དཀའ་སྡུག་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་སྐྲུན།
2021.02.25 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 15

--གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་རྣམ་རྒྱལ་ཚེ་རིང་གི་གནས་ཚུལ་བཀོད་པ།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་ནི་མཚོ་སྔོན་ལྷོ་ཕྱོགས་ཀྱི་འབྲོག་ཁུལ་དང་བོད་ལྗོངས་ཀྱི་འབྲེལ་མཚམས་སུ་ཡོད་པ་དང་། རང་བྱུང་ཆ་རྐྱེན་ཞན་པ་དང་། རྨང་གཞིའི་སྒྲིག་ཆས་རྗེས་ལུས་ཡིན་པ། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆུ་ཚད་དམའ་བ། ཆ་སྙོམས་ཀྱིས་འཕེལ་རྒྱས་འགྲོ་དཀའ་བའི་རྐྱེན་གྱིས་རྙོག་འཛིང་ལྡན་པ་དང་། དབུལ་བོ་དབུལ་ནག་ཞིག་ཡིན་པ་རེད།

ཡིན་ནའང་། འདི་ལྟ་བུའི་མི་ཞིག་གིས་ཏང་འཛུགས་ཀྱིས་དབུལ་ཐར་མཁྲེགས་གཏོར་ལ་ཁྲིད་སྟོན་བྱེད་པ་དེ་དཀྱིལ་སྙིང་བྱས་ཏེ། ཐོན་ལས་དབུལ་སྐྱོར་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱེད་པ་དེ་གནད་འགག་བྱེད་པ། གྲོང་རྡལ་ཡོངས་དབུལ་ཐར་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་མངོན་འགྱུར་ཡོང་བ་དེ་དམིགས་འབེན་བྱས་ཏེ། རིག་སྨོན་གྲོང་རྡལ་གྱི་ཁྱིམ་ཚང་བཞི་བརྒྱ་དོན་དགུའི་དབུལ་ཕོངས་མི་གྲངས་སྟོང་གཅིག་དང་ལྔ་བརྒྱ་སོ་དྲུག་ཚང་མས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་ཐུབ་པ་བྱུང་ཏེ། རང་ཉིད་ཀྱི་དཀའ་སྡུག་ལས་མང་ཚོགས་ལ་བདེ་སྐྱིད་སྐྲུན།

ཁོ་ནི་གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་ཏང་ཨུ་ཧྲུའུ་ཅི་རྣམ་རྒྱལ་ཚེ་རིང་རེད།

རིག་སྨོན་གྲོང་རྡལ་ནི་ཕྱུགས་ལས་གཉེར་བའི་གྲོང་རྡལ་ཆེན་པོ་ཞིག་ཡིན་པ་དང་། རང་བྱུང་ཆ་རྐྱེན་ཞན་པ་དང་། རྨང་གཞིའི་སྒྲིག་ཆས་ཡང་མི་བཟང་ལ། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆུ་ཚད་ཀྱང་དམའ་བ་རེད། 2015ལོའི་གནད་འཁེལ་དབྱེ་འབྱེད་ཁྲོད། སྲིད་འཛིན་སྡེ་བ་དགུའི་ཁྲོད་སྡེ་བ་གསུམ་དབྱེ་འབྱེད་བྱས་ནས་དབུལ་ཕོངས་སྡེ་བར་གཏན་འཁེལ་བྱས་པ་དང་། ཁྱིམ་ཚང་སྟོང་བཞི་དང་ང་གསུམ་ཡོད་ལ། མི་གྲངས་ཁྲི་གཅིག་དང་སྟོང་གསུམ་བརྒྱད་བརྒྱ་སོ་གསུམ་ཡོད་པའི་ཁྲོད་ཁྱིམ་ཚང་བཞི་བརྒྱ་དང་བཞི་བཅུའི་མི་གྲངས་སྟོང་གཅིག་དང་ཉིས་བརྒྱ་གོ་གཅིག་ཡིག་བཙུགས་པ་དང་བྱང་བུ་བཟོས་པའི་དབུལ་ཕོངས་མི་གྲངས་རུ་གཏན་འཁེལ་བྱས་ཤིང་། དབུལ་ཕོངས་ཀྱི་ཚད་བརྒྱ་ཆའི་བཅུ་གཅིག་གྲངས་ཆུང་བཞི་ཡིན་པ་རེད།

