རྫ་ཆུའི་འགྲམ་གྱི“ཕུགས་འདུན་མངོན་འགྱུར་ལ་བརྩོན”པའི་སློབ་གྲྭ་ཞིག
2021.03.05 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 29

 གྲང་ངར་ཆེ་བའི་རྫ་ཆུའི་འགྲམ་དུ་ཁ་བའི་འདབ་མ་ལྷབ་ལྷུབ་ཏུ་འབབ་བཞིན་ཡོད་ནའང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་དུ་བཙུགས་ཡོད་པའི་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ཁོངས་གཏོགས་ཡུས་ཧྲུའུ་ཚོད་ལྟའི་སློབ་གྲྭར་བསྐྱོད་སྐབས་དྲོད་ལམ་ལམ་གྱི་ཚོར་བ་ཞིག་སྟེར་བྱུང་།

ཕྱོགས་བསྡུས་སློབ་ཁྲིད་ཀྱི་ཐོག་ཁང་དང་དགེ་རྒན་གྱི་མལ་ཁང་གསར་བ། དེ་མིན་དག་གཙང་གི་སློབ་མའི་ཟ་ཁང་དང་། ཉལ་ཁང་། གཙང་སྤྱོད་ཁང་། མཐོ་རིམ་ཚན་རྩལ་གྱི་ནུས་མང་སློབ་ཁང་། ཡངས་ཤིང་རྒྱ་ཆེ་བའི་རྩལ་སྦྱོང་ར་བ་སོགས་དངོས་སུ་མ་མཐོང་ཚེ།“མཐོ་རིམ”སློབ་གྲྭ་འདི་ལྟ་བུ་ཞིག་རྫ་ཆུའི་འགྲམ་གྱི་རི་བོའི་ཕུགས་སུ་ཆགས་ཡོད་པར་ཡིད་ཆེས་བྱེད་དཀའ། སློབ་ཁྲིད་ཐོག་ཁང་གི་རྩེ་ནས་རྒྱང་ལ་བལྟས་ཚེ་ད་གཟོད་སློབ་གྲྭའི་ཕྱོགས་བཞིར་རི་བོ་ཆེན་པོས་བསྐོར་ཡོད་པ་མཐོང་ཐུབ། ཐ་ན་མྱུར་སྐྱེལ་ཡང་སྟབས་མི་བདེ་བའི་ས་ཆ་འདི་འདྲ་ཞིག་ཏུ “སྤུས་ཚད་མཐོ་བའི” དེང་རབས་སློབ་གསོའི་ཚོགས་པ་ཞིག་རྐང་ཚུགས་ཐུབ་པ་བློ་ཡུལ་དུའང་འཆར་དཀའ།

ཡུས་ཧྲུའུ་ཁུལ་སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་ལྕགས་ལོས་ངོ་སྤྲོད་བྱས་པ་ལྟར་ན། སློབ་གྲྭ་འདི་ནི་དེ་སྔའི་ཡུས་ཧྲུའུ་ཁུལ་མི་རིགས་བཅའ་སྡོད་མཐོ་རིམ་སློབ་འབྲིང་ལྔ་བ་ཡིན་པ་དང་། 2018ལོར་པེ་ཅིང་གྲོང་ཁྱེར་སློབ་གསོ་ཨུ་ཡོན་ལྷན་ཁང་དང་རྒྱལ་སའི་དགེ་ཐོན་སློབ་ཆེན། མཚོ་སྔོན་དགེ་ཐོན་སློབ་ཆེན་བཅས་ཀྱི་ཐོན་ཁུངས་ཀྱི་ཆ་རྐྱེན་སྤྱད་དེ་སློབ་གྲྭ་འདི་མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོར་སྤྲད་པ་དང་། སློབ་གྲྭའི་མིང་དེ་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ཁོངས་གཏོགས་ཡུས་ཧྲུའུ་ཚོད་ལྟའི་སློབ་གྲྭར་བསྒྱུར་ནས“གྲོས་མཐུན་དོ་དམ་དང་སྤྱི་ཡོངས་མངགས་བཅོལ། རང་བདག་སློབ་སྒྲུབ”བཅས་ཀྱི་བྱ་ཐབས་སྤྱད་དེ་དོ་དམ་བྱེད་ཀྱིན་ཡོད། མིག་སྔར་སློབ་གྲྭའི་བཟོ་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི་བཞི་སྟོང་གཅིག་ལྷག་ཡོད་པས། དགེ་སློབ2000ལྷག་གིས་སློབ་སྦྱོང་དང་འཚོ་བ་རོལ་ན་ཤོངས་ཐུབ། 2018ལོའི་ཟླ11པར་འཆར་འགོད་བཏོན་པ་དང་། 2019ལོའི་ཟླ་དང་པོར་འཛུགས་སྐྲུན་ཇུས་གཞི་བཟོས་ནས་ཟླ4པར་འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་། 2020ལོའི་ཟླ8པར་ལེགས་འགྲུབ་བྱུང་བ་རེད། སློབ་གྲྭའི་འཛུགས་སྐྲུན་གྱི་ལས་རིམ་རེའུ་མིག་ལ་བལྟས་ཚེ།   ཕན་འབྲས་མཐོ་བའི་འཛུགས་སྐྲུན་འདིའི་མྱུར་ཚད་ལ་ཧ་ལས་པ་ཞིག་རེད།

