རྨ་ཆུའི་སྟོད་རྒྱུད་དུ་དུར་བུད་སྙན་ངག་སྡེ་བ་ཞེས་པ་ཞིག་ཡོད།
2021.01.13 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 67

རྨ་ཆུའི་སྟོད་རྒྱུད་ཀྱི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་དུ་སྡེ་བ་ཞིག་ཡོད་དེ། སྡེ་བ་དེ་རུ་ཆུང་བྱིས་པ་ནས་རྒན་མགོ་དཀར་བར་གེ་སར་སྒྲུང་བཤད་མི་ཤེས་མཁན་ཧ་ལམ་མེད་ཅིང་། སྡེ་བ་དེའི་མིང་ལ་དུར་བུད་སྙན་ངག་སྡེ་བ་ཟེར།

གེ་སར་རྒྱལ་པོའི་སྒྲུང་ངམ་གེ་སར་རིག་གནས་ནི་བོད་མི་རིགས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་ལས་འཁྲུངས་པའི་འཛམ་གླིང་སྟེང་ཆེས་རིང་བའི་ལོ་རྒྱུས་སྙན་རྩོམ་རིང་མོ་ཡིན་ལ། 2006ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གེ་སར་སྒྲུང་འདི་ཉིད་རྒྱལ་ཁབ་རིམ་པའི་ཐེངས་དང་པོའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་་གྲས་སུ་བཀོད། གེ་སར་སྒྲུང་ནི་བྱུང་རིམ་ཀྱག་ཀྱོག་ཆེ་ཞིང་། སྣང་བརྙན་གསོན་ཉམས་ལྡན་ལ། ནང་དོན་ཕུན་སུམ་ཚོགས་པ་ཞིག་ཡིན་པས། བོད་མི་རིགས་མ་ཟད་ཀྲུང་ཧྭའི་རིག་གནས་ཀྱི་གཏེར་མཛོད་ཆེན་པོ་ཞིག་ཏུ་གྲུབ་ཡོད་ཅེས་སྨྲས་ཀྱང་འགལ་བ་མེད། འདིར་རིག་གཞུང་རིན་ཐང་དང་སྒྱུ་རྩལ་རིན་ཐང་ཆེན་པོ་ལྡན་པས། བོད་ཀྱི་གནའ་བོའི་སྤྱི་ཚོགས་ལ་ཞིབ་འཇུག་བྱེད་པའི་སྒོ་མོ་ལྟ་བུར་ཡང་མཁས་མང་གིས་ཁས་འཆེས་པ་རེད། རྒྱལ་སྤྱིའི་རིག་གཞུང་ཞིབ་འཇུག་གི་སྡེ་རུ་ཡང་གེ་སར་སྒྲུང་འདིར“ཤར་ཕྱོགས་ཀྱི་ཧི་མའི་ལོ་རྒྱུས་སྙན་རྩོམ་རིང་མོ”ཞེས་པའི་མཚན་སྙན་གསོལ་ཡོད་མོད། དོན་དུ་གེ་སར་སྒྲུང་ནི་ཀེ་རི་སིའི་ལོ་རྒྱུས་སྙན་རྩོམ《ཧི་མ》དང་རྒྱ་གར་གྱི་ལོ་རྒྱུས་སྙན་རྩོམ《རཱ་མ་ཎ》དང《མ་ཧཱ་བྷ་ར་ཏ》 ཕིན་ལན་གྱི་ལོ་རྒྱུས་སྙན་རྩོམ《ཁེ་ལེ་ཝ་ར》སོགས་ལས་ཀྱང་ཤིན་ཏུ་རིང་བར་མ་ཟད། ད་དུང་ཟམ་མ་ཆད་པར་བྱུང་དང་འབྱུང་བཞིན་པའི་ལོ་རྒྱུས་སྙན་རྩོམ་གསོན་པོ་དེ་ཡང་ཡིན།