དབུལ་ཐར་མཁྲེགས་གཏོར་བྱ་བ་སྤེལ་བ་ནས་བཟུང་། རྣམ་རྒྱལ་ཚེ་རིང་གིས་བྱ་བ་ཡོད་ཚད་དབུལ་ཕོངས་ཁྱིམ་ཚང་གི་ཁྱབ་རྒྱ་ཆེ་བ་དང་། ཞིང་ཕྱུགས་ཐོན་ལས་གྲུབ་ཚུལ་སྣ་གཅིག་རྐྱང་ཡིན་པ། ཕན་འབྲས་མཐོ་བའི་སྒོ་ནས་ཡོང་སྒོ་འཕར་སྣོན་གཏོང་བའི་དཀའ་ངལ་དང་འགྲན་རྩོད་ལ་དུས་གཅིག་ཏུ་གདོང་གཏོད་ཐུབ་ཀྱིན་མེད་པ་སོགས་དང་གཅིག་ཏུ་འབྲེལ་ཡོད་པ་རེད།

རྣམ་རྒྱལ་ཚེ་རིང་གིས་སྡེ་བའི་དོན་དུ་རོང་འབྲོག་མང་ཚོགས་ཀྱི་ཁྱིམ་དུ་སོང་ནས་འཚམས་འདྲི་བྱས་ཏེ། གྲོང་རྡལ་ཡོངས་ཀྱི་གནས་ཚུལ་དངོས་ལ་རྒྱུས་ལོན་དང་། མང་ཚོགས་ལ་དབུལ་ཐར་མཁྲེགས་གཏོར་ཐད་བསམ་ཚུལ་གང་འདྲ་ཡོད་པར་རྒྱུས་ལོན་བྱས་པ་དང་། གྲོང་རྡལ་གྱི་ཏང་སྲིད་འགོ་ཁྲིད་པས་མཉམ་དུ་གནད་འཁེལ་དབུལ་སྐྱོར་སྲིད་ཇུས་ལ་ཞིབ་འཇུག་བྱས་ཤིང་། དགོངས་དོན་གྱི་དངོས་ཡོད་གནས་ཚུལ་ལ་གོ་བ་ཟབ་མོ་བླངས་ཏེ། དབུལ་ཕོངས་སྡེ་བ་དང་། དབུལ་ཕོངས་ཁྱིམ་ཚང་གི་གཞི་རྩའི་གནས་ཚུལ་གཞིར་བཟུང་ནས། སོ་སོར་སྡེ་བ་རེ་རེར་འཚམ་པའི་དབུལ་ཐར་འཆར་གཞི་བཟོས་པ་དང་། དམིགས་གཏད་རང་བཞིན་ལྡན་པའི་སྒོ་ནས་གནད་འཁེལ་དབུལ་སྐྱོར་བྱ་བ་སྤེལ།

དབུལ་ཐར་མཁྲེགས་གཏོར་བྱ་བ་ནི་དཀའ་ཚེགས་ཆེ་བའི་དམག་འཐབ་ཅིག་ཡིན་པ་དང་། དམག་འཐབ་དེའི་ཁྲོད་དུ་རྣམ་རྒྱལ་ཚེ་རིང་གིས་རང་ཉིད་ཀྱིས་གཞི་རིམ་དུ་བྱ་བ་སྒྲུབ་པའི་ཉམས་མྱོང་ཕུན་སུམ་ཚོགས་པ་དང་། འགོ་ཁྲིད་པས་མཐུན་སྒྲིལ་གཅིག་གྱུར་བྱས་པར་བརྟེན། ས་གནས་རང་གི་གནས་ཚུལ་དང་བསྟུན་ནས་དབུལ་སྐྱོར་ཐོན་ལས་གསོ་སྐྱོང་བྱེད་པ་དང་། སྡེ་བ་ནས་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། དཔེ་མཚོན་ཅན་གྱི་ཁྲིད་སྟོན་གྱིས་ཐུན་མོང་གི་དཔལ་འབྱོར་སྟོབས་ཆེར་གཏོང་བའི་དབུལ་སྐྱོར་བསམ་ཕྱོགས་གཏན་འཁེལ་བྱས་པ་དང་། ཏང་ཡོན་མང་ཚོགས་ཀྱིས་སྣེ་ཁྲིད་དེ་ཏང་འཛུགས་སྐྲུན་གྱིས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་དང་། ཐོན་ལས་དར་རྒྱས་ཀྱིས་དམངས་སེམས་གཅིག་བསྡུས་བྱེད་པའི་ཐོན་ལས་དབུལ་སྐྱོར་གྱི་ལམ་བུ་གསར་བར་བསྐྱོད་རྒྱུའི་ཐག་བཅད།