མྱུར་ཚད་འདི“་ཡུས་ཧྲུའུ་ལ་སློབ་གསོའི་རོགས་སྐྱོར”གྱི་ནུས་ཤུགས་ལས་བྱུང་བ་ཡིན་ལ། རྒྱལ་ཁབ་དང་ཞིང་ཆེན། ས་གནས་ཁག་གི་སྲིད་གཞུང་གི་མཐོང་ཆེན་དང་རྒྱབ་སྐྱོར་འོག་ནས་བྱུང་བ་ཡང་རེད། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ཁོངས་གཏོགས་ཡུས་ཧྲུའུ་ཚོད་ལྟའི་སློབ་གྲྭའི་སློབ་གཙོ་ཧྥན་ཁྲང་ཡན་གྱིས་བཤད་རྒྱུར། “རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་དྲིན་ལས་ད་གཟོད་འབྲོག་ཁུལ་གྱི་བྱིས་པ་རྣམས་སློབ་གྲྭ་འདི་འདྲ་ཡག་པོ་ཞིག་དུ་སློབ་སྦྱོང་བྱེད་ཐུབ་སོང་ཟེར།

2020ལོའི་ཟླ9ཚེས་23ཉིན། མཚོ་སྔོན་དགེ་ཐོན་སློབ་ཆེན་ཁོངས་གཏོགས་ཡུས་ཧྲུའུ་ཚོད་ལྟའི་སློབ་གྲྭས་སློབ་འགོ་ཚུགས་པའི་མཛད་སྒོ་འཚོགས་པ་རེད། ནང་ཆེན་རྫོང་ཡོངས་སུ་འདུ་འཛིས་ཁེངས་ཤིང་།  མི་ཚང་མས་རང་རྫོང་དུ་ཟི་ལིང་གི་སློབ་གྲྭ་བཟང་བོ་ཞིག་བཙུགས་ཡོད་པ་ཤེས་བྱུང་།

སློབ་མ578ཡུས་ཧྲུའུ་ཁུལ་གྱི་རྫོང་སོ་སོ་ནས་ཡོང་མོད། ཁོ་ཚོའི་སློབ་ཞུགས་སྦྱངས་འབྲས་དེ་འདྲ་མི་བཟང་བས་སློབ་གཙོ་དང་དགེ་རྒན་ལ་གནོན་ཤུགས་ཆེན་པོ་ཐེབས་ཡོད། ཡིན་ཡང་བྱིས་པ་དང་ཁྱིམ་བདག་རྣམས་ཀྱི་བྱ་སྤྱོད་ཀྱིས་དགེ་རྒན་རྣམས་ལ་ཡང་བསྐྱར་ཡིད་ཆེས་ཆེན་པོ་བསྩལ།

“ཆེས་ཐག་རིང་ཤོས་ཀྱི་རྫོང་སློབ་གྲྭ་དང་བར་ཐག་སྤྱི་ལེ་500ལྷག་ཙམ་ཡོད་པ་དང་། ཁྱིམ་བདག་དང་སློབ་མ་ཚོ་ཞོགས་པའི་དུས་ཚོད་གསུམ་བཞི་ཙམ་ནས་སློབ་གྲྭར་ཡོང་བ་དང་། སློབ་གྲྭར་ཐོན་རྗེས་ཁོ་ཚོས་ཁ་བཏགས་དཀར་བོ་མང་པོ་ཞིག་སློབ་གྲྭའི་སྒོ་ཆེན་ཐོག་བཀལ་ཡོད་པ་དེ་ནི་ངས་མཐོང་མྱོང་བའི་ཆེས་མཛེས་པའི་སློབ་གྲྭའི་སྒོ་ཆེན་ཡིན། ཁྱིམ་བདག་གིས་དགེ་རྒན་མཐོང་ན་གུས་འདུད་ངང་འཚམས་འདྲི་བྱེད་པ་དང་། བྱིས་པ་ཚོ་ཡང་དེ་བཞིན་རེད། འདི་ནི་ཁོ་ཚོས་སློབ་གྲྭ་དང་དགེ་རྒན་གྱི་ཆེས་མཐོ་བའི་གུས་ལུགས་ཡིན”ཞེས་སློབ་གཙོ་ཧྥན་ཁྲང་ཡན་གྱིས་སེམས་འགུལ་ཆེན་པོས་དེ་ལྟར་བཤད་བྱུང་།

