང་ཚོགས་ཀྱི་རྨང་གཞི་ཡག་པོ་ཡོད་པའི་མཐུན་རྐྱེན་དང་ལེགས་ཆ་ལས་དྲུག་གཞི་གཅིག་ཅན་གྱི་དོ་དམ་བྱེད་སྟངས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ་མ་ཟད། ད་དུང་དོ་དམ་པའི་སློབ་གསོ་དང་ཁྲིད་སྟོན། གསོ་སྦྱོང་སོགས་ཀྱི་ལས་དོན་ཁག་རང་འགུལ་ངང་ཕྲག་ཏུ་བླངས་ནས། སྣོད་བཅུད་དོ་དམ་པས་འབྲོག་པ་མང་ཚོགས་ལ་སྐུལ་ཁྲིད་བྱས་ཏེ་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་སྤྱོད་ནང་ཞུགས་སུ་བཅུག་ནས། དམངས་སེམས་གཅིག་ཏུ་སྒྲིལ་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་དེ་རྨ་ཆུའི་མགོ་ཁུངས་སུ་གཞི་ཚུགས་རྒྱུར་སྐུལ་འདེད་བཏང་པས་དེ་ལས་ཐོན་པ་ནི་བདེ་སྐྱིད་ཀྱི་འཚོ་བ་རེད།

དེ་དང་འདྲ་བར་གཞི་རིམ་གྱི་ཏང་འཛུགས་སྐྲུན་དང་བརྟན་འཇགས་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ། བསམ་པའི་དཔལ་ཡོན། སྣོད་བཅུད་སྲུང་སྐྱོབ། གནད་འཁེལ་དབུལ་སྐྱོར་བཅས་ཀྱི་ལས་དོན་སྣ་ཚོགས་ཀྱི་ཁྲོད་དུ་སྨིན་དགའ་ཡི་གཟུགས་བརྙན་མཐོང་ཐུབ།

མང་ཚོགས་ཀྱིས་ཡིད་ཆེས་བྱེད་པའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཞིག་བྱེད་པར་བློ་གཅིག་སེམས་གཅིག་གིས་དམངས་ལ་ཞབས་འདེགས་ཞུ་དགོས་པ་ལས་ལམ་གཞན་གང་ཡང་གདམ་རྒྱུ་མེད་ཅེས་སྨིན་དགའ་ཡིས་བཤད།

སྨིན་དགའ་ཡིས་ཐོག་མཐའ་བར་གསུམ་དུ་སྡེ་བ་ཡོངས་ཀྱི་སྡེ་མིའི་བྱ་བ་ཆེ་ཆུང་ཚང་མ་སེམས་སུ་བཟུང་ཡོད་ཅིང་། ཁོའི་བཟའ་ཟླ་མཁའ་སྐྱིད་ནི་ཕུལ་དུ་བྱུང་བའི་བོད་རིགས་བུད་མེད་ཅིག་རེད། མོས་རང་གི་ཁྱོ་གས་ལས་འགན་ལྕི་མོ་གཅིག་ལྕོགས་ཀྱིས་འགན་དུ་བླངས་ཡོད་པ་གསལ་བོར་ཤེས་ཡོད། དེའི་སྟབས་ཀྱིས་རྒྱུན་དུ་ཁྱིམ་ཚང་གི་དོན་དག་ཆེ་མ་ཆུང་གསུམ་ཚང་མ་མོ་གཅིག་པུས་འགན་དུ་བླངས་ཡོད།  རྒྱུན་དུ་ཁྱིམ་གྱི་བུ་མོ་གསུམ་ལ་ལྟ་རྟོག་ཡག་པོ་བྱེད་པ་དང་དུས་མཚུངས་སུ་ད་དུང་མོ་དང་ཤ་ཁྲག་གི་འབྲེལ་བ་སོགས་གང་ཡང་མེད་པ་དང་མིག་གཉིས་ཀ་ལོང་བར་གྱུར་པའི་མཚའ་རྩེ་སྡེ་བའི་སྡེ་མི་མཚོ་སྐྱིད་ལ་ལྟ་སྐྱོང་བྱེད་བཞིན་ཡོད།

