ཀན་ཏ་སྡེ་བ་གོམ་པ་བརྟན་པོའི་ངང་འབྱོར་འབྲིང་ལམ་དུ་བསྐྱོད་པ།
2021.02.19 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 37

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་སྐྱེ་རྒུ་གྲོང་རྡལ་ནས་ཆས་ཏེ། ཞིང་ཆེན་གཞུང་ལམ308བརྒྱུད་དེ་སྤྱི་ལེ་ཉི་ཤུ་ཙམ་སོང་ཚེ་ཡུས་ཧྲུའུ་གྲོང་ཁྱེར་གྱི་འཐུང་ཆུའི་མགོ་ཁུངས་ཏེ་ཀན་ཏ་སྡེ་བར་ཐོན་ཐུབ། གནས་དེ་གའི་སྡོད་ཁང་གྲལ་འགྲིག་ཅིང་རྒྱབ་ཏུ་རི་དང་མདུན་དུ་ཆུ་ཡོད་པ་དང་། སྡེ་གསར་ལ་ལམ་དང་ཆུ་གློག གད་སྙིགས་འཇོག་ས། སྤྱོད་ཁང་། བྱ་འགུལ་ཐང་ཆེན་བཅས་རྨང་གཞིའི་སྒྲིག་བཀོད་དང་ལྷུ་ལག་ཆ་ཚང་བསྒྲིགས་ནས་ཐོན་ལས་གསར་པ་འཕེལ་རྒྱས་བྱུང་བའི་སྡེ་གསར་ཞིག་ཏུ་གྱུར་འདུག

ལམ་འགྲམ་ན་ལྷིང་ངེར་ཡོད་པ་ནི། ཉེ་རིང་ཀུན་ཏུ་སྐད་གྲགས་ཆེ་བའི་ཀན་ཏའི་ཀུན་ཕན་ཆེད་ལས་ཕྱོགས་བསྡུས་མཉམ་ལས་ཁང་རེད། མཉམ་ལས་ཁང་དེ་ནི2010ལོའི་ཟླ་ལྔ་པར་བཙུགས་ཤིང་། སྡེ་མིས་དམངས་གཙོ་སྒོས་ཚོང་གཉེར་ལ་མཁས་པ་དང་དོ་དམ་བྱེད་ཤེས་པ། དྲང་གཞག་གིས་དོན་དག་སྒྲུབ་པའི་མི་འདེམ་བསྐོ་བྱས་ཏེ་མཉམ་ལས་ཁང་གི་འགོ་ཁྲིད་ཀྱི་འགན་འཁུར་དུ་བཅུག་པ་དང་ཆབས་ཅིག ལྟ་ཞིབ་ལྷན་ཚོགས་བདམས་ནས་མཉམ་ལས་ཁང་ལ་ལྟ་སྐུལ་དོ་དམ་གྱི་འགན་འཁུར་དུ་བཅུག་ཡོད། དེར་སྒོ་རྩིས་ཚོང་ཁང་དང་གསོ་སྤེལ་རྟེན་གཞི། རྩམ་པ་ལས་སྣོན་བྱེད་ས། འཁྱགས་མཛོད་རྟེན་གཞི། ལག་ཤེས་བཟོ་ཁང་། གསོལ་སྟོན་ཚོམས་ཆེན། མགྲོན་ཁང་བཅས་ཡོད་ལ། དབུལ་ཁྱིམ་གྱི་མ་རྐང་མཉམ་བསྡུ་དང་གཅིག་བསྡུས་ངང་རང་བདག་ཚོང་གཉེར་གྱི་རྣམ་པ་སྤྱད་དེ། ཁྱིམ་ཐོན་ཐོན་ལས་རོགས་སྐྱོར་མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་བཞི་ཁྲི་དགུ་དང་སྟོང་བདུན་ལྷག་སྡེ་བའི་ཐུན་མོང་དཔལ་འབྱོར་ཏེ“མཉམ་ལས་ཁང”གི་ནང་དུ་བཞག་པ་དང་། རིམ་གྱིས་ཚོང་ལས་རྒྱ་བསྐྱེད་པས། སྡེ་མི་འགའི་ལྟོ་གོས་ཀྱི་གནད་དོན་ཐག་བཅད་པར་མ་ཟད། སྡེ་བའི་ཐུན་མོང་དང་སྡེ་མི་ཡོངས་ལ་ལོ་རེར་ཁེ་སྤོགས་སྔར་ལས་མང་པོ་བགོ་རྒྱུ་ཡོད་པར་གྱུར།

