གྲོས་གཞི་ཡག་པོ་རིན་ཆེན་གསེར་ལས་ལྷག
2021.02.28 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 24

ཉེ་ལམ།རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རོང་བོ་རིན་ཆེན་ཞིང་ཞོར་ཐོན་རྫས་ཚད་ཡོད་ཀུང་སིའི་འགན་འཁུར་བ་བཀྲ་ཤིས་ངག་དབང་ཕྱུག་སོགས་ཀྱིས་དུས་ཡུན་ཉིན་བཅུ་གཅིག་རིང་གི་ཅང་སུའུ་དང་ནན་ཅིན། ཨན་ཧོས། ཧོ་ཧྥེ་བཅས་ཀྱི་གནས་སྐོར་བྱ་བ་མཇུག་སྒྲིལ་ནས་ཕྱིར་གནའ་མཁར་རེབ་གོང་དུ་ལོག    ཐེངས་འདིའི་གནས་སྐོར་ཁྲོད་བཀྲ་ཤིས་དབང་ཕྱུག་སོགས་ཀྱིས་ཅང་སུའུ་ཀོང་ཧོ་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིས་རེབ་གོང་སིལ་ཁུ་སྒམ་7000ལྷག་ཙམ་མངགས་ཉོ་བྱེད་པའི་རྩིས་ཐོ་འཁྱེར་ཡོང་ཡོད་པ་རེད། དེ་ནི་རེབ་གོང་སིལ་ཁུ་ཐོག་མར་ཁྲོམ་རར་བསྐྱོད་པའི་ཚུན་ལ་ཞིང་ཆེན་ཕྱིའི་མངགས་ཐོ་བཀོད་ཐེངས་གཉིས་པ་རེད།ཐེངས་འདིར་ས་གནས་ཀྱི་ཐོན་རྫས་དེ་ཕྱོགས་ཡོངས་ནས་འོས་སྦྱོར་བྱས་པ་བརྒྱུད། རེབ་གོང་སིལ་ཁུ་དེ་རེབ་གོང་ས་ཆ་ཁོ་ནར་ཡོད་ཅིང་ཁེ་ལས་ཀྱི་ངོ་བོ་དམིགས་བསལ་ཡིན་པ་དང་དབུལ་སྐྱོར་སྐུལ་ཁྲིད་བྱེད་ཤུགས་ཆེ་བ་བཅས་ཀྱི་སྟེང་ནས་ཀུན་གྱིས་དོ་ཁུར་ཆེན་པོ་བྱས། དེ་དང་ཆབས་ཅིག་ཆེད་མཁས་པ་དང་ཁེ་ལས་མང་པོ་ཞིག་གི་འཐུས་མིས་ས་གནས་ཀྱི་ཐོན་རྫས་དེའི་སྤུས་ཚད་དང་ཐུམ་སྒྲིལ་བྱེད་སྟངས་སོགས་ཀྱི་ཐད་ལ་གྲོས་གཞི་དང་ཐབས་ཤེས་ཡག་པོ་བཏོན་པར་མ་ཟད། ཁེ་ལས་ཀྱི་འཐུས་མི་མང་པོ་ཞིག་དངོས་སུ་རེབ་གོང་ས་ཆར་ཡོང་ནས། ས་གནས་ཀྱི་ཐོན་རྫས་དེ་ལ་རྒྱུས་ལོན་བྱེད་པ་དང་ཞོར་དུ་ཉོ་འཚོང་མཉམ་ལས་བྱེད་འདོད་ཡོད་པ་རེད་ཅེས་བཀྲ་ཤིས་དབང་ཕྱུག་དགའ་སྤྲོ་དང་བཅས་གསར་འགོད་པར་བཤད། ཐེངས་འདིར་ཅང་སུའུ་དང་ཨན་ཧོས་སོགས་ས་གནས་ཁག་ཅིག་ཏུ་རེབ་གོང་ས་ཁུལ་གྱི་ཁྱད་ཐོན་ཐོན་རྫས་འགྲེམ་སྟོན་བྱས་པའི་གནས་ཚུལ་སྐོར་གླེང་དུས་བཀྲ་ཤིས་དབང་ཕྱུགས་ཀྱི་སེམས་སུ་བློ་སྐྱེད་ཆེན་པོ་བྱུང་བའི་ཉམས་སྣང་གྱིས་ཁེངས་འདུག