མིག་གཉིས་ཀ་ལོང་བ་ཡིན་པའི་སྡེ་མི་མཚོ་སྐྱིད་ནི་ལོ་ན་བཅོ་བརྒྱད་ལ་སོན་པའི་སྐབས་དེར།  མོའི་ཕ་མ་གཉིས་ཀ་ཚེ་ལས་འདས་པས་གཉེན་ཉེ་སོགས་ཅི་ཡང་མེད། གནས་ཚུལ་དེ་སྨིན་དགས་ཤེས་རྗེས་སུ་རང་གི་ཆུང་མ་དང་གྲོས་བསྡུར་བྱས་ནས་མཚོ་སྐྱིད་རང་ཁྱིམ་དུ་བླངས་པ་རེད།

ལོ་ངོ་སུམ་ཅུའི་རིང་སྨིན་དགའི་ཁྱིམ་མི་རྣམས་ཀྱིས་མཚོ་སྐྱིད་རང་གི་གཉེན་ཉེ་ལྟར་བརྩིས་ཤིང་།  ་བུ་མོ་གསུམ་པོས་དུས་རྒྱུན་དུ་མཚོ་སྐྱིད་ལ་ཨ་ནེ་ཞེས་འབོད་ཀྱི་ཡོད། ད་ལྟ་སྨིན་དགའ་བཟའ་མི་གཉིས་ཀྱང་ལོ་ན་ལྔ་བཅུར་བུད་ཡོད་པས་མཚོ་སྐྱིད་ལ་ལྟ་སྐྱོང་བྱེད་པའི་ལས་འགན་ལྕི་མོ་དེ་བུ་མོ་གསུམ་ལ་སྤྲད་ཡོད་པ་རེད།

སྡེ་མི་ཚེ་རིང་གིས་བཤད་རྒྱུར། ཧྲུའུ་ཅི་སྨིན་དགའ་ལྟ་བུའི་མི་བཟང་ཞིག་དང་ཁོང་གི་ནང་མི་ཚོ་ཡོད་པས་མཚོ་སྐྱིད་ཀྱི་ཚེ་མཇུག་གི་འཚོ་བར་བདེ་སྐྱིད་ལྡན་ངེས་རེད་ཟེར།

སྡེ་མི་ཚོའི་མིག་ལམ་དུ་སྨིན་དགའ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་མཚོན་མི་སྣ་ཞིག་ཡིན་པ་དང་ཁོའི་ལྷག་བསམ་རྣམ་དག་གི་ལྟ་སྟངས་འོག སྡེ་མི་རྣམས་འཚོ་བའི་ཁྲོད་དཀའ་ངལ་གང་ཞིག་ལ་འཕྲད་སྐབས་ཀྱང་ཚང་མས་སྨིན་དགའ་འཚོལ་བཞིན་ཡོད་པ་རེད།

ཉིན་འདི་དག་གི་རིང་ལ་མཚའ་རྩེ་སྡེ་བའི་སྡེ་མི་བསོད་བསོད་ཀྱི་བྱ་བར་བྲེལ་བ་ཤིན་ཏུ་ཆེ།  སྣོད་བཅུད་བདག་སྐྱོང་པ་བྱས་པ་ནས་བཟུང་ངས་ཉིན་ལྟར་སྐོར་གཡེང་སྲུང་སྐྱོབ་བྱས་ནས་ཟླ་རེར་ཟླ་ཕོགས་སྒོར་མོ་སྟོང་གཅིག་དང་བརྒྱད་བརྒྱ་རེ་ལེན་བཞིན་ཡོད་ཅེས་བསོད་བསོད་ཀྱིས་གསར་འགོད་པར་བཤད།

བཟའ་མི་མང་ལ་རྩྭ་ས་ཉུང་བའི་དབང་གིས་བསོད་བསོད་ཚང་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་གི་གྲས་སུ་བཞག་ཡོད།

འབྲོག་པའི་ཡོང་སྒོ་འཕར་སྣོན་འབྱུང་བའི་ཐབས་ལམ་རྒྱ་ཆེར་གཏང་ཆེད། སྣོད་བཅུད་དོ་དམ་སྲུང་སྐྱོབ་ཀྱི་ལོ་དང་པོར་སྨིན་དགའ་ཡིས་སྡེ་མི་རྣམས་བསྡུས་ནས་ཁོ་ཚོ་སྣོད་བཅུད་དོ་དམ་སྲུང་སྐྱོབ་ནང་ཞུགས་རྒྱུའི་སྐུལ་མ་བཏང་།

