དུས་མཚམས་གསར་པའི“ཞིང་གསུམ”ལས་དོན་ཡག་པོར་སྒྲུབ་པར་ཤུགས་སྣོན་བྱ་དགོས།
2021.01.13 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 18

 ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ལས་འགན་དཀའ་ཚེགས་ཆེ་ཤོས་དང་ལྕི་ཤོས་སྔར་བཞིན་ཞིང་སྡེར་གནས་པ་དང་། རྨང་གཞི་རྒྱ་ཆེ་ཤོས་དང་གཏིང་ཟབ་ཤོས་སྔར་བཞིན་ཞིང་སྡེར་གནས་ཡོད། ད་ལོ་ནི་རང་རྒྱལ“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་སྐབས་སུ་སླེབས་པ་དང་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པ་འགོ་རྩོམ་པའི་ལོ་ཡིན་པ་རེད།  ལོ་རྒྱུས་ཀྱི་འབྲེལ་མཚམས་གལ་ཆེན་འདིར། ཀྲུང་དབྱང་གི་ཞིང་སྡེའི་ལས་དོན་གྲོས་ཚོགས་འཚོགས་པར་གོ་སྐབས་གལ་ཆེན་དང་དོན་སྙིང་གལ་ཆེན་ལྡན་ཞིང་། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ལ“ཞིང་གསུམ”ལས་དོན་སྔར་བཞིན་གལ་འགངས་ཆེ་བས་ངེས་པར་དུ་ལྷོད་གཡེང་མི་གཏོང་བར་དམ་འཛིན་ལྷོད་མེད་བྱེད་དགོས་པའི་སྔ་ལྟས་བཟང་པོ་ཞིག་བསྟན་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ནས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན་གྱི“ཞིང་གསུམ”ལས་དོན་ལ་ཐོབ་པའི་གྲུབ་འབྲས་ཆེན་པོར་ཁྱོན་ཡོངས་ནས་ཕྱོགས་སྡོམ་གནང་བ་དང་འཕེལ་རྒྱས་ཀྱི་དུས་མཚམས་གསར་པའི“ཞིང་གསུམ”ལས་དོན་གྱི་གནད་དོན་གལ་ཆེན་རྒྱས་བཤད་གཏིང་ཟབ་གནང་བ་མ་ཟད། ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ལ་གཞིགས་ཏེ་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ཞིང་སྡེ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་འགྱུར་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་བཅས་ཀྱི་ཐད་བཀོད་སྒྲིག་གལ་ཆེན་གནང་བ་རེད། དེས་ཏང་ཡོངས་ཀྱིས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར“ཞིང་གསུམ”ལས་དོན་ཡག་པོ་བསྒྲུབ་པའི་གལ་འགངས་དང་ཁ་ཚ་དགོས་གཏུག་ལ་ངོས་འཛིན་གང་ལེགས་བྱས་ཏེ“ཞིང་གསུམ”གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེན་དུ་བརྩི་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཞིང་སྡེ་དར་སྤེལ་ལ་སྐུལ་འདེད་གཏོང་བ། ཞིང་ལས་ཀྱི་སྤུས་ཚད་ལེགས་པ་དང་། ནུས་ཕྱོད་ཆེ་བ། དེ་བཞིན་ཞིང་སྡེའི་འཚོ་སྡོད་དང་ལས་ཀར་འཚམ་པ། ཞིང་པ་འབྱོར་ཕྱུག་ལྡན་པར་སྐུལ་མ་གཏོང་བ་བཅས་ཀྱི་ཐད་གལ་ཆེ་ལ་རྒྱང་རིང་གི་དོན་སྙིང་ལྡན་ཡོད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དབུལ་ཐར་མཁྲེགས་གཏོར་དེ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་མཚོན་རྟགས་རང་བཞིན་གྱི་བཟོ་འགོད་གལ་ཆེན་ཞིག་ཏུ་བརྩིས་ཏེ་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གཞི་ཁྱོན་སྔ་ན་མེད་པ་དང་། སྟོབས་ཤུགས་ཆེ་བ། ཕན་ཐོགས་པའི་མི་གྲངས་མང་ཤོས་བཅས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ཅིག་སྒྲིག་འཛུགས་བྱས་ནས