2020ལོའི་ཟླ་བརྒྱད་པའི་ཟླ་མཇུག་གི་ཉིན་ཞིག་ལ། གསར་འགོད་པ་མཉམ་ལས་ཁང་གི་སྒོ་རྩིས་ཚོང་ཁང་དུ་སོང་བ་ན། ཞོར་ཟས་དང་སྐོམ་ཆུ་སྣ་ཚོགས། འཚོ་བའི་སྤྱོད་ཆོས། ལྭ་དང་ལྷམ་བཅས་གང་དགོས་ཅི་དགོས་ཡོད་ལ། ད་དུང་འབྲོག་པ་རང་གིས་བཟོས་པའི་ལག་ཤེས་ཐོན་རྫས་མང་པོ་འདུག “ཁྱེད་ཀྱིས་བོད་ལྭ་དང་སྡོང་རས། འུར་ཆ་འདི་དག་ལ་ལྟོས་དང་། ཚང་མ་ང་ཚོ་སྡེ་མིའི་ལག་བཟོས་རེད། སྡོང་རས་དང་འུར་ཆ་ལ་དཔེ་བཞག་ན། རྒྱུ་ཆ་ཚང་མ་སྡེ་མིས་རང་ས་ནས་བླངས་ཆོག་ལ། ལས་ཚར་རྗེས་མཉམ་ལས་ཁང་གིས་ཉོ་སྒྲུབ་བྱས་ཏེ་ཕྱིར་འཚོང་བྱེད་བཞིན་ཡོད། ཁྱོད་ཀྱིས་སྡོང་རས་འདིར་སྣང་ཆུང་མ་བྱེད། དགུན་ཁར་སྡེ་མིས་ཕྱུགས་འཚོ་མི་ཐུབ་པའི་སྐབས་སུ་ཁྱིམ་དུ་བསྡད་དེ་སྡོང་རས་ལས་ཚེ་མི་རེས་ཟླ་རེར་སྒོར་སྟོང་གཅིག་དང་སུམ་བརྒྱ་ལེན་ཐུབ”ཞེས་ཡུས་ཧྲུའུ་གྲོང་ཁྱེར་བྱ་ཤུལ་སྲང་ལམ་དོན་གཅོད་ཁང་གི་ཀྲུའུ་རིན་སངས་བསྟན་ལྷ་འབྲུག་གིས་དེ་ལྟར་བཤད་པ་དང་། “ཁྱེད་ཀྱིས་ལྟོས་དང་།  སྒོ་རྩིས་ཚོང་ཁང་འདིའི་མདུན་ནི་ཞིང་ཆེན་གཞུང་ལམ308ཡིན། འབྲི་སྟོད་རྫོང་དང་ཆུ་དམར་ལེབ་རྫོང་། ཡུས་ཧྲུའུ་གྲོང་ཁྱེར་རོང་པོ་གྲོང་རྡལ། ཧ་ཤུལ་ཡུལ་ཚོ་བཅས་ཀྱི་ཕྱོགས་སུ་སྐྱོད་པའི་བརྒྱུད་ལམ་ཉག་གཅིག་ཡིན་པས། ཉེ་འཁོར་གྱི་འབྲོག་པ་དང་ཕར་འགྲོ་ཚུར་འོང་གི་ལམ་འགྲོ་ཚོང་པ་ཚང་མ་ང་ཚོའི་མགྲོན་པོ་ཡིན་ཁར། ཁང་གླ་སྤྲོད་མི་དགོས་ལ། ཚོང་ཟོག་ལེན་དགོས་ཚེ་ང་ཚོའི་མཉམ་ལས་ཁང་ལ་རང་གི་སྐྱེལ་འདྲེན་རླངས་འཁོར་རུ་ཁག་ཡོད་པས། མ་རྩ་དམའ་ལ། ཕྱིར་བཙོང་མི་ཐུབ་པར་ཡང་སེམས་ཁྲལ་བྱེད་མི་དགོས་པ་མ་ཟད་ཡོང་འབབ་ཀྱང་དེ་བསྟུན་གྱིས་མཐོ”ཟེར།

