མཐོ་སྒང་གི་ཕྱུགས་ར་ནས་སྐྱེ་ཁམས་ཆེད་ལས་མཉམ་ལས་ཁང་དང་། ནོར་ལུག་རྐྱང་རྐྱང་འཚོ་བ་ནས་ཁྱད་ཆོས་ལྡན་པའི་ནོར་ལུག་གསོ་སྤེལ། ལོ་གཅིག་གི་ཡོང་སྒོ་སྒོར་མོ་ཁྲི་གཅིག་ལའང་མི་སླེབས་པ་ནས་ད་ལྟ་ལོ་གཅིག་གི་ཆ་སྙོམས་ཡོང་སྒོ་སྒོར་མོ་འབུམ་གཅིག་ཡན་ལ་སླེབས་པའི་ལོ་ངོ་བདུན་གྱི་དུས་ཡུན་ཐུང་ཐུང་ནང་། མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་བྲག་དམར་ཡུལ་ཚོ་རྟ་རྣ་སྡེ་བར་འགྱུར་ལྡོག་ཆེན་པོ་བྱུང་།
2020ལོར་རྟ་རྣ་སྡེ་བའི་མཉམ་ལས་ཁང་དུ་ཁྱིམ་ཚང་དྲུག་ཅུ་རེ་བདུན་ཞུགས་ཡོད་པ་དེ་དག་ལ་མ་རྐང་ལྟར་ཡོང་སྒོ་བགོ་བ་དང་། ཕྱུགས་འཚོས་བའི་བྱ་དགའ། ཕྱུགས་འཚོས་པའི་ཟླ་ཕོགས་སོགས་ཀྱི་རྣམ་པར་བརྟེན་ནས་ཡོང་སྒོ་ཡོད་པར་གྱུར། གཤམ་ནས་ཚང་མར་ཡོང་སྒོ་བགོ་བྱ་རྒྱག་རྒྱུ་ཡིན་པ་སྟེ། ཚེ་མོ་མཚོ་སྐྱིད་ལ་མ་རྐང་དང་། བྱ་དགའ། ཟླ་ཕོགས་སོགས་བསྡོམས་པས་སྒོར་མོ་འབུམ་གཉིས་ཡོད་པ་དང་། སྟག་འབུམ་རྒྱལ་ལ་མ་རྐང་དུ་བཞག་པའི་ཡོང་སྒོ་སྒོར་མོ་ཁྲི་གཅིག་དང་སྟོང་གཅིག་བརྒྱད་བརྒྱ་ཡོད་པ་རེད། འདི་ནི2020ལོའི་ཟླ12པར། ཐེམ་ཆེན་རྫོང་བྲག་དམར་ཡུལ་ཚོ་རྟ་རྣ་སྡེ་བའི་རྟ་རྣ་སྐྱེ་ཁམས་ཆེད་ལས་མཉམ་ལས་ཁང་གིས་འབྲོག་པ་མང་ཚོགས་ལ་ཡོང་སྒོ་བགོ་བྱ་རྒྱག་པའི་སྐབས་ཀྱི་རྣམ་པ་ཞིག་རེད། ཉིན་དེར། རྟ་རྣ་སྐྱེ་ཁམས་ཆེད་ལས་མཉམ་ལས་ཁང་གི་འབྲོག་པར་མཚོན་ནས་བཤད་ན་ཆེས་དགའ་སྤྲོ་སྐྱེས་དགོས་ཤིང་བརྗེད་དཀའ་བའི་ཉིན་མོ་ཞིག་རེད། རྒྱུ་མཚན་ནི་ཁོ་ཚོས་ལོ་གཅིག་གི་དཀའ་སྡུག་ལ་འབྲས་བུ་ཡོད་པ་དེ་རེད།
