མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཞིང་སྡེ་དར་སྤེལ་གཏོང་བའི་ལམ་བུར་བསྐྱོད་དགོས།
2021.02.25 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 8

 --ཞིང་ཆེན་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།

མཚོ་སྔོན་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་པས་སྤེལ་བའི་དཔྱད་བརྗོད།

ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་མངོན་འགྱུར་མ་བྱས་ཚེ། རྒྱལ་ཁབ་དེང་རབས་ཅན་དུ་མངོན་འགྱུར་བྱེད་མི་ཐུབ་ལ། ཞིང་སྡེ་དར་སྤེལ་གཏོང་མ་ཐུབ་ན། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་མི་ཐུབ། ཞིང་སྡེ་དར་སྤེལ་གཏོང་བའི་འཐབ་ཇུས་ཀྱི་དོན་ཆེན་འདི་ལེགས་པོ་བསྒྲུབ་དགོས་ན། ངེས་པར་དུ་གྲོང་ཁྱེར་དང་ཞིང་སྡེ་ མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དགོས། མཚོ་སྔོན་ཞིང་ཆེན་གྱིས“ཞིང་སྡེ་དར་སྤེལ་གཏོང་བའི་འཐབ་ཇུས་ཤུགས་ཆེན་པོས་ལག་བསྟར་བྱེད་རྒྱུ་”དེ2021ལོའི་གཙོ་གནད་ལས་དོན་གྱི་གྲས་ཤིག་ཏུ་བརྩིས་ནས་ང་ཚོས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུར་དམིགས་ཏེ་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཞིང་སྡེ་དར་སྤེལ་གཏོང་བའི་ལམ་བུའི་ཐོག་བསྐྱོད་དགོས།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ཏེ། ཞིང་སྡེ་དར་སྤེལ་ཀྱི་འགོ་ཡག་པོ་ཞིག་བཙུགས་ནས་ཞིང་ཆེན་ཡོངས་ཀྱི“ཞིང་གསུམ”ལས་དོན་ལ་གྲུབ་འབྲས་ཡག་པོ་ཐོབ་ཡོད། འཕེལ་རྒྱས་ཀྱི་དུས་རིམ་གསར་པའི་ནང་ཞིང་སྡེ་དར་སྤེལ་ཡོང་བར་ཁྱོན་ཡོངས་ནས་སྐུལ་འདེད་དང་། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་འགྱུར་ཚད་ཇེ་མགྱོགས་སུ་གཏོང་རྒྱུ་ནི་ཚད་མཐོའི་མཐོང་ཆེན་བྱ་དགོས་པའི་གནད་དོན་ཞིག་རེད། ང་ཚོས་ངེས་པར་དུ་ཞིང་སྡེ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་བཏང་སྟེ་“ཞིང་གསུམ་” གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་ཞིང་ལས་སྤུས་ཚད་མཐོ་ཞིང་ཕན་འབྲས་ཆེ་བ་དང་། ཞིང་སྡེའི་འཚོ་སྡོད་ལ་འཚམ་པ་དང་ལས་ཀར་འཚམ་པ། ཞིང་པ་འབྱོར་ཕྱུག་ལྡན་པ་བཅས་ཡོང་བར་སྐུལ་འདེད་གཏོང་དགོས།

དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ཐོབ་རྗེས་ཞིང་སྡེ་དར་སྤེལ་གཏོང་བར་ཁྱོན་ཡོངས་ནས་སྐུལ་འདེད་བྱ་དགོས།  དེ་ནི“ཞིང་གསུམ”ལས་དོན་གྱི་གཙོ་གནད་ཀྱི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཞིག་རེད། ང་ཚོས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ཁུངས་ལ་གཞི་ཚུགས་པ་དང་། ཞིང་སྡེའི་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་རྒྱུ་དེ་ཞིང་སྡེ་དར་སྤེལ་གཏོང་རྒྱུ་དང་འབྲེལ་མཐུད་ནུས་ལྡན་ཡོང་བར་འབད་བརྩོན་བྱེད་པ་དང་། དབུལ་ཐར་རྫོང་དེ་ཞིང་སྡེ་དར་སྤེལ་གཏོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་བྱེད་པའི་རྒྱབ་སྐྱོར་གྱི་གཙོ་གནད་དུ་བརྩིས་ནས།  མི་འདོར་བ་བཞི་ཡི་བླང་བྱ་དངོས་འབེབས་ནན་མོ་བྱེད་པ་དང་།   སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། དབུལ་ཐར་ས་ཁུལ་གྱི་ཐོན་ལས་འཕེལ་རྒྱས་སྟོབས་ཆེར་གཏོང་བ། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བ། ཐོན་ལས་ཀྱི་སྤུས་རྟགས་གཏོད་པ་བཅས་བྱས་ཏེ་ཞིང་སྡེ་དར་སྤེལ་དང་རྒྱུན་མཐུད་ངང་དབུལ་ཐར་ས་ཁུལ་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་དགོས། གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་ལ་ཤུགས་སྣོན་བརྒྱབ་སྟེ་ཐབས་ལམ་མང་པོར་བརྟེན་ནས་ལས་ཞུགས་ལ་སྐུལ་མ་གཏོང་བ་དང་། མ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་དོ་དམ་ལ་དམ་འཛིན་ཡག་པོ་བཅས་བྱས་ནས་རོང་འབྲོག་མང་ཚོགས་ལ་ཐོན་ལས་ཀྱི་རིན་ཐང་འཕར་བའི་ཕན་པ་དེ་བས་མང་བ་ལོངས་སུ་སྤྱོད་ཐུབ་པ་བྱ་དགོས།