སངས་བསྟན་ལྷ་འབྲུག་གིས་ངོ་སྤྲོད་བྱས་པ་ལྟར་ན། ཀན་ཏ་སྡེ་བའི་དབུལ་ཐར་བྱ་བ་སྒྲུབ་སྐབས། ཁོ་ཚོས་ཕྱུག་འགྱུར་གྱི་འདུ་ཤེས་ཡོད་པ་དང་ངལ་རྩོལ་ནུས་པ་ལྡན་ཡང་མ་དངུལ་མེད་པའི་དབུལ་ཕོངས་ཁྱིམ་ཚང་རྣམས་མཉམ་ལས་ཁང་གི་གྲས་སུ་བཞག་པ་དང་། གསོ་སྤེལ་མི་སྣ་དང་ཕྱུགས་རྫི། འོ་མ་བཞོ་མཁན་བཅས་ཀྱི་འགན་འཁུར་དུ་བཅུག་སྟེ། ལས་ཞུགས་ལ་རོགས་རམ་བྱས། རྩྭ་ས་ཡོད་ཀྱང་ཕྱུགས་མེད་པའམ་ཡང་ན་ཕྱུགས་ཡོད་ཀྱང་ཕྱུགས་རྫི་མེད་པའི་དབུལ་ཕོངས་ཁྱིམ་ཚང་ལ། ཁོ་ཚོས་རྩྭ་ས་དང་ཕྱུགས་ཟོག་གཉིས་ཧྲིལ་བསྡུས་བྱ་རྒྱུར་སྐུལ་འདེད་བྱས་པ་དང་། མ་རྐང་དུ་འཇོག་པའི་རྣམ་པ་སྤྱད་དེ་སྡེ་བ་རིམ་པའི་མཉམ་ལས་ཁང་དུ་ཞུགས་པར་མ་ཟད། ད་དུང་གསོ་སྤེལ་ཁང་བ་གསུམ་ལས་པ་དང་། མ་དངུལ་སྒོར་འབུམ་གཅིག་དང་ཁྲི་ལྔ་བཏང་ནས་ཕྱུགས་ཟོག་ཉོ་སྒྲུབ་བྱས་ཏེ། ཀན་ཏ་སྡེ་བའི་མར་དང་ཞོ་སོགས་ཀྱི་འོ་རྫས་ཐོན་ཚད་ཇེ་མཐོར་བཏང་ནས། བཟའ་བཏུང་དང་ཞག་སྡོད། ཉོ་སྒྲུབ་བཅས་གཞི་གཅིག་ཅན་གྱི་ཞབས་ཞུ་འདོན་སྤྲོད་བྱས་ཏེ་སྤྲོ་གསེང་གླིང་གི་མགྲོན་པོར་སྟབས་བདེ་བསྐྲུན།