བསོད་བསོད་ནི་སྡེ་མི་དེ་དག་གི་ཁྲོད་ཀྱི་གཅིག་ཡིན་པ་དང་འབད་བརྩོན་བྱས་པ་བརྒྱུད་2017ལོའི་ལོ་སྟོད་དུ་བསོད་བསོད་ལ་རྨ་འབྲི་རྫ་གསུམ་མགོ་ཁུངས་ཀྱི་རྒྱལ་ཁབ་སྤྱི་གླིང་གི་མཚོན་རྟགས་ལྡན་པའི་དཔུང་རྟགས་དང་ལས་གོས། ལས་ཞུགས་ལག་ཁྱེར་བཅས་རག་ནས་ཐོབ་ཐང་གསར་པ་ཡོད་པར་གྱུར།

ཁྱིམ་ཚང་དབུལ་པོའི་ངོས་ནས་བརྗོད་ན། ལག་རྩལ་སྣ་གཅིག་སྦྱོང་རྒྱུ་དེ་དངུལ་དང་དངོས་པོ་སྤྲོད་པ་ལས་དེ་བས་གལ་འགངས་ཆེ་བ་ཡོད། ཁོ་ཚོར་ལག་རྩལ་ཡོད་ཚེ་གཞི་ནས་དབུལ་ཐར་ལ་ཐབས་ལམ་ཡོད་པ་དང་ཕྱུག་འགྱུར་གྱི་ཧུར་སེམས་ལྡན་ཐུབ་ཅེས་སྨིན་དགའ་ཡིས་གསར་འགོད་པར་བཤད།

གཏམ་རྒྱུད་འདི་འདྲ་ད་དུང་མང་པོ་ཡོད། ཁོས་འདི་ལྟར་སྒྲུབ་ཐུབ་པའི་སྒུལ་ཤུགས་ནི་བབ་ཆགས་པའི་འདུ་ཤེས་ཀྱི་ཁྲོད་དུ་སྡེ་མི་རྣམས་ཀྱི་དོན་ཆེན་དང་དོན་ཆུང་ཚང་མ་རང་ཉིད་ཀྱི་དོན་དག་ཏུ་བརྩིས་ཡོད་པས་རེད།

སྨིན་དགའ་ད་དུང་དུས་རྒྱུན་དུ་ཁྱིམ་ཚང་རེ་རེར་སོང་ནས་ཚང་མར་ཏང་གི་སྲིད་ཇུས་དྲིལ་སྒྲོག་བྱེད་ཀྱི་ཡོད། སྔོན་ཆད་རྨོངས་ཚོད་ངང་བསྡུར་བ་དང་རྒྱས་སྤྲོས་ཆུད་ཟོས་སོགས་ཀྱི་སྣང་ཚུལ་མང་པོ་ཡོད་མོད།  ད་ལྟ་སྨིན་དགའ་ཡིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དམ་འཛིན་བྱེད་པ་གཙོར་བཟུང་སྟེ། མཐུན་སྒྲིལ་ཕྱུག་འགྱུར་དང་གོམས་སྲོལ་ངན་པ་མེད་པར་བཟོ་བ་སོགས་ཀྱི་སློབ་གསོའི་བྱེད་སྒོ་སྤེལ་ཏེ།  སྡེ་མི་རྣམས་ཕྱུགས་འགྱུར་གྱི་ལམ་དུ་སྣེ་ཁྲིད་བྱེད་ཀྱི་ཡོད།