ཀུང་སིའི་སྐབས་གསར་པའི་འགན་འཁུར་བར་གྱུར་མ་ཐག་པའི་བཀྲ་ཤིས་དབང་ཕྱུག་དང་ཀུང་སིའི་ལས་འཛིན་པ་ཚོས་ཐུན་རིན་གྲོང་ཁྱེར་གྱི་ཞིང་ཕྱུགས་ཅུའུ་དང་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། དབུལ་སྐྱོར་ཅུའུ་སོགས་ལས་ཁུངས་ཀྱི་ཆེད་ལས་མི་སྣ་གདན་དྲངས་ཏེ་བཞུགས་མོལ་ཚོགས་འདུ་ཐེངས་མང་རྩ་འཛུགས་བྱས་ནས་ཀུང་སིའི་འབྱུང་འགྱུར་འཕེལ་རྒྱས་ཀྱི་ཆེད་དུ་ཐབས་འདོན་ཇུས་འབུལ་བྱེད་དུ་བཅུག ཚོགས་འདུ་དེ་དག་གི་སྟེང་དུ་གྲོས་བསྡུར་ཞིབ་མོ་བྱས་རྗེས་སུ་ཁོ་ཚོས་རྨ་ལྷོ་ནས་ཐོན་ཏེ་མཚོ་སྔོན་བརྒལ་ནས་རྒྱལ་ཡོངས་སུ་བསྐྱོད་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་རྙེད་ཅིང་། དེ་དང་མཉམ་དུ་ཐེན་ཅིན་གྲོང་ཁྱེར་གྱི་རོགས་སྐྱོར་གསར་སྐྲུན་ཐོན་ཁུངས་ལ་བརྟེན་ནས་ཐེན་ཅིན་གྱི་ཚོང་ར་བརྒལ་གཏོར་བྱེད་སར་བྱས་ཏེ་ས་གནས་ཀྱི་ཐོན་རྫས་དེ་རྒྱལ་ཡོངས་ཀྱི་ཚོང་རར་ཁ་ཕྱོགས་མགོ་བརྩམས།  ཁོ་ཚོའི་ཐོན་རྫས་དེ་རིམ་བཞིན་དུ་ཐེན་ཅིན་དང་སི་ཁྲོན།ཁྲུང་ཆིན།ཨན་ཧོས།ཅང་སུའུ་སོགས་སུ་འགྲེམས་སྟོན་བྱས་པར་ས་གནས་དེ་དག་གི་འཛད་སྤྱོད་པས་དོ་ཁུར་ཆེན་པོ་བྱས། ཀུང་སིའི་འགན་འཁུར་བ་བཀྲ་ཤིས་དབང་ཕྱུག་ལ་མཚོན་ན་ཡང་སྔ་རྗེས་སུ་ཧྥུའུ་ཅན་དང་ཞ་མིན། ཧྲན་ཞི། ཨན་ཧོས་སོགས་སུ་སོང་ནས་གསོ་སྦྱོང་འཛིན་གྲྭར་ཞུགས་པ་དང་།དགེ་རྒན་དང་སློབ་གྲོགས་བར་གྱི་བརྗེ་རེས་སྣ་ཚོགས་ཁྲོད་ཁེ་ལས་དོ་དམ་གྱི་ཤེས་བྱ་གསར་པ་སྦྱངས་པ་རེད། ཉེ་ལམ། རེབ་གོང་སིལ་ཁུ་དྲུད་པའི་སྐྱེལ་འདྲེན་རླངས་འཁོར་གསུམ་གནའ་གྲོང་རེབ་གོང་ནས་ལམ་དུ་ཆས་ཏེ་ལེ་དབར་སྟོང་ཕྲག་གི་སར་ཡོད་པའི་ཐེན་ཅིན་གྱི་ཕྱོགས་སུ་ཆས། དེ་ནི་ཐེངས་དང་པོར་སྒོར་ཁྲི་དྲུག་ལྷག་གི་རིན་གོང་ཡོད་པའི་ས་གནས་ཐོན་རྫས་དེ་ཞིང་ཆེན་ཕྱི་ཡི་ཚོང་རར་སྐྱེལ་འདྲེན་བྱེད་པའི་རྣམ་པ་རེད།སྐྱེལ་འདྲེན་བྱེད་པའི་ཉིན་དེའི་གནས་ཚུལ་ལ་ཕྱིར་དྲན་བྱེད་སྐབས་བཀྲ་ཤིས་དབང་ཕྱུག་གི་སེམས་སུ་སྤྲོ་སྣང་ཆེན་པོ་རྒྱས་འདུག