ཐེམ་ཆེན་རྫོང་བྲག་དམར་ཡུལ་ཚོ་རྟ་རྣ་སྡེ་བ་ནི་སྲོལ་རྒྱུན་གྱི་འབྲོག་ལས་གཉེར་བའི་སྡེ་བ་ཞིག་ཡིན་པ་དང་། རྗེས་ལུས་ཀྱི་ཐོན་སྐྱེད་རྣམ་པས་སྔོན་ཆད་རྟ་རྣ་སྡེ་བའི་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་བཞིན་ཡོད་པ་རེད། འབྲོག་པ་ཀ་ཀེ་རྒྱལ་ནི་རྟ་རྣ་སྡེ་བའི་སྐྱེ་ཁམས་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་དཔོན་ཡིན་པ་དང་། ཡང་ས་དེའི་འབྲོག་པ་རྣམས་ཀྱི་སྣེ་ཁྲིད་དེ་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་མི་དང་པོའང་ཡིན།
རྟ་རྣ་སྡེ་བའི་འབྲོག་པའི་དཔལ་འབྱོར་གྱི་ཡོངས་ཁུངས་གཙོ་བོ་ནི་ཕྱུགས་འཚོ་རྒྱུ་དེ་ཡིན་པ་དང་། སྔོན་ཆད་རང་རང་སར་ཕྱུགས་འཚོ་བཞིན་ཡོད་པ་དང་། ལོ་གཅིག་ལ་དཀའ་སྡུག་གིས་ཕྱུགས་འཚོས་ཡང་ཡོང་སྒོ་མང་པོ་མེད་པ་རེད། ཀ་ཀེ་རྒྱལ་གྱིས་བཤད་རྒྱུར། གནད་དོན་དེ་དག་མཐོང་རྗེས། བསམ་གཞིགས་གང་མང་བྱས་པ་བརྒྱུད། ཁོས་མཉམ་ལས་ཁང་བཙུགས་ཏེ་ཚང་མའི་སྣེ་ཁྲིད་དེ་ཡོང་སྒོ་འཕར་དུ་བཅུག་ནས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་རྒྱུ་ཐག་བཅད།
ཀ་ཀེ་རྒྱལ་གྱིས་གསར་འགོད་པར་སྔོན་ཆད་ང་ཚོའི་ཕྱུགས་ལས་གྲུབ་ཚུལ་སྣ་རྐྱང་ཡིན་པ་དང་། ཐོན་སྐྱེད་ལས་གཉེར་བྱེད་སྟངས་རྗེས་ལུས་ཡིན་ལ། ལྷག་པར་དུ་ཕྱུགས་ལས་ཐོན་རྫས་དང་འོ་མའི་ཐོན་རྫས་ཕྱིར་འཚོང་བྱེད་པའི་ཐབས་ལམ་མེད། ང་རང་གི་བསམ་པར་ཆེད་ལས་མཉམ་ལས་ཁང་བཙུགས་པ་བརྒྱུད་དེ། སྣ་རྐྱང་གི་ཕྱུགས་ལས་གསོ་སྤེལ་ཁྱིམ་ཚང་ལ་འབྲེལ་འདྲིས་བརྗེ་རེས་བྱེད་པའི་སྟེགས་བུ་ཞིག་འདོན་སྤྲོད་བྱས་ཆོག་པ་དང་། རྟ་རྣ་སྡེ་བའི་ཕྱུགས་ལས་གསོ་སྤེལ་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་ཀྱང་བྱེད་ཐུབ་པར་འདོད་ཞེས་བཤད།