གུང་ཧོ་རྫོང་ཏང་ཨུ་དང་། རྫོང་སྲིད་གཞུང་ལ་ཡར་ཞུ་བྱས་པ་དང་། ཐེངས་མང་པོར་མཚོ་སྔོན་པོ་ཡུལ་ལྗོངས་ཁུལ་གྱི་དོ་དམ་ཅུའུ་སོགས་འབྲེལ་ཡོད་སྡེ་ཁག་དང་མཐུན་སྦྱོར་བྱས་ཏེ། ཞིང་ཆེན་རིམ་པའི་ཞིང་སྡེའི་གནས་སྐོར་དབུལ་སྐྱོར་དང་། མི་རིགས་ས་ཁུལ་འཕེལ་རྒྱས་ཀྱི་ལས་གཞི་བརྩོན་ལེན་བྱེད་པ་སོགས་ཀྱི་བྱ་བའི་ཐད་ནས་རྣམ་རྒྱལ་ཚེ་རིང་གིས་གོམ་མཚམས་གཏན་ནས་བཞག་མ་མྱོང་། ད་ལྟ། ཁོས་ཧུར་བརྩོན་གྱིས་མཐུན་སྦྱོར་དང་། གཞི་རིམ་དུ་ཐེངས་མང་པོར་བསྐྱོད་པ་བརྒྱུད། སྡོང་ངོས་སྡེ་བའི་ས་ཞིང་ལ་ཞིབ་བཤེར་ཆོག་མཆན་འགོད་པ་དང་། འཆར་འགོད་འཛུགས་སྐྲུན། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་འགྲོ་ལུགས་མྱུར་མོར་སྒྲུབ་བཞིན་ཡོད་པ་དང་། མ་དངུལ་སྒོར་མོ་བྱེ་བ་གཅིག་དང་ས་ཡ་ལྔ་ལྷག་བཏང་སྟེ། འཛུགས་སྐྲུན་རྒྱ་ཁྱོན་ལ་མུས་གྲུ་བཞི་མ་སྟོང་བཞི་དང་ཉིས་བརྒྱ་དོན་གཉིས་ཡོད་པའི་སྡོང་ངོས་སྡེ་བའི་དབུལ་སྐྱོར་ཐོན་ལས་ཐོག་ཁང་ལས་པ་དང་། 2020ལོའི་ཟླ4བར་ཕྱི་ཕྱོགས་སུ་འགན་གཙང་ལེན་བྱེད་པའི་གན་རྒྱའི་གྲོས་མཐུན་བཀོད་པ་དང་། ལོ་རེར་ཡོང་སྒོ་སྒོར་མོ་འབུམ་བདུན་དང་ཁྲི་ལྔ་ཡོད་པ་རེད།