སློབ་རའི་ནང་དུ། བྱིས་པ་ཚོ་དང་དགེ་རྒན་གྱི་མིག་མདངས་ཁྲོད་བཀའ་དྲིན་གྱིས་ཁེངས་ཡོད། “ཐག་རིང་གི་ལུང་ཁུག་འདི་འདྲ་ཞིག་ཏུ་བྱིས་པ་ཚོས་གྲོང་ཁྱེར་གྱི་བྱིས་པ་དང་འདྲ་བའི་སློབ་གསོའི་ཐོན་ཁུངས་ལོངས་སུ་སྤྱོད་ཆོག་པ་འདི་ནི་རྒྱལ་ཁབ་དང་ས་གནས་སྲིད་གཞུང་གིས་སློབ་གསོར་མཐོང་ཆེན་བྱས་པའི་འབྲས་བུ་ཡིན་ལ། བྱིས་པ་འདི་ཚོས་མི་ཚེའི་ཕུགས་འདུན་མངོན་འགྱུར་བྱེད་ཐུབ་པ་དང་། རི་ཁུལ་ནས་ཐོན་ཏེ་མེས་རྒྱལ་ལ་དྲིན་ལན་འཇལ་ཐུབ་པར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད”ཅེས་བཤད། འདི་ནི་འཛིན་བདག་འགའ་ཡི་ཐུན་མོང་གི་ལྟ་བ་རེད།

སློབ་ཁང་དུ་བསྐྱོད་དེ་འཕྲིན་ཕྲན་སློབ་ཁྲིད་དང་། ཐད་གཏོང་། དྲ་ངོས་སློབ་ཁྲིད་སོགས་དུས་མཉམ་དུ་ཕན་ཚུན་སྤེལ་རེས་བཅས་བྱས་པ་བརྒྱུད། དེང་རབས་ཅན་གྱི་ནུས་མཐོ་སློབ་ཁང་གིས་ཀྱང་ས་མཐོའི་སློབ་བུ་དག་གི“མཐོང་རྒྱ་ཆེ་རུ་བཏང”ཡོད།

ཧྥན་ཁྲང་ཡན་གྱིས་བཤད་རྒྱུར། བྱིས་པ་ཚང་མས་ཐོབ་དཀའ་བའི་སློབ་སྦྱོང་གི་གོ་སྐབས་དེར་གཅེས་སྤྲས་ཆེན་པོ་བྱེད་ཀྱིན་ཡོད་པ་དང་། ཁོ་ཚོས་སློབ་ཁང་ནང་རང་རྟོགས་ངང་སློབ་སྦྱོང་ནན་ཏན་བྱེད་ཀྱིན་ཡོད་པས་དགེ་རྒན་གྱིས་སྐུལ་འདེད་བྱེད་མི་དགོས་ལ། བྱིས་པ་ཚོའི་འབད་བརྩོན་ལས་འདི་གར་སློབ་སྐྱོར་བྱེད་པར་ཡོང་བའི་དགེ་རྒན་དག་གི་བློ་བདེ་བོ་བྱུང་ཡོད་ཟེར།

ཏུའུ་ཞན་ཏུང་དང་ལིས་མིན་ཆིའུ་གཉིས་ནི་ཚོད་ལྟའི་སློབ་གྲྭ་འདིའི་དགེ་རྒན་ཡིན། ཁོ་ཚོ་ཡང་ཐོག་དང་པོར་གནས་འདིར་ཡོང་ནས་འབྲོག་ཁུལ་ལ་སློབ་སྐྱོར་བྱེད་པའི་བཟའ་ཟླ་གཉིས་ཡིན། ལོ་སར་ལ་ཉེ་བའི་སྐབས་སུ་བཟའ་ཟླ་གཉིས་ཀ་ཕྱིར་ལོག་མེད་པ་མ་ཟད། ད་དུང་སློབ་མར་སློབ་ཚན་ཟུར་ཁྲིད་བྱེད་བཞིན་ཡོད། “འདི་གར་སློབ་སྐྱོར་བྱེད་སྐབས། སློབ་གྲྭས་ང་ཚོར་ཅི་ནུས་ཀྱིས་ཅུང་ལྷོད་ཡངས་ཀྱི་བྱ་བ་དང་འཚོ་བའི་ཁོར་ཡུག་སྐྲུན་པས། ང་ཚོས་གནས་འདིའི་སློབ་གསོའི་ཆུ་ཚད་མཐོ་རུ་གཏོང་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ཕྲན་ཙམ་འབུལ་འདོད་ཡོད”ཅེས་དེ་ལྟར་བཤད་བྱུང་།

ལོ་ཙཱ། དངོས་སྦྱོང་སློབ་མ་བཀྲ་ཤིས་སྒྲོལ་མ།