མཉམ་ལས་ཁང་ཐོག་མར་འཛུགས་དུས། སྡེ་བའི་འབྲོག་པ་རྣམས་ལ་མཉམ་ལས་ཁང་ནི་ཅི་ཞིག་ཡིན་པར་གསལ་ཆ་མེད་པ་དང་། ལྷག་པར་དུ་མཉམ་ལས་ཁང་དུ་ཞུགས་ན་རྩྭ་ས་དང་ནོར་ལུག་མཉམ་ལས་ཁང་ལ་འཇོག་དགོས་པ་ཐོས་རྗེས། འབྲོག་པ་རྣམས་ཀྱིས་མགོ་བོ་་གཡུགས་ནས་མི་འཐད་པའི་བརྡ་སྟོན་པ་དང་། སྐབས་དེའི་འབྲོག་པ་རྣམས་ཀྱིས་མཉམ་ལས་ཁང་ལ་མཐོང་ཆེན་དེ་འདྲ་མི་བྱེད།
གནས་ཚུལ་དེ་མཐོང་རྗེས། ཀ་ཀེ་རྒྱལ་འདུག་མི་བཟོད་པར་གྱུར། མཉམ་ལས་ཁང་གི་འགན་ཁུར་མི་སྣ་ཞིག་ཡིན་པའི་ཆ་ནས་རང་ཉིད་ཀྱིས་ངེས་པར་དུ་རྒྱལ་ཁབ་དང་ཞིང་ཆེན་གྱི་སྲིད་ཇུས་བཟང་བོ་གནད་ལ་འཁེལ་བའི་སྒོ་ནས་དྲིལ་སྒྲོག་བྱེད་དགོས་པ་དང་། ཚད་ཆེས་ཆེ་བའི་སྒོ་ནས་འབྲོག་པ་མང་ཚོགས་ཀྱི་བསམ་ཤེས་དང་རྒྱབ་སྐྱོར་བརྩོན་ལེན་བྱས། དེ་བས། ཁོ་རང་འབྲོག་ཁྱིམ་རེ་རེར་སོང་ནས་ཁོ་ཚོ་མཉམ་ལས་ཁང་དུ་ཞུགས་པར་སྐུལ་མ་བྱས།
མཉམ་ལས་ཁང་དུ་ཞུགས་ན་བཟང་ཆ་ཅི་ཞིག་ཡོད་དམ། འབྲོག་པ་རྣམས་ཀྱིས་དོགས་འདྲི་བྱེད་དུས། ཀ་ཀེ་རྒྱལ་གྱིས་སྔོན་ཆད་ཚང་མས་རང་ཉིད་ཀྱི་ཕྱུགས་ཟོག་རང་ཉིད་ཀྱིས་འཚོས་པ་དང་། ཚན་རིག་ལྟར་གསོ་སྤེལ་བྱེད་ཐུབ་ཀྱིན་མེད་པ་རེད། གསོས་པ་བཟང་ན་རིན་གོང་མཐོན་པོར་བཙོང་ཐུབ་ཡང་། ནོར་ལུག་ལ་ནད་བྱུང་ནས་ཤི་བ་བྱུང་ཚེ། ཡོང་སྒོ་མེད་པར་གྱུར་བ་རེད། ང་ཚོས་མཉམ་ལས་ཁང་དེ་སྒྲུབ་པའི་དམིགས་ཡུལ་ནི་ཁྱིམ་ཚང་ཚང་མའི་ཕྱུགས་ཟོག་མཉམ་གཅིག་དུ་བསྡུས་བ་དང་། རྩྭ་ས་གཞོགས་གཅིག་ཏུ་བསྡུས་ནས་སྤྱི་སྤྱོད་ཀྱི་རྩྭ་ར་བྱེད་འདོད་པ་དེ་རེད། རྩྭ་རའི་ནང་དུ་ནོར་ལུག་རྣམས་གཅིག་བསྡུས་ཀྱིས་གསོ་བ་དང་། དོ་དམ་བྱེད་པ། འགོག་ཁབ་རྒྱག་པ། རྗེས་ནས་གཅིག་བསྡུས་སྒོས་ཕྱིར་འཚོང་བྱེད་པ་ཡིན་ལ། འདི་ལྟར་བྱས་ན་ནོར་ལུག་གསོ་སྤེལ་བཟང་བོ་བྱེད་ཐུབ་པར་མ་ཟད། ཕྱིར་འཚོང་བྱས་ན་ཚང་མར་བསྡུར་ཚད་ལྟར་ཡོང་སྒོ་བགོ་བྱ་བརྒྱབ་ཆོག་པ་རེད་ཅེས་འགྲེལ་བཤད་བྱས།