སྡེ་མིའི་འཚོ་བ་ཇེ་བཟང་དུ་སོང་བ་དང་བསྟུན་ནས། ཀན་ཏ་སྡེ་བས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱང་སྤྲོ་གསེང་གླིང་གི་ཡུལ་སྐོར་ཁྲོད་བཞག “སྐྱེ་ཁམས་བདག་སྐྱོང་སྐྱ་དམག་རུ་ཁག”ནི་ཀན་ཏ་སྡེ་བའི་སྤྲོ་གསེང་གླིང་གི་ཆེས་ཁྱད་ཆོས་ལྡན་པའི་ཡུལ་སྐོར་རྣམ་གྲངས་སུ་གྱུར། “ཀན་ཏ་སྡེ་བ་ནི་རྫ་ཆུའི་མགོ་ཁུངས་སུ་ཆགས་པས་ས་དེར་ཆུ་མིག་ཉིས་བརྒྱ་ལྷག་ཡོད་པ་དང་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་ནི་སྡེ་མིའི་གོམས་གཤིས་སུ་གྱུར་འདུག ང་ཚོས‘སྐྱེ་ཁམས་བདག་སྐྱོང་སྐྱ་དམག་རུ་ཁག’གིས་ཡུལ་སྐོར་པར་འབྲོག་པའི་འཚོ་བར་ཉམས་ལེན་བྱེད་དུ་བཅུག་པ་དང་ཆབས་ཅིག འབྲོག་པའི་འཚོ་བའི་རིག་གནས་ངོ་སྤྲོད་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཤེས་བྱ་ཁྱབ་གདལ་གཏོང་དུ་བཅུག་སྟེ། རང་བྱུང་ཁམས་ལ་བརྩི་བཀུར་དང་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་མི་ཚང་མའི་སེམས་སུ་འཇགས་སུ་བཅུག”ཅེས་སངས་བསྟན་ལྷ་འབྲུག་གིས་དེ་ལྟར་བཤད།

བཅར་འདྲི་བྱེད་སྐབས། མཉམ་ལས་ཁང་གི་སྒོ་རྩིས་ཚོང་ཁང་དུ་ཆེས་བྲེལ་འཚུབ་ཆེ་བའི་མི་དེའི་མིང་ལ་གཡུ་དགའ་ཉི་མ་ཟེར། ཁོ་ནི་སྡེ་མིས་འདེམ་བསྐོ་བྱས་པའི་མཉམ་ལས་ཁང་གི་ལས་འཛིན་མགོ་གཙོ་གཞོན་པ་ཡིན་པར་མ་ཟད་མཉམ་ལས་ཁང་གི་ལག་ཤེས་གྱོན་ཆས་བཟོ་ཁང་གི“དགེ་རྒན”ཡང་རེད། སྡེ་བའི་ངལ་རྩོལ་པ་ལྷག་མའི་དབུལ་ཐར་དང་ལས་ཞུགས་ཐག་གཅོད་བྱ་ཆེད། མཉམ་ལས་ཁང་གིས་ཆེད་དུ་ལག་ཤེས་གྱོན་ཆས་བཟོ་ཁང་ཞིག་གསར་འཛུགས་བྱས་ཏེ། མོས་པ་ཡོད་པའི་དབུལ་ཕོངས་ཁྱིམ་ཚང་བསྡུ་ལེན་དང་ལག་རྩལ་སྦྱངས་པ་བརྒྱུད་དབུལ་ཐར་བྱེད་དུ་བཅུག ལག་ཤེས་པ་རྒན་པའི་གམ་ནས་རྩལ་ནུས་སྦྱངས་པའི་གཡུ་དགའ་ཉི་མས་ལག་རྩལ་སློབ་ཁྲིད་ཀྱི“དགེ་རྒན”གྱི་འགན་ཁུར་པ་དང་། ཁོས་དངོས་ཁྲིད་བྱས་པའི་སློབ་མ་བཅུ་གཉིས་ནི་བཟོ་ཁང་གི་གྱོན་ཆས་བཟོ་པ་དང་སློབ་ཁྲིད་ཀྱི་རྐང་འཛིན་པར་གྱུར།