གེ་སར་སྒྲུང་གིས་བོད་མི་རིགས་ཀྱི་འཚོ་བའི་ཁྲོད་དུ་གོ་གནས་གལ་ཆེན་ཞིག་ཟིན་ཡོད་དེ། སྲིད་པ་རྒན་པོའི་གཏམ་དཔེར་ཡང་བོད་མི་རེའི་ཁ་ན་སྒྲུང་རེ་ཟེར། ལྷག་ཏུ་མགོ་ལོག་དུར་བུད་ལྟ་བུར་མཚོན་ན། གེ་སར་གྱི་སྒྲུང་ནི་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཡོད་དེ། རི་བོ་རེ་ལ་གེ་སར་སྒྲུང་དང་འབྲེལ་བའི་གཏམ་རྒྱུད་སྙན་མོ་རེ་ཡོད་ལ། ཆུ་བོ་རེ་ལ་གེ་སར་སྒྲུང་དང་འབྲེལ་བའི་ངག་རྒྱུན་རིང་མོ་རེ་མཆིས། དེ་བཞིན་དུ་མགོ་ལོག་རྩྭ་ཐང་དང་ཁོ་ར་ཁོར་ཡུག་ཀུན་ཡང་དེ་ལས་མ་འདས།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་གེ་སར་སྒྲུང་གླེང་དུས་དུར་བུད་སྙན་ངག་སྡེ་བ་ནི་གཡོལ་དུ་མེད་པའི་གླེང་གཞི་ཞིག་ཡིན་ཏེ། དགའ་བདེ་རྫོང་མཁར་དང་ཤིན་ཏུ་ཉེ་བའི་སྡེ་བ་དེར་གེ་སར་སྒྲུང་པ་མིང་གྲགས་ཅན་མང་པོ་བྱུང་མྱོང་སྟེ། བླངས་མི་ཚར་བའི་གེ་སར་སྒྲུང་པ་ངག་རིན་དང་། བྲིས་མི་ཚར་བའི་སྒྲུང་པ་གུ་རུ་རྒྱལ་མཚན་སོགས་ནི་སྡེ་བ་དེའི་ཡིན། ལོ་དུ་མའི་ཡར་སྔོན་དུ་རྒྱལ་ཡོངས་གེ་སར་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ནོར་བུ་དབང་ལྡན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་ཕེབས་ནས་གེ་སར་སྒྲུང་པའི་རྒྱུད་འཛིན་པ་ངོས་འཛིན་བྱེད་སྐབས། མགོ་ལོག་ཏུ་རྒྱུད་འཛིན་པ་ཉེར་ལྔ་ངོས་འཛིན་གནང་ཞིང་། དེའི་ཁྲོད་ཀྱི་རྒྱུད་འཛིན་པ་བཅུ་དགུ་དུར་བུད་སྡེ་བའི་གེ་སར་སྒྲུང་པ་ཡིན། ལོ་མང་པོའི་རིང་གི་དད་མོས་དང་རྒྱུད་འཛིན་ལ་བརྟེན་ནས་གེ་སར་སྒྲུང་དེ་དུར་བུད་པ་རྣམས་ལ་མཚོན་ན་སྣུམ་གྱིས་གོས་ཟིན་པ་ལྟར་རུས་པའི་གཏིང་དུ་སིམ་ཞིང་། ཁོ་ཚོའི་ཐུན་མོང་གི་ཡལ་བ་མེད་པའི་དྲན་པ་རུ་གྱུར་འདུག