རྟ་རྣ་སྡེ་བའི་སྡེ་མིའི་མིག་ནང་དུ། སྔོན་ཆད་སྡེ་བའི་ཀྲུའུ་རིན་གྱི་འགན་ཁུར་མྱོང་བའི་ཀ་ཀེ་རྒྱལ་ལ་བརྩི་བཀུར་བྱེད་བཞིན་ཡོད། ཁོས་དེ་ལྟར་འགྲེལ་བཤད་རྒྱག་པ་ཐོས་དུས། ཚང་མའི་སེམས་ནང་གི་དོགས་པ་སེལ་ནས་ཚང་མ་ལང་ལོང་སྒོས་མཉམ་ལས་ཁང་དུ་ཞུགས།
ཀ་ཀེ་རྒྱལ་གྱིས་ཆེས་ཐོག་མར་མཉམ་ལས་ཁང་ལ་འཕེལ་རྒྱས་ཀྱི་ཁ་ཕྱོགས་མེད་པ་དང་། མ་རྐང་དུ་ཞུགས་པའི་ཁྱིམ་ཚང་བཞི་བཅུ་བོ་ཚང་མ་དབུལ་ཕོངས་ཁྱིམ་ཚང་ཡིན་ལ། མཉམ་ལས་ཁང་ནོར་ལུག་དང་། རྩྭ་ས་སོགས་རྨང་གཞིའི་ཆ་རྐྱེན་ཞན་པ་སོགས་ཀྱི་དཀའ་ངལ་ལ་འཕྲད་ཞེས་བཤད། རྗེས་ནས་ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་བོའི་རོགས་སྐྱོར་འོག་ཏུ། ང་ཚོས་སྒོར་མོ་འབུམ་གཅིག་གི་རོགས་སྐྱོར་མ་དངུལ་ལེན་ཐུབ་པ་བྱུང་བ་མ་ཟད། ད་དུང་དངུལ་ཁང་ལ་སྒོར་མོ་ས་ཡ་གཅིག་དང་འབུམ་ལྔ་བསྐྱིས་ཐུབ་པ་བྱུང་། ལོ་ངོ་བདུན་གྱི་འབད་བརྩོན་བརྒྱུད་དེ། མཉམ་ལས་ཁང་གིས་བསྐྱིས་དངུལ་ཡོད་ཚད་ཕྱིར་སྟེར་ཐུབ་པ་བྱུང་བ་དང་། རྩིས་ཐོ་ཡི་སྟེང་དུ་སྒོར་མོ་ལྷག་མའང་ཡོད་པར་གྱུར། མཉམ་ལས་ཁང་ཐོག་མར་འཛུགས་པའི་སྐབས་ཀྱི་སྣ་གཅིག་རྐྱང་གི་གསོ་སྤེལ་འཕེལ་རྒྱས་ནས་འབྲོང་དང་། མཐོ་སྒང་གི་འབྲི་གཡག ལུག འོ་བཟོས་ཐོན་རྫས་ལས་སྣོན་དང་ཕྱིར་འཚོང་བྱེད་པར་གྱུར་བ་དང་། ཀ་ཀེ་རྒྱལ་གྱིས་སྡེ་མིས་སྣེ་ཁྲིད་དེ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་འདོད་པའི་ཕུགས་འདུན་དེ་རེ་ཞིག་མངོན་འགྱུར་བྱུང་།
མཉམ་ལས་ཁང་གི་སངས་རྒྱས་རྒྱལ་ཚང་སྔོན་ཆད་དབུལ་ཕོངས་ཁྱིམ་ཚང་གི་ཡིན་པ་དང་། མཉམ་ལས་ཁང་ནང་མ་རྐང་བཞག་པ་ནས་བཟུང་། སངས་རྒྱས་རྒྱལ་ཚང་གི་རྩྭ་རའི་ནང་གི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ལེགས་བཅོས་ཐོབ་པ་དང་། རྟ་རྣ་མཉམ་ལས་ཁང་གིས་ད་དུང་ཁོ་ཚང་ལ་མ་མོ་བརྒྱ་བགོས། སངས་རྒྱས་རྒྱལ་གྱིས་བཤད་རྒྱུར། 