བབ་ཆགས་པའི་གཡུ་དགའ་ཉི་མ་དགའ་ཞིང་བློ་བདེ་བའི་ངང་བཤད་རྒྱུར། “ངས་ཁོ་ཚོར་ལྭ་བཟོ་སྲོལ་ཁྲིད་པས་ཁོ་ཚོར་བརྟན་འཇགས་ཀྱི་ཡོང་འབབ་ཡོད་དུ་བཅུག་སྟེ་ལྟོ་གོས་ཀྱི་གནད་དོན་ཐག་བཅད་པར་མ་ཟད། ལག་ཤེས་འདི་ད་དུང་རྒྱུན་འཛིན་ཡང་བྱེད་ཐུབ་སོང་། སྡེ་མིས་བཟོས་པའི་ལྭ་བ་སྒོ་རྩིས་ཚོང་ཁང་ནས་ཕྱིར་བཙོངས་ན་གོང་བདེ་བས། ང་ཚོ་དང་ཉེ་འགྲམ་གྱི་སྡེ་མི་ཚང་མ་དེ་ཉོ་རྒྱུར་དགའ།” ཁོས་སྒོ་རྩིས་ཚོང་ཁང་དུ་བཀལ་བའི་བོད་ལྭ་རེ་རེ་སྟོན་ཞོར་གསར་འགོད་པར་ངོ་སྤྲོད་བྱེད་རྒྱུར། མི་ཞིག་གིས་དབྱར་ལྭ་གཅིག་བཟོས་ན་སྒོར་ཞེ་ལྔ་ལེན་ཐུབ་པ་དང་། དགུན་ལྭ་གཅིག་བཟོས་ན་སྒོར་བདུན་ཅུ་ལེན་ཐུབ་པས་ཟླ་གཅིག་ལ་ཡོང་འབབ་སྒོར་སྟོང་གཉིས་ལྷག་ཡོད།

ཀན་ཏ་སྡེ་བས་ཐོག་མཐའ་བར་གསུམ་དུ་རྩལ་ནུས་དབུལ་སྐྱོར་དང་ལས་ཞུགས་དབུལ་སྐྱོར་བྱ་བར་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། དུས་རྒྱུན་སྡེ་མི་རྩ་འཛུགས་བྱས་ཏེ་གྲོང་ཁྱེར་ནང་ཁུལ་གྱི་འཚེམ་བཟོ་དང་རླངས་འཁོར་ཞིག་གསོ། ཁ་ལོ་པ་གསོ་སྦྱོང་བཅས་སུ་ཞུགས་པ་དང་ཆབས་ཅིག མཉམ་ལས་ཁང་གི་ལག་ཤེས་གྱོན་ཆས་བཟོ་ཁང་དུ་ཡང་གསོ་སྦྱོང་བྱེད་པར་མ་ཟད། སྡེ་དམངས་ལ་ལག་ལེན་བྱེད་པའི་སྟེགས་བུ་འདོན་སྤྲོད་བྱས། སྔོན་ཆད་ནོར་ལུག་བསྲུངས་ནས་འཚོ་བ་རོལ་བ་དང་། “གནམ་ལ་བརྟེན་ནས་ཟ་མ་ཟ་བ”སྟེ་དབྱར་རྩྭ་དགུན་འབུ་རྐོ་བ་ནས་ད་ལྟ་ཁེ་སྤོགས་བགོ་རྒྱུ་ཡོད་པ་དང་བྱ་བ་ཡོད་པར་གྱུར། སྡེ་བའི་ཐུན་མོང་དཔལ་འབྱོར་གྱིས་སྡེ་མིའི་ཡོང་འབབ་ཇེ་མང་དུ་བཏང་ལ། ཁོ་ཚོའི་བདག་པོའི་འདུ་ཤེས་དང་རང་ཚུགས་རང་བདག་གི་སྙིང་སྟོབས་ལྷག་པར་ཆེར་བཏང་། ཏང་ཨུ་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོ་དང་ཐབས་ལམ་བཟང་པོ། སྟེགས་བུ་བཟང་པོ་བཅས་ལ་བརྟེན་ནས། སྡེ་མི་ཚོས་རང་གི་ལག་ཟུང་ལ་བརྟེན་ནས་དབུལ་ཐར་བྱེད་པའི་འདུན་པ་དྲག་པོ་མངོན་འགྱུར་བྱས་ལ། ཀན་ཏ་སྡེ་བས་གཞན་རྟེན་རྣམ་པའི་དབུལ་སྐྱོར་ནས་རང་རྟེན་རྣམ་པའི་དབུལ་སྐྱོར་གྱི་བྱ་བ་མངོན་འགྱུར་བྱས།