སྒོར་མོས་རོགས་སྐྱོར་བྱེད་པ་ལས་སྒོར་མོ་བཙལ་བའི་ཐབས་བསླབ་ན་ལེགས། རྣམ་རྒྱལ་ཚེ་རིང་གིས་དབུལ་སྐྱོར་འཛིན་ན་སྒོར་མོ་སྟེར་བའི་བསམ་ཕྱོགས་དེར་འགྱུར་བ་བཏང་སྟེ། དབུལ་ཕོངས་སུ་གྱུར་བའི་རྩ་བར་དམིགས་ཏེ། དབུལ་ཕོངས་ཀྱི་འབྱུང་ཁུངས་ནས་དབུལ་བོ་ཐར་བར་མཐོང་ཆེན་བྱས་ནས། “ཟུངས་ཁྲག་སྐྲུན”པ་དང་། “གསར་སྤེལ་རྣམ་པའི”དབུལ་སྐྱོར་གྱི་ལམ་དུ་བགྲོད་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་དང་དམ་པོར་འབྲེལ་ཏེ། ཁུལ་དང་རྫོང་གི་ཞིང་ཕྱུགས་སྡེ་ཁག་ནས་ཧུར་ཐག་གིས་ལས་གཞིའི་མ་དངུལ་སྒོར་མོ་བྱེ་བ་གཅིག་དང་ས་ཡ་བདུན་འབུམ་ལྔ་ཁྲི་གཉིས་ལྷག་བརྩོན་ལེན་བྱས་ཏེ། འབྲོག་ལུག་ཐོན་ལས་གྱི་ཁྱད་སྟོབས་ལ་བརྟེན་ནས་ཕན་འབྲས་མཐོ་བའི་གསོ་སྤེལ་ཚན་རིག་ཞིབ་འཇུག་ཚོད་ལྟའི་རྟེན་གཞི་བསྐྲུན་པ་དང་། ཚད་གཞི་ཅན་དང་གཞི་ཁྱོན་ཅན་གྱི་གསོ་སྤེལ་ར་བ་དང་། འགྲེམ་སྟོན་ཁང་། སྐྱེ་ལྡན་ལུད་རྫས་ལས་སྣོན་བྱེད་ས། འབྲོག་ལུག་གི་ཤ་ཐོག་མར་ལས་སྣོན་བྱེད་ས། གསོན་ཕྱུག་བརྗེ་རེས་ཁྲོམ་ར་སོགས་འཛུགས་སྐྲུན་བྱས་ཡོད་ལ། བོད་ལུག་ནང་འདྲེན་དང་། ཕྱུགས་རྒྱུད་བསྒྱུར་བར་ཤུགས་སྣོན་པ། གསོ་སྤེལ་རྣམ་པ་ཧུར་ཐག་གིས་བསྒྱུར་ནས། ཕན་འབྲས་མཐོ་བའི་གསོ་སྤེལ་མངོན་འགྱུར་བྱུང་བ་དང་། ལོ་རེར་ཚོད་དཔག་བྱས་ན་ཕྱུགས་ཟོག་སྟོང་བཞི་དང་བཞི་བརྒྱ་གསོ་ཁ་ནས་འབུད་བཞིན་ཡོད་པ་དང་། ཡོང་སྒོ་སྒོར་མོ་ས་ཡ་དྲུག་དང་འབུམ་ལྔར་སླེབས་ཅིང་། གཞི་རྩའི་སྟེང་ནས་ཡུན་རིང་གི་འཚོ་ཐབས་དང་རྒྱུན་མཐུད་འཕེལ་རྒྱས་ཐག་གཅོད་བྱེད་ཐུབ་པ་བྱུང་ཡོད།

རྣམ་རྒྱལ་ཚེ་རིང་གིས་ཚད་ཡོད་པའི་མ་དངུལ་རྣམས་གྲོང་རྡལ་ཡོངས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཁྲོད་བཏང་བ་དང་། དམངས་ཚིས་སྒྲིག་ཆས་སྐོར་ཞིག་སྔ་གཞུག་ཏུ་བཀོལ་སྤྱོད་བྱས་པས། མང་ཚོགས་ཕྱི་ལ་འགྲོ་བ་དང་སྨན་པར་སྟོན་པའི་གནད་དོན་སོགས་ལ་ལེགས་བཅོས་ཆེན་པོ་བྱུང་བ་དང་། མང་ཚོགས་ཀྱི་རེ་བ་གསར་བ་བསྐངས། ད་ལྟ། ང་ཚོ་རིག་སྨོན་གྲོང་རྡལ་དུ་ཐོན་སྐབས། ཐོག་ཁང་མང་པོ་བརྩིགས་ཡོད་པ་དང་། བྱེད་ནུས་མང་པོ་ལྡན་པའི་གཅིག་འདུས་ཉོ་ཚོང་ཁྲོམ་ར། གློག་སྒྲོན། གཞུང་ལམ། བྲེལ་འཚུབ་ཆེ་བའི་ཐོན་ལས་ར་བ། དབུལ་ཐར་གཏམ་རྒྱུད་རེ་རེར་ངོ་མཚར་བའི་ཁ་དོག་སྣ་ཚོགས་ཀྱིས་ཕྱུག་ཡོད་པས། རྩྭ་ཐང་འཕེལ་རྒྱས་ཀྱི་གསོན་ཤུགས་གསར་བ་དང་། སྒུལ་ཤུགས་གསར་བ་རྒྱུན་ཆད་མེད་པར་གྲགས་ཡོང་།