རིན་ཆེན་ཞིང་ཞོར་ཐོན་རྫས་ཚད་ཡོད་ཀུང་སི་ནི་ཐུན་རིན་གྲོང་ཁྱེར་གྱི་ཁྱིམ་ཚང་ཉིས་བརྒྱ་ཉེར་བདུན་མ་རྐང་གི་ནང་དུ་ཞུགས་ཡོད་པ་དང་།སྲིད་གཞུང་གིས་ཆ་སྒྲིག་དབུལ་སྐྱོར་མ་དངུལ་བཀོད་སྒྲིག་བྱས་ནས་བཙུགས་པའི་སྡེ་བའི་ཐུན་མོང་དཔལ་འབྱོར་གོང་དུ་སྤེལ་བའི་ཁེ་ལས་ཤིག་རེད། ཀུང་སི་དེས་སྔོན་ཐོན་གྱི་སྒྲིག་ཆས་དང་ལག་རྩལ་ལ་བརྟེན་ནས་རེབ་གོང་གི་ཤིང་འབྲས་སེར་བོ་ལས་སྣོན་བྱེད་ཀྱིན་ཡོད་པས། ས་གནས་ཀྱི་ཤིང་འབྲས་དེ་སྡེ་མི་རྣམས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པའི་གསེར་གྱི་ལྗོན་བཟང་ལྟ་བུར་གྱུར་ཡོད་པ་རེད།

2015ལོ་ནས་2017ལོའི་བར་ང་ཚོས་དངུལ་བུན་འཇལ་བཞིན་ཡོད་པ་དང་ཀུང་སིའི་ཡོང་འབབ་ཀྱིས་རྒྱུན་གཏན་གྱིའགྲོ་སྒོ་རྒྱུན་འཁྱོངས་བྱས་ཡོད་མོད་ད་ལྟའི་བར་འཕེལ་རྒྱས་ཆེན་པོ་བྱུང་མེད།2017ལོའི་རྗེས་སུ་ཀུང་སིའི་གནས་བབ་ཅུང་ཇེ་ལེགས་སུ་ཕྱིན་ཡོད་མོད།ཡིན་ན་ཡང་ཁུལ་ནང་ཁུལ་གྱི་ས་གནས་དག་ཏུ་མ་གཏོགས་ང་ཚོའི་ཐོན་རྫས་དེ་ཕྱི་ཕྱོགས་སུ་གཏན་ནས་བསྐྱོད་ཐུབ་མེད། ངའི་བསམ་པར་དེ་ནི་ང་ཚོའི་བསམ་བློ་བག་ཁུམ་དྲགས་པ་དང་འདུ་ཤེས་རྗེས་ལུས་ཡིན་པ།རང་ལ་བཏོན་པའི་བླང་བྱ་དམའ་བ།དོ་དམ་མི་ཤེས་པ་བཅས་ལས་བྱུང་བ་ཞིག་རེད་འདོད་ཀྱི་ཡོད་ཅེས་བཀྲ་ཤིས་དབང་ཕྱུག་གིས་བཤད། 2019ལོའི་ལོ་མཇུག་ཏུ་སྡེ་བའི་ནང་དུ་ཀུང་སིའི་བྱ་གཞག་སྔར་ལས་འཕེལ་རྒྱས་སུ་གཏང་རྒྱུར་གཞིགས་ནས། བསམ་ཕོད་པ་དང་སྒྲུབ་ཕོད་པའི་ན་གཞོན་རེ་གཉིས་བདམས་ནས་ཀུང་སིར་དོ་དམ་བྱེད་དུ་བཅུག