སྲིད་གཞུང་གི་དམངས་ཕན་སྲིད་ཇུས་དང་འབྲོག་པ་མང་ཚོགས་ཀྱི་མཐུན་སྒྲིལ་ཡར་ཐོན་གྱི་སྤྲོ་སེམས་ལ་བརྟེན་ནས། སྨིན་དགས་ཧུར་བརྩོན་ཆེན་པོས་ཕྱུག་འགྱུར་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ་མཉམ་ལས་ཁང་ལ་བརྟེན་ནས་མར་དང་ཆུར་བ། ཞོ། བོད་བཟོའི་ཁ་ཟས་སོགས་ཐོན་སྐྱེད་བྱས་པས་མི་རེར་ལོ་རེར་ཡོང་འབབ་སྒོར་མོ་ཆིག་སྟོང་ལྷག་ཙམ་ཡོང་གི་ཡོད་པ་རེད།

ད་ལྟ་སྨིན་དགས་རང་ཉིད་ཀྱི་བརྩེ་སེམས་ལ་བརྟེན་ནས་མཚའ་རྩེ་སྡེ་བའི་སྡེ་མི་རྣམས་ཀྱི་སེམས་པ་གཅིག་ཏུ་སྦྲེལ་ཡོད།

བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུའི་རིང་གི་རླབས་ཆེན་གྲུབ་འབྲས་ལ་ཕྱིར་དྲན་བྱ་ཆེད། སྨིན་དགས་ཚང་མར་དམངས་ཁྲོད་རིག་གནས་སྒྱུ་རྩལ་བྱེད་སྒོ་དང་འབྲོག་པའི་ལུས་རྩལ་འགྲན་ཚོགས་གཉེར་རྒྱུ་སྒྲིག་འཛུགས་བྱས་ཏེ། འབྲོག་པ་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་སྤྲོ་སྣང་དང་འཆམ་མཐུན་གྱི་རྣམ་པ་ཞིག་བཏོད་ཡོད་པ་རེད།

སྨིན་དགས་དཀའ་ཚེགས་ཇི་ཙམ་ཆེ་བའི་ཁོར་ཡུག་ནང་ང་ཚོས་དེ་ཙམ་གྱིས་མི་རིགས་མཐུན་སྒྲིལ་གྱི་འོད་ཟེར་འཕྲོ་ཐུབ་པ་བྱེད་དགོས། ཏང་གིས་སྲིད་ཇུས་བཟང་པོ་གཅིག་རྗེས་གཉིས་མཐུད་ངང་བཏོན་ཏེ་ང་ཚོར་འཚོ་བ་ཡག་པོ་འདི་འདྲ་སྐྱེལ་ཐུབ་པ་བྱས་པས། ང་ཚོས་སྔར་ལས་ལྷག་པའི་ངང་སེ་འབྲུ་ལྟར་ལག་གདང་སྦྲེལ་ནས་མཐུན་སྒྲིལ་བྱས་ཏེ་བདེ་སྐྱིད་དོན་གཉེར་བྱེད་དགོས་ཟེར།

སྨིན་དགའི་འབད་བརྩོན་འོག་ད་ལྟ་མཚའ་རྩེ་སྡེ་བའི་སྡེ་མི་རྣམས་ཀྱི་བར་དུ་འཆམ་མཐུན་མཉམ་གནས་དང་། སྡེ་བ་དང་སྡེ་བའི་བར་འགྲིག་མཐུན་ལྡན་ཞིང་།  འབྲོག་པ་རྣམས་སྲིད་གཞུང་གིས་གསར་དུ་བསྐྲུན་པའི་བཀོད་སྒྲིག་ཁང་པའི་ནང་སྡོད་ཐུབ་པ་བྱུང་ནས་འཚོ་བར་བདེ་སྐྱིད་ལྡན་ཞིང་།  མི་རིགས་མཐུན་སྒྲིལ་གྱི་ཆུ་རྒྱུན་དྭངས་མོ་དེ་མགོ་ལོག་ས་གཞི་ཆེན་མོའི་ཕང་བ་ལས་བཞུར་ནས་རེ་བའི་གསོན་ཤུགས་རྒྱས་བཞིན་འདུག

བྱ་བ་གང་ཞིག་ཡིན་རུང་ཚང་མ་ཡག་པོ་བསྒྲུབ་དགོས།  བདེ་སྐྱིད་ནི་འབད་འཐབ་ལས་བྱུང་བ་ཞིག་ཡིན་ཞེས་སྨིན་དགས་བཤད།

                                                                                                                     རྩོམ་སྒྲིག་པ། གཡང་འབུམ་རྒྱལ།