2014ལོའི་སྔོན་ལ་ངེད་ཁྱིམ་ཚང་གང་བོའི་ཡོང་སྒོ་སྒོར་མོ་ཁྲི་གཅིག་ལའང་སླེབས་ཐུབ་ཀྱིན་མེད་པ་དང་། ན་ནིང་མཉམ་ལས་ཁང་གིས་ང་ལ་སྒོར་མོ་འབུམ་གཅིག་གི་ཡོང་སྒོ་བགོས། གུང་ཁྲན་ཏང་ལ་བཀའ་དྲིན་ཆེ། ངེད་ཚང་ལ་བདེ་སྐྱིད་ཀྱི་འཚོ་བ་ཞིག་རོལ་དུ་བཅུག་ཞེས་སེམས་འགུལ་ཐེབས་བཞིན་བཤད།
མཉམ་ལས་ཁང་དུ་སྡེ་བ་རང་ལས་གཞན་ད་དུང་རྡོ་ལུང་སྡེ་བའི་སྡེ་མི་ཀྱང་ཞུགས་ཡོད་དེ། ཚེ་རིང་སྐྱབས་ནི2018ལོར་ནོར་ལུག་མ་རྐང་དུ་བཞག་ནས་མཉམ་ལས་ཁང་གི་རྐང་བདག་པར་གྱུར། ཚེ་རིང་སྐྱབས་ཀྱིས་གསར་འགོད་པར། ང་རང་རྟ་རྣ་སྡེ་བའི་སྡེ་མི་མིན་ཡང་། ངས་རྟ་རྣ་མཉམ་ལས་ཁང་གི་འཕེལ་རྒྱས་བཟང་བར་འདོད་ཡོད། ངས་ནོར་ལུག་དང་རྩྭ་ས་མ་རྐང་དུ་བཞག་རྗེས། ད་དུང་རང་གི་བཟའ་ཟླས་མཉམ་ལས་ཁང་དུ་འོ་མ་སྐྱེལ་བ་དང་འོ་མ་བཞོ་བའི་ལས་ཀ་གཉེར་བཞིན་ཡོད། 2018ལོར། ངེད་ཚང་ལ་ཡོང་སྒོ་སྒོར་མོ་འབུམ་གཅིག་ཡོད་པ་དང་། 2020ལོར་ཡོང་སྒོ་སྒོར་མོ་འབུམ་གཅིག་དང་ཁྲི་བཞི་ཡོད་ལ། ད་ལྟའི་འཚོ་བ་ཇེ་བཟང་ནས་ཇེ་བཟང་ཡིན་པ་རེད་ཞེས་བཤད།
ཀ་ཀེ་རྒྱལ་གྱིས་བཤད་རྒྱུར། 2021ལོར། ངས་ཚང་མའི་སྣེ་ཁྲིད་དེ་མཉམ་ལས་ཁང་སྔར་ལས་བཟང་བོར་སྒྲུབ་པར་ཡིད་ཆེས་ཀྱིས་ཁེངས་ཡོད་པ་དང་། མི་སྔར་ལས་མང་པོ་འབྱོར་འབྲིང་འཚོ་བར་བསྐྱོད་པར་སྣེ་ཁྲིད་བྱེད་རྒྱུ་ཡིན་ཞེས་བཤད། ད་ལོར། ཁོ་ཚོས་གསོ་སྤེལ་ལག་རྩལ་མི་སྣ་སྐོར་ཞིག་བསྡུ་ལེན་བྱེད་རྒྱུའི་འཆར་གཞི་བཟོས་ཏེ། གསོ་སྤེལ་གྱི་ཁྱབ་ཁོངས་རྒྱ་བསྐྱེད་དེ། འོ་བཟོས་ཐོན་རྫས་དང་ཤ་ཡི་ཐོན་རྫས་ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་སུ་ཕྱིར་འཚོང་བྱེད་རྒྱུ་བརྩོན་ལེན་བྱེད་རྒྱུ་རེད།
ལོ་ཙཱ། ཚེ་རིང་སྒྲོལ་མ།