དེ་ཡང་ཉིས་སྟོང་བཅུ་བཞི་ལོའི་ཟླ་བརྒྱད་པར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ། རིག་གནས་པུའུ་གཞུང་སྒྲུབ་ཐིན་གྱིས“གེ་སར་རིག་གནས(མགོ་ལོག)སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོད་ལྟ་ཁུལ”འཛུགས་པར་དངོས་སུ་ཆོག་མཆན་གནང་བར་མ་ཟད། འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ནན་ཏན་གྱིས་ཚན་རིག་དང་མཐུན་པའི་སྒོ་ནས་སྲུང་སྐྱོབ་འཆར་གཞི་དང་ལག་བསྟར་བྱེད་ཐབས། སྲུང་སྐྱོབ་བྱེད་ཐབས་སྣ་ཚོགས་དངོས་འབེབས་བྱེད་པ་སོགས་ཀྱི་ཐད་ནས་བྱེ་བྲག་གི་བླང་བྱ་གང་མང་བཏོན། ཚོད་ལྟའི་ས་ཁུལ་བཙུགས་པ་དེས་གེ་སར་རིག་གནས་དང་དེའི་མངའ་ཁོངས་ཀྱི་རང་བྱུང་ཁོར་ཡུག་དང་ལོ་རྒྱུས་ཤུལ་བཞག་སྲུང་སྐྱོབ་དང་མྱུར་སྐྱོབ་ཐད་ལའང་ནུས་པ་གལ་ཆེན་ཐོན་ཡོད། ཡང་གཅིག་བཤད་ན། མགོ་ལོག་ཁུལ་ནི་རྒྱལ་ཡོངས་སུ་གེ་སར་རིག་གནས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། གེ་སར་སྒྲུང་པ་ཆེས་མང་བ། ཆེས་གསོན་ཉམས་ལྡན་པ། སྒྲུང་གི་བཤད་ཐབས་ཆེས་ཐུན་མོང་མ་ཡིན་པ། ཤུགས་རྐྱེན་ཆེས་ཆེ་བའི་ས་ཁུལ་ཞིག་ཡིན་པས། གནས་དེ་ལ་ཀུན་གྱིས“གེ་སར་རིག་གནས་ཀྱི་ཕ་ས་དྲོན་མོ”ཞེས་པའི་མཚན་སྙན་བཏགས་ཡོད་པ་རེད། གེ་སར་ཞིབ་འཇུག་ཆེད་མཁས་པ་འཇམ་དཔལ་རྒྱ་མཚོས་ཀྱང་མགོ་ལོག་ནི་གེ་སར་དར་ཁྱབ་ཆེས་ཆེ་བའི་ཡུལ་གྲུ་ཞིག་ཡིན་པ་དང་། གནས་དེའི་རི་ཀླུང་ཐམས་ཅད་གེ་སར་ལོ་རྒྱུས་སྙན་ངག་རིང་མོ་དང་འབྲེལ་བ་ཟབ་མོ་མཆིས་ཞེས་བཤད།

དགའ་བདེ་རྫོང་ནི་གླིང་སྒྲུང་རིག་གནས་ཀྱི་གཏེར་མཛོད་ཆེན་མོ་ཞིག་ཡིན་ཏེ། དགའ་བདེ་ས་ཁུལ་གྱི་བོད་ཀྱི་རིག་གནས་ཀྱིས་མགོ་ལོག་ཁུལ་གྱི་རང་སའི་རིག་གནས་ཀྱི་ཚབ་བྱེད་ཐུབ་ལ། དེའི་རིག་གནས་ཀྱི་ལྟེ་བ་ནི་གླིང་སྒྲུང་རིག་གནས་རེད། དེའི་ནང་གི་མཚོན་བྱེད་རང་བཞིན་ཆེ་ཤོས་ནི་དུར་བུད་ཀྱི་སྒྲུང་པ་དག་གོ་ཞེས་ཅེས་སྨོས་ཀྱང་འགལ་བ་ཆེར་མེད།

དུར་བུད་ཚོ་བར་སྔར་ལས་སྲུང་སྐྱོབ་དང་རོགས་སྐྱོར་བཟང་བོ་བྱ་ཆེད། དགའ་བདེ་རྫོང་གིས་གེ་སར་རིག་གནས་སྲུང་སྐྱོབ་བྱ་རྒྱུ་དེ་དབུལ་སྐྱོར་གནས་སྤོ་དང་ཟུང་འབྲེལ་སྒོས་གཅིག་བསྡུས་བཀོད་སྒྲིག་བྱས་ཤིང་། རྫོང་མཁར་དང་བར་ཐག་སྤྱི་ལེ་གཉིས་ཡོད་པའི་སར་བོད་ལུགས་སྡོད་ཁང་བརྒྱ་དང་སོ་གཉིས་བསྐྲུན་པ་རེད། དེ་ནི་ཏག་ཏག་ད་ལྟ་ང་ཚོའི་མཐོང་ལམ་དུ་མངོན་པའི་དུར་བུད་སྙན་ངག་སྡེ་བ་ཞེས་པ་འདི་ཡིན།