ཞིང་ལས་ནི་རྒྱལ་ཁབ་ཅིག་དང་ས་ཁུལ་ཞིག་འཕེལ་རྒྱས་དང་སྟོབས་ལྡན་དུ་འགྱུར་བའི་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཞིག་ཡིན་པས། ང་ཚོས་ཞིང་ཆེན་གྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་འབྲུ་རིགས་ས་གནས་སུ་གསོག་པ་དང་། འབྲུ་རིགས་ལག་རྩལ་ལ་བརྟེན་པའི་འཐབ་ཇུས་གཏིང་ཟབ་ཏུ་ལག་བསྟར་བྱེད་དགོས་ཤིང་་། རྨོ་ཞིང་སྲུང་སྐྱོབ་ཀྱི་དམར་ཐིག་ནན་སྲུང་བྱས་ནས་འབྲུ་རིགས་ཐོན་སྐྱེད་དང་མཁོ་སྤྲོད་བརྟན་པོ་ཡོང་བར་འགན་ལེན་ཡག་པོ་བྱ་དགོས། ཞིང་ཕྱུགས་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་སྐུལ་འདེད་བཏང་ནས་མཐོ་སྒང་གི་ཁྱད་ལྡན་སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོབ་དང་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཕྱུགས་རྒྱུད་གསོ་སྤེལ་གྱི་ཁྱད་སྟོབས་རྒྱ་སྐྱེད་པ།  རྒྱུད་བཟང་གསོ་སྐྱོང་བྱ་རྒྱུ་དམ་འཛིན་ཡག་པོ་བྱེད་པ། སོན་བཟང་དང་། ཐབས་ལམ། རྩལ་ནུས་བཅས་ཆ་ཚང་པོ་ཡོང་བར་ཤུགས་སྣོན་བྱ་དགོས། ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་འཛུགས་པར་སྐུལ་འདེད་དང་། རྫས་ལུད་དང་ཞིང་སྨན་ཉུང་གཏོང་དང་ཕན་འབྲས་ཆེར་གཏོང་གི་བྱ་སྤྱོད་དེ་གྲངས་ཀར་མཐོང་ཆེན་བྱེད་པ་ནས་སྤུས་ཚད་དོན་གཉེར་བྱེད་པའི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་གཏོང་བ་དང་། ཞིང་ཕྱུགས་ཐོན་རྫས་ཁུངས་འདེད་ཆོག་པའི་མ་ལག་མགྱོགས་མྱུར་ངང་བསྐྲུན་པ། སྣེ་འདྲེན་ཁེ་ལས་ནང་འདྲེན་དང་སྐྱེད་སྲིང་བྱ་རྒྱུར་མཐོང་ཆེན་བྱེད་པ།  གསོ་ཚགས་དང་འདེབས་འཛུགས་སོགས་བརྒྱུད་རིམ་ཧྲིལ་པོར་ཁེབས་པའི་ཐོན་ལས་མ་ལག་འཐུས་ཚང་དུ་གཏོང་བ། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་ཁྲོམ་རའི་འགྲན་རྩོད་ནུས་པ་ཇེ་དྲག་ཏུ་གཏོང་བ།“མཚོ་སྔོན་གྱི་ཚོང་རྟགས་ཅན”གྱི་མིང་བྱང་བཏོད་དེ། སྤུས་རྟགས་ཅན་གྱི་ལམ་བུའི་ཐོག་བསྐྱོད་དགོས།

ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་གཙོ་གནད་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། དེང་རབས་ཀྱི་ཞིང་ལས་ཐོན་ལས་མ་ལག་དང་། ཐོན་སྐྱེད་མ་ལག  བདག་གཉེར་མ་ལག་བཅས་གང་མགྱོགས་ངང་འཛུགས་དགོས། ཞིང་ལས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཞིང་སྡེའི་ཐོན་ལས་འཕེལ་རྒྱས་ཀྱི་བཀོད་པ་ཇེ་ལེགས་སུ་གཏོང་བ། དེང་རབས་ཀྱི་ཞིང་ལས་ཐོན་ལས་མ་ལག་འཛུགས་པ། ཞིང་ལས་ཚན་རྩལ་གསར་གཏོད་དང་ཁྱབ་གདལ་ལ་ཤུགས་སྣོན་རྒྱག་པ། ཞིང་ལས་ཐོན་རྫས་གལ་ཆེན་གྱི་འགན་སྲུང་འཐབ་ཇུས་དོན་འཁྱོལ་བཅས་བྱ་དགོས། རྣམ་པ་མང་ཞིང་གཞི་ཁྱོན་འོས་འཚམ་ལྡན་པའི་བདག་གཉེར་འཕེལ་རྒྱས་སུ་གཏོང་བ་དང་། ཁང་ས་“དབང་གསུམ་ཁག་བགོས”མངོན་འགྱུར་བྱེད་སྟངས་འཚོལ་ཞིབ་བྱས་ཏེ། གྲོང་ཁྱེར་དུ་གཞིས་ཆགས་པའི་ཞིང་པའི་ས་ཞིང་འགན་གཙང་ལེན་གྱི་དབང་ཆ་དང་། ཁང་ས་བཀོལ་སྤྱོད་བྱེད་པའི་དབང་ཆ།  ཐུན་མོང་གི་ཁེ་ཕན་བགོ་བཤའ་རྒྱག་པའི་དབང་ཆ་བཅས་འགན་སྲུང་དང་།  ཞིང་སྡེའི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་དང་ཞིང་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོབ་བྱེད་པའི་ལམ་ལུགས་སྲ་བརྟན་དང་འཐུས་ཚང་དུ་གཏོང་བ། ཞིང་སྡེའི་ཐུན་མོང་གི་རྒྱུ་ནོར་བདག་དབང་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ།  ཞིང་སྡེའི་དངུལ་རྩའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། ཁྱབ་ཁོངས་ཁག་གི་བཅོས་སྒྱུར་ལ་གཅིག་གྱུར་གྱིས་འཆར་འགོད་དང་སྐུལ་སྤེལ་བཅས་བྱས་ཏེ་ཞིང་སྡེའི་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོའི་གསོན་ཤུགས་དང་སྦས་ཤུགས་སྔར་ལས་ལྷག་པར་འདོན་སྤེལ་བྱ་དགོས།

མཚོ་སྔོན་སྟོབས་ཆེར་གཏོང་དགོས་ན་ངེས་པར་དུ་ཞིང་ལས་སྟོབས་ཆེར་གཏོང་དགོས། མཚོ་སྔོན་མཛེས་སྡུག་ལྡན་དགོས་ཚེ་ངེས་པར་དུ་ཞིང་སྡེ་མཛེས་སྡུག་ལྡན་པ་ཞིག་ཡོང་བ་བྱེད་དགོས། མཚོ་སྔོན་ཕྱུག་པོར་འགྱུར་དགོས་ན་ངེས་པར་དུ་ཞིང་པ་ཕྱུག་པོར་འགྱུར་དགོས། ཞིང་སྡེ་དར་སྤེལ་གཏོང་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི“ཀྲུང་གོའི་ཕུགས་འདུན”མངོན་འགྱུར་བྱེད་པའི་ལས་འགན་གལ་ཆེན་ཞིག་ཡིན་པས། ང་ཚོས་གཙོ་གནད་དམ་འཛིན་དང་། ཞན་ཆ་གསབ་པ། རྨང་གཞི་ཇེ་བརྟན་དུ་གཏོང་བ་བཅས་བྱས་ནས་ཞིང་སྡེ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་བཏང་སྟེ་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཞིང་སྡེ་དར་སྤེལ་གྱི་ལམ་བུ་བསྐྲུན་དགོས།

ལོ་ཙཱ། སྒྲོལ་མ་སྐྱིད།