བཀྲ་ཤིས་དབང་ཕྱུག་ནི་ན་གཞོན་དེ་དག་གི་ཁྲོད་ཀྱི་གཅིག་རེད། བཀྲ་ཤིས་དབང་ཕྱུག་གིས་སྤོབས་སེམས་ཆེན་པོས་བཤད་རྒྱུར། ད་ལྟ་མ་རྐང་འཇོག་མཁན་གྱི་སྡེ་མི་རྣམས་ཀྱི་བསམ་བློའི་འདུ་ཤེས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་དང་།ང་ཚོའི་སེམས་སུ་ཡང་སྔར་ལས་གདེང་ཚོད་ཡོད་པ་དང་ཉོ་འཚོང་གི་མངགས་ཐོ་འགོད་མཁན་ཡང་མང་དུ་ཕྱིན་ཡོད། དེ་བས་ད་ལྟ་ཇི་ལྟར་བྱས་ནས་ཀུང་སིར་དོ་དམ་བྱེད་པ་དང་ཚོང་ར་སྦྲེལ་མཐུད་བྱེད་པའི་ཐད་སྔོན་ཆད་དང་བསྡུར་ན་ང་ཚོའི་རིག་ལམ་ཤིན་ཏུ་གསལ་བོ་ཡིན་ཞེས་བཀྲ་ཤིས་དབང་ཕྱུག་གིས་གསར་འགོད་པར་བཤད།

ནང་ལོགས་ཀྱི་ཞིང་ཆེན་མང་པོ་ཞིག་དང་ཚོང་ལས་སྦྲེལ་མཐུད་བྱེད་པའི་བརྒྱུད་རིམ་ཁྲོད།རིན་ཆེན་ཞིང་ཞོར་ཐོན་རྫས་ཚད་ཡོད་ཀུང་སི་དང་མཉམ་དུ་ཁེ་ལས་དང་མཉམ་ལས་བྱེད་འདོད་ཡོད་པའི་བཟོ་གྲྭ་དང་། མཉམ་དུ་བསམ་འཆར་དང་གྲོས་གཞི་འདོན་མཁན་དག་ནི་ཀུང་སི་དེ་ལ་མཚོན་ན་གོམ་སྟབས་མགྱོགས་ལ་བརྟན་པོའི་ངང་མདུན་དུ་བསྐྱོད་བྱེད་ཀྱི་སྒུལ་ཤུགས་གསར་བ་ཞིག་གྱུར་ཡོད་པ་རེད།ཁེ་ལས་ཁ་ཤས་ཀྱིས་ཐུམ་སྒྲིལ་བརྗེ་རྒྱུའི་གྲོས་གཞི་བཏོན་པ་དང་ཁེ་ལས་ཁ་ཤས་ཀྱིས་ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་གཏང་རྒྱུའི་གྲོས་གཞི་བཏོན་པ་མ་ཟད།ད་དུང་ཁེ་ལས་ཁ་ཤས་ཀྱིས་ཐོན་སྐྱེད་བརྒྱུད་རིམ་རིམ་སྤོར་བྱ་རྒྱུའི་གྲོས་གཞི་སོགས་ཀྱང་འདོན་བཞིན་ཡོད་པ་རེད། ཐེངས་འདིར་ཅང་སུའུ་དང་ཨན་ཧོས་བཅས་ཀྱི་ཉོ་འཚོང་མངགས་ཐོ་འབྱོར་བ་ལས་གཞན་གྲུབ་འབྲས་ཆེས་ཆེ་ཤོས་ཤིག་ནི་ཁོ་ཚོས་བཏོན་པའི་གྲོས་གཞི་དེ་དག་རེད། གྲོས་གཞི་དེ་དག་གིས་ང་ཚོའི་ཕྱོགས་སྒྱུར་རིམ་སྤོར་གྱི་བསམ་ཚུལ་སྔར་བས་ཇེ་བརྟན་དུ་བཏང་སོང་ཞེས་བཀྲ་ཤིས་དབང་ཕྱུག་གིས་བཤད། ནང་ལོགས་སུ་སོང་ནས་ཕྱིར་ལོག་མ་ཐག་བཀྲ་ཤིས་ངག་དབང་ཕྱུག་གིས་ལྗིད་འདེགས་་འཕྲུལ་འཁོར་གླས་ནས་