དུར་བུད་སྡེ་བར་བསྐྱོད་སྐབས་བགྲོད་ལམ་རྒྱ་ཆེ་བ་དང་ཁང་པ་ཡང་ཡག་པོ་ཡོད། སྡེ་བའི་ནང་དུ་གེ་སར་རིག་གནས་ཀྱི་ལོ་རྒྱུས་སྙན་ངག་གླིང་ཞིག་བཙུགས་ཡོད་ཅིང་། ཁྱད་ཆོས་ལྡན་པའི་གླིང་ཁུལ་དེར་ཆེད་དུ་དུར་བུད་སྡེ་བའི་མང་ཚོགས་ལ་ཆེད་མངགས་མཁོ་འདོན་བྱས་པའི་སྒྲུང་བཤད་སའི་ཁང་བ་ཞིག་ཡོད་པ་དེར་གར་སྟེགས་དང་སྒྲ་སྒམ་སོགས་སྒྲིག་ཆས་འཐུས་ཚང་ཡོད་པ་དང་། དུས་རྒྱུན་ཁོམ་ལོང་ཡོད་ཚེ་འབྲོག་པ་ཚོ་རང་འགུལ་ངང་དེ་གར་གླིང་སྒྲུང་བཤད་དུ་ཡོང་བའམ་ཉན་དུ་ཡོང་བཞིན་ཡོད། སྔོན་ཆད་རྩྭ་ཆུ་བསྙེགས་ནས་གནས་སྤོ་བའི་འབྲོག་པ་ནས་ད་ལྟ་གཏན་སྡོད་དུ་གྱུར་ཡོད་མོད། འོན་ཀྱང་དུར་བུད་ཀྱི་འབྲོག་པ་མང་ཚོགས་ཀྱིས་སྔར་བཞིན་གླིང་སྒྲུང་བཤད་པ་དང་རྒྱུད་འཛིན་བྱེད་ཀྱིན་ཡོད།

གེ་སར་རིག་གནས་ཡུལ་སྲོལ་ལོ་རྒྱུས་སྙན་ངག་གླིང་སྟེ་དུར་བུད་སྡེ་བ་དང་ཐག་མི་རིང་བའི་སར་བརྗིད་ཉམས་ལྡན་པའི་གེ་སར་སྒྲུང་རིག་གནས་ཐང་ཆེན་བསྐྲུན་ཡོད་ལ། ཐང་ཆེན་གྱི་ལྷོ་སྣེ་རུ་གླིང་སྒྲུང་ནང་གི་དཔའ་བོ་བདུན་གྱི་སྐུ་བརྙན་བཞེངས་ཡོད། ཐང་ཆེན་གྱི་བྱང་སྣེར་བོད་ཀྱི་ཁྱད་ཆོས་ལྡན་ཞིང་རྡོ་དང་ཤིང་གི་གྲུབ་ཆ་གཙོ་བོར་བྱས་པའི་ཐོག་ཁང་ཆེན་པོ་ཞིག་མིག་ལམ་དུ་འཆར་ཡོང་། དེ་ནི་གེ་སར་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཁང་རེད། ཁེར་ཐོག་ནི་ཡུལ་སྐོར་བར་གེ་སར་སྒྲུང་གི་འཁྲབ་ཚན་འཁྲབ་སའི་གནས་ཡིན་པ་དང་། ཉིས་ཐོག་ནི་ལོ་རྒྱུས་སྙན་ངག་གི་རྣམ་པ་གལ་ཆེན་སླར་གསོ་བྱེད་པའི་འཇིམ་བཟོའི་བརྩམས་ཆོས་དང་། གེ་སར་སྒྲུང་ནང་གི་མི་སྣ་དང་། རྟ་ནོར་ལུག་གསུམ་གྱི་རྣམ་པ་ཇི་མ་ཇི་བཞིན་དུ་བཟོས་ཡོད་ལ། སུམ་ཐོག་ནི་རིག་གནས་རྒྱུད་འཛིན་གྱི་རྟེན་གཞི་ཡིན།

དུར་བུད་པ་རྣམས་ཀྱིས་མི་རབས་ནས་མི་རབས་བར་གེ་སར་སྒྲུང་ངག་གི་དབྱངས་རྟ་ལ་དྲངས་ནས་མི་རིགས་ཤིག་གི་ལོ་རྒྱུས་དང་རིག་གནས་ཀྱི་མཛེས་པ་གླུ་རུ་ལེན་བཞིན་ཡོད་ལ། དེ་ནི་རྨ་ཆུའི་ཆད་པ་མེད་པའི་བཞུར་རྒྱུན་དང་བསྡོངས་ནས་ཡུལ་ལུང་སོ་སོར་ཁྱབ་ཅིང་། གེ་སར་སྒྲུང་གི་རྒྱུད་འཛིན་དང་དར་སྤེལ་ཐད་གཞན་དྲིང་མི་འཇོག་པའི་བྱས་རྗེས་བསྐྲུན་དང་སྐྲུན་མུས་སུ་ཡོད།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།