་སྐུལ་འདེད་བཏང་བ་དང་། ཞིང་སྡེ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱེད་འགོ་བརྩམས་ཏེ་ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་འབྱུང་བར་སྐུལ་མ་བཏང་ཡོད། ཞིང་སྡེའི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཏེ་འབྲུ་རིགས་ཀྱི་ཐོན་ཚད་བསྟུད་མར་ལོ་6ལ་རྒྱ་མ་དུང་ཕྱུར་ཁྲི་གཅིག་ལྷག་ཡན་དུ་འཕར་བ་དང་། ཞིང་པའི་ཡོང་འབབ་2010ལོ་དང་བསྡུར་ན་ལྡབ་གཅིག་འཕར་བ་མ་ཟད། ཞིང་སྡེའི་དམངས་ཚིས་མངོན་གསལ་སྒོས་ལེགས་བཅོས་བྱུང་ནས་ཞིང་སྡེའི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་། རང་རྒྱལ་འདི་ཉིད་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་ལའང་རྙོག་འཛིང་ཆེ་བའི་འགྱུར་ལྡོག་འབྱུང་ངེས་རེད།  བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ལ་ཕྱོགས་པའི་ལོ་རྒྱུས་ཀྱི་དུས་མཚམས་དང་དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་ལས་འགན་འགྲུབ་ཟིན་པའི་གནས་བབ་འོག པྲོག་གསར་གློ་ཚད་རིམས་ནད་ཀྱིས་རྐྱེན་པས་འཛམ་གླིང་ལ་གཡོ་འགུལ་ཐེབས་པ་དང་འཕོ་འགྱུར་ཆེན་པོ་བྱུང་བའི་དམིགས་བསལ་གྱི་དུས་མཚམས་བཅས་སུ་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ཞིང་སྡེ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་འགྱུར་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་བཅས་ནི་ཏང་ཡོངས་ཀྱིས་ཚད་མཐོའི་མཐོང་ཆེན་བྱེད་དགོས་པའི་སྤྱི་ཡོངས་དང་འབྲེལ་བའི་གནད་དོན་གལ་ཆེན་ཞིག་ཡིན། ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་མི་རིགས་བསྐྱར་དར་ཡོང་དགོས་ན་ཞིང་སྡེ་ངེས་པར་དུ་དར་སྤེལ་གཏོང་དགོས་པར་ངོས་འཛིན་ཟབ་མོ་བྱེད་དགོས།  སྤྱིར་ན“ཞིང་གསུམ”ལས་དོན་ལ་མངོན་གསལ་དོད་པའི་གྲུབ་འབྲས་ཐོབ་ནའང་ཞིང་ལས་ཀྱི་རྨང་གཞི་ད་དུང་བརྟན་པོ་མེད་ཅིང་། གྲོང་ཁྱེར་དང་ཞིང་སྡེའི་འཕེལ་རྒྱས་དོ་མི་མཉམ་པ་དང་ཞིང་སྡེའི་འཕེལ་རྒྱས་གང་ལེགས་མ་བྱུང་བ་ནི་སྔར་བཞིན་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་གཅིག་སྡུད་ཀྱི་མཚོན་ཚུལ་ཡིན། ཕྱི་རོལ་གྱི་ཁོར་ཡུག་ལ་བརྟན་པོ་མེད་པ་དང་གཏན་འཁེལ་མེད་པའི་རང་བཞིན་སྔར་བས་མང་བ་ཐོན་གྱི་ཡོད་པར་བརྟེན། ཞིང་ལས་ཀྱི་གཞི་རྩའི་ཁ་ཕྱོགས་དམ་འཛིན་དང“ཞིང་གསུམ”གྱི་རྨང་གཞི་བརྟན་པོ་སྲུང་བ་ནི་འཕོ་འགྱུར་ལ་བབ་བསྟུན་དང་འགོ་གསར་པ་འཛུགས་པའི“རྨང་གཞི”ལྟ་བུ་ཡིན། ཏང་གིས་ཁྱོན་ཡོངས་ནས“ཞིང་གསུམ”ལས་དོན་ལ་འགོ་ཁྲིད་པར་ཤུགས་སྣོན་རྒྱག་པ་དང་ཏང་གིས་ཞིང་སྡེའི་ལས་དོན་ལ་འགོ་ཁྲིད་པའི་རྩ་འཛུགས་ཀྱི་མ་ལག་དང་། ལམ་ལུགས་ཀྱི་མ་ལག  