སངས་བསྟན་ལྷ་འབྲུག་གིས་བཤད་རྒྱུར། “ད་ལྟ་སྡེ་བས་རིག་སྟོབས་ལ་བརྟེན་ནས་དབུལ་སྐྱོར་བྱེད་རྒྱུར་མཐོང་ཆེན་བྱེད་བཞིན་ཡོད། མི་རབས་འདིས་ལག་རྩལ་གཅིག་སྦྱངས་པས་ཆོག་ལ། ང་ཚོས་སློབ་གསོ་སྤྱད་དེ་མི་རབས་རྗེས་མ་ཚོའི་གནད་དོན་རྩ་བ་ནས་ཐག་གཅོད་རྒྱུ་ཡིན།”ཀན་ཏ་སྡེ་བར་སྡེ་བའི་སློབ་ཆུང་ཡོད་པར་མ་ཟད་བུ་བཅོལ་ཁང་ཡང་བཙུགས་ཡོད། ལོ་འདི་དག་གི་རིང་ལ་སྡེ་མིས་སློབ་སྔོན་སློབ་གསོར་དོ་སྣང་བྱེད་མགོ་བརྩམས་པར་མ་ཟད། སློབ་བྱོལ་འགོག་སྲུང་གི་ཚད100%ཟིན་པ་དང་། བུ་བཅོལ་ཁང་དུ་ཞུགས་ཚད་ཀྱང100%ཟིན། ང་ཚོས་ཀན་ཏ་སྡེ་བའི་ཡུས་ཧྲུའུ་རེ་བའི་སློབ་ཆུང་དང་པོའི་ཟུར་ཞིག་ནས་བུ་བཅོལ་ཁང་གི་སློབ་ཁང་དང་ངལ་གསོ་ཁང་། ཟ་ཁང་བཅས་མཐོང་བྱུང་། སྒོ་ཕྱི་རུ་འགྱིག་གདན་གཙང་མ་ཞིག་བཏིང་ཡོད་ལ། མཐའ་བཞི་ར་བས་བསྐོར་འདུག རྩེད་ཆས་གྲལ་དག་པའི་སྒོ་ནས་བསྡུ་ཉར་བྱས་ལ། མདའ་གཡབ་འོག་ཏུ་ལྟ་འཛིན་འཕྲུལ་ཆས་བཀལ་ཏེ་བྱིས་པ་ཚོའི་རོལ་རྩེད་བྱེད་ས་བསྲུངས་ཡོད།

མི་རབས་ནས་མི་རབས་ལ་དབུལ་ཕོངས་ཡིན་པ་དེ་སློབ་གསོ་ལ་བརྟེན་ནས་མཚམས་གཅོད་པའི་ཤེས་རྟོགས་སྔར་ལས་ཟབ་མོ་བྱུང་སྟབས། ལོ་འདི་འགར་ཀན་ཏ་སྡེ་བའི་དགེ་རྒན་གྱི་དཔུང་སྡེ་ཇེ་བཟང་དང་སློབ་སྐྱོར་གྱི་རྣམ་པ་ཡང་ཇེ་མང་རེད། བྱིས་པའི་ལས་དབང་བསྒྱུར་པ་དང་། དབུལ་ཕོངས་ཁྱིམ་ཚང་འབྱོར་ཕྱུག་གི་ལམ་དུ་བསྐྱོད་པར་ཁག་ཐེག་བྱས་ཏེ། དབུལ་ཕོངས་ཀྱི་ནང་རྐྱེན་རྩ་བ་ནས་བསྒྱུར་བཅོས་དང་དབུལ་ཐར་གྱི་ནང་གནས་སྒུལ་ཤུགས་རྒྱ་བསྐྱེད་བཏང་།

སྡེ་བའི་ཐུན་མོང་དཔལ་འབྱོར་གྱི“ཀན་ཏའི་མ་དཔེ”འཕེལ་རྒྱས་སུ་བཏང་བ་བརྒྱུད། ཡུས་ཧྲུའུ་རྩྭ་ཐང་གི་ལྷིང་འཇགས་ཀྱི་འབྲོག་སྡེ་འདི་འབྱོར་འབྲིང་གི་ལམ་དུ་གོམ་པ་བརྟན་པོའི་ངང་མདུན་དུ་སྐྱོད་བཞིན་ཡོད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།