རོང་འབྲོག་མང་ཚོགས་ཀྱི་འགྲོ་འདུག་དང་། ཆུ་བཀོལ་བ། གློག་བཀོལ་བ་སོགས་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལ་དངོས་གནས་ལེགས་བཅོས་ཐོབ་པ་དང་། ཕྱི་རུ་སོང་ནས་དོན་དག་སྒྲུབ་ན་སྔར་ལས་སྟབས་བདེ་དང་། འཚོ་བ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གྱུར། གོང་འོག་མཉམ་སྦྲེལ་བྱེད་པ་དང་། ཧུར་ཐག་འབད་ཐག་བྱས་པ་བརྒྱུད་དེ། རིག་སྨོན་གྲོང་རྡལ་གྱི་དབུལ་ཕོངས་སྡེ་བ་གསུམ་དུས་ལྟར་དབུལ་ཕོངས་ལས་ཐར་ཐུབ་པ་བྱུང་བ་དང་། ཁྱིམ་ཚང་བཞི་བརྒྱ་དང་དོན་དགུའི་མི་སྟོང་གཅིག་དང་ལྔ་བརྒྱ་སོ་དྲུག་གི་དབུལ་ཕོངས་མང་ཚོགས་ཀྱིས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་ཐུབ་པ་བྱུང་ལ། དབུལ་ཕོངས་ཀྱི་ཚད་དེ་བརྒྱ་ཆའི་བཅུ་གཅིག་གྲངས་ཆུང་བཞི་ནས་བརྒྱ་ཆའི་ཐིག་ལ་མར་བབ་པར་མ་ཟད། སྡེ་བ་རིམ་པའི་ཆེད་ལས་མཉམ་ལས་ཁང་དང་། འབྲོག་ལུག་ཕན་མཐོའི་གསོ་སྤེལ་རྟེན་གཞི། གནས་སྐོར་དབུལ་སྐྱོར་ཐོན་ལས་སྐོར་ཞིག་སྐྲུན།

གལ་ཏེ་རིག་སྨོན་གྲོང་རྡལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བ་ནི་མེ་འཁོར་ཞིག་ཡིན་པའི་དབང་དུ་བཏང་ན། རྣམ་རྒྱལ་ཚེ་རིང་ནི་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གི་ཏང་འཛུགས་བྱ་བའི“མེ་འཁོར་གྱི་མགོ”ལྟ་བུ་ཡིན་པ་དང་། ཐོན་ལས་དབུལ་སྐྱོར་ནི“སྒུལ་ཤུགས་ཟུང་”ལྟ་བུ་ཡིན་ལ། ལས་རིགས་དབུལ་སྐྱོར་ནི“འཁོར་ལོ”ལྟ་བུ་ཡིན་པ་རེད། ད་སྐབས། མེ་འཁོར་འདི་ཡིས་ཁྱིམ་ཚང་བཞི་བརྒྱ་དོན་དགུའི་མི་སྟོང་གཅིག་དང་ལྔ་བརྒྱ་སོ་དྲུག་གི་དབུལ་སྐྱོར་མཁྲེགས་གཏོར་གྱི་རྨི་ལམ་རུམ་ཏེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་བགྲོད་ལམ་སྟེང་དུ་བང་གིས་བརྒྱུགས་ནས། ས་ཁོངས་གཅིག་ཁྱོན་ཡོངས་ནས་འཕེལ་རྒྱས་གཏོང་བར་སྣེ་ཁྲིད་བྱས།

ལོ་ཙཱ། ཚེ་རིང་སྒྲོལ་མ།