ལས་ཀའི་རྐྱེན་སྲོལ་བཅས་འཐུས་ཚང་དུ་བཏང་ནས་དུས་རབས་གསར་པར་ཏང་གིས་ཞིང་སྡེའི་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་པའི་ནུས་པ་ཇེ་ཆེ་དང་ཆུ་ཚད་ཇེ་མཐོར་གཏོང་དགོས། རིམ་ཁག་གི་འགོ་ཁྲིད་ལས་བྱེད་པས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་དུ་ལོ་བརྒྱར་འཕྲད་མྱོང་མེད་པའི་འཕོ་འགྱུར་ཆེན་པོ་ཡིད་ལ་དམ་པོར་བཅངས་ཏེ་སེམས་ཤུགས་གཅིག་སྒྲིལ་དང་དམ་པ་དོན་གཉེར་གྱིས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པའི“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པ་དང་། ཞིང་ལས་སྤུས་ཚད་ལེགས་པ་དང་། ནུས་ཕྱོད་ཆེ་བ། དེ་བཞིན་ཞིང་སྡེའི་འཚོ་སྡོད་དང་ལས་ཀར་འཚམ་པ། ཞིང་པ་འབྱོར་ཕྱུག་ཡོང་བ་བཅས་མངོན་འགྱུར་ཐུབ་པ་བྱ་དགོས།

ལོ་བཅུ་ཕྲག་དང་ལྷག་པར་དུ་ཉེ་བའི་ལོ་8རིང་རྒྱུན་མཐུད་འབད་བརྩོན་བྱས་པ་བརྒྱུད། ང་ཚོས་དུས་ཐོག་ཏུ་དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་ལས་འགན་བསྒྲུབས་ནས་འཛམ་གླིང་སྐྱེ་བོ་ཀུན་གྱིས་ངོ་མཚར་བའི་རྒྱལ་ཁ་ཆེན་པོ་ཐོབ་ཡོད། ད་ལྟ་ང་ཚོའི་འགན་འཁྲི་ནི་ཞིང་སྡེ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དེ་ཡིན་ཞིང་།  འཕེལ་རྒྱས་ཀྱི་དུས་མཚམས་གསར་པའི“ཞིང་གསུམ”ལས་དོན་ཡག་པོ་བསྒྲུབ་པར་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས་ཞིང་སྡེ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་གང་ལེགས་བྱེད་པ་དང་།  ཡང་བསྐྱར་དབུལ་པོར་མི་འགྱུར་བའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། བར་བརྒལ་དུས་མཚམས་ཀྱི་སྲིད་ཇུས་ཁག་བརྟན་པོའི་ངང་དོན་འཁྱོལ་བྱས་ནས་དབུལ་ཐར་དང་དབུལ་ཞྭ་ཕུད་པའི་ས་ཁུལ་དང་ཞིང་སྡེའི་དར་སྤེལ་ལ་མུ་མཐུད་དུ་སྐུལ་འདེད་གཏོང་དགོས། འབྲུ་རིགས་བདེ་འཇགས་ཀྱི་རང་འགུལ་དབང་ཆ་དམ་པོར་བཟུང་ནས་འབྲུ་རིགས་བདེ་འཇགས་ཀྱི་ཆབ་སྲིད་འགན་འཁྲི་འཁུར་བ་དང་། རྨོ་ཞིང་སྲུང་སྐྱོབ་ལམ་ལུགས་ནན་མོ་དོན་འཁྱོལ་བྱེད་པ། རྨོ་ཞིང་མུའུ་དུང་ཕྱུར18ཀྱི་དམར་ཐིག་ནན་སྲུང་དང་བརྟན་སྲུང་བྱེད་པ། ཚད་གཞི་མཐོ་བའི་ཞིང་ས་སྐྲུན་པ། ཞིང་ལས་ཚན་རྩལ་ལ་བརྟེན་ནས་རང་སྟོབས་རང་སྤེལ་རྒྱུན་འཁྱོངས་བྱེད་པ། ཞིང་ལས་ཀྱི་གཙོ་གནད་ལག་རྩལ་གྱི་མཁྲེགས་གཏོར་ལ་སྐུལ་འདེད་གཏོང་བ། ཞིང་བ་ངལ་རྩོལ་པའི་བརྩོན་སེམས་སྐུལ་སློང་བྱེད་པ། འབྲུ་འདེབས་ཞིང་པའི་ཁ་གསབ་བརྟན་པོ་ཡོང་བ་དང་དེར་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། ཞིང་སྡེ་དར་སྤེལ་དོན་འཁྱོལ་གནད་སྨིན་ཡོང་བར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ནས་ཞིང་སྡེའི་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཞིང་སྡེའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཞིང་སྡེའི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་ཞིང་སྡེ་འཛུགས་སྐྲུན་ལས་དོན་ལག་བསྟར་བྱེད་པ། གྲོང་ཁྱེར་དང་ཞིང་སྡེ་མཉམ་འདྲེས་ལ་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་བ། ཞིང་སྡེ་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཇེ་ལེགས་སུ་གཏོང་བ་བཅས་བྱ་དགོས།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།