ས་གནས་སྐོར་ཅིག་བསྐྱར་ལས་བྱེད་མགོ་བརྩམས། ཁོས་ཐོན་ལས་གླིང་དུ་ད་ཡོད་ཀྱི་ཤེལ་དམ་ནང་ལྡུག་པའི་ཐོན་སྐྱེད་བརྒྱུད་རིམ་སོར་འཇོག་བྱེད་པའི་རྨང་གཞིའི་སྟེང་འགྱིག་དམ་དང་ལྕགས་ཀྲིན་གྱི་ཐོན་སྐྱེད་འཁོར་ཁང་གཉིས་གསར་དུ་འཛུགས་རྩིས་ཡོད་པ་དང་།དུས་མཚུངས་སུ་ལག་རྩལ་བསྒྱུར་བཀོད་ཁྱབ་སྤེལ་བྱས་ནས་སྔར་ལས་སྔོན་ཐོན་གྱི་སྒྲིག་ཆས་ནང་འདྲེན་བྱས་ཏེ།འབུ་ཕྲ་གསོད་པ་དང་སྣོད་དུ་ལྡུག་པ།སྦྱར་རྟགས་དང་ཐུམ་ཤོག་བཅས་ཚང་མ་རང་འགུལ་གྱི་ཐོན་སྐྱེད་རྣམ་པ་མངོན་འགྱུར་བྱ་རྩིས་ཡོད་ཟེར།

བཀྲ་ཤིས་ངག་དབང་ཕྱུག་གིས་བཤད་རྒྱུར། ཞིང་ས་མེད་པའི་གྲོང་ཁྱེར་ནང་གི་སྡེ་བ་ཞིག་གི་ངོས་ནས་ང་ཚོས་ཕྱོགས་སྒྱུར་རིམ་སྤོར་རྒྱུན་མི་ཆད་པར་བྱེད་པ་དང་ས་ཁོངས་ཀྱི་ཁྱད་ཆོས་ལ་བརྟེན་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་སྔར་ལས་འཕེལ་རྒྱས་སུ་བཏང་ན། ད་གཟོད་གཞི་ནས་ཕྱུག་འགྱུར་འབྱོར་འབྲིང་གི་ལམ་བུའི་སྟེང་རྗེས་ལུས་ཐེབས་མི་སྲིད་ཟེར།

ཀུང་སི་བདེ་བླག་ངང་ཞིང་ཆེན་གཞན་གྱི་ཚོང་ར་དང་འབྲེལ་མཐུད་བྱེད་ཐུབ་པ་བྱུང་བས་སྡེ་བའི་ནང་གི་ཁྱིམ་ཚང་ཉིས་བརྒྱ་དོན་གཅིག་གིས་ཡང་བསྐྱར་གྲོས་མཐུན་བཀོད་ནས་མ་རྐང་བཞག་སྟེ་ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཆེད་ལས་མཉམ་ལས་ཁང་ཞིག་བཙུགས་པ་དང་།མཉམ་ལས་ཁང་དེས་གཙོ་བོ་སྐྱེ་ལྡན་ལོག་དཀར་གྱི་སྣུམ་ལས་སྣོན་ཐོན་སྐྱེད་བྱེད་རྩིས་ཡོད་ཅིང་།ཉོ་སྒྲུབ་བྱས་པའི་སྒྲིག་ཆས་སྣ་ཚོགས་སྒྲིག་སྦྱོར་ཚོད་ལྟ་བྱས་ཟིན་པས་ལོ་མཇུག་ཏུ་འཁོར་སྐྱོད་བྱེད་ཐུབ་ཅེས་བཀྲ་ཤིས་དབང་ཕྱུག་ཡིད་ཆེས་དང་བཅས་ཏེ་གསར་འགོད་པར་བཤད།

                                                                                                                  ལོ་ཙཱ་བ།  གཡང་འབུམ་རྒྱལ།