སྐར་མདའ་སྡེ་བས་ཕྱོགས་བསྡུས་མཉམ་ལས་ཁང་ལ་བརྟེན་ནས་ཡོང་སྒོ་ཇེ་མང་དུ་བཏང་བ།
2021.09.07 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 19

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་བྱ་ཆུ་ཁོག་སྲང་ལམ་དུ་ཡོད་པའི་སྐར་མདའ་སྡེ་བ་ནི་ཞིང་ཆེན་གཞུང་ལམ308པའི་ལམ་རྒྱུད་དུ་ཆགས་ཡོད། རླངས་འཁོར་གྱི་སྒེའུ་ཁུང་བརྒྱུད་དེ་མིག་གི་མཐོང་ཡུལ་དུ་གྱུར་པའི་སྐར་མདའ་སྡེ་བའི་ཁང་པ་གྲལ་འགྲིག་པོ་མིན་རུང་། བལྟས་ཚོད་ཀྱིས་ཉམས་དགའ་ལ་རྒྱབ་རིར་བསྙེས་ཏེ་མདུན་དུ་ཆུ་བཞུར་བཞིན་ཡོད་པ་དང་། སྡེ་གསར་ལ་བགྲོད་ལམ་དང་ཆུ་གློག གད་སྙིགས་འཇོག་ས་དང་སྤྱོད་ཁང་། བྱ་འགུལ་ཐང་ཆེན་བཅས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་མ་ལག་ཆ་ཚང་འཛོམས་པས། ཐོན་ལས་འཕེལ་རྒྱས་སུ་སོང་བའི་སྡེ་གསར་ཞིག་ཏུ་གྱུར་འདུག

དབྱར་གཞུང་ལ་མཚོ་བོད་མཐོ་སྒང་གི་ཡོད་ཚད་བྲེལ་ཟིང་ཆེ་བར་གྱུར། རོང་འབྲོག་མང་ཚོགས་ཀྱིས་དབྱར་རྩྭ་དགུན་འབུ་རྐོ་བ་དང་ཕྱུགས་འཚོ་བ། ཡང་ན་སྦྲ་གུར་ཕུབ་ནས་མི་འགྱངས་པར་དེར་སླེབས་ལ་ཉེ་བའི་རྒྱང་རིང་གི་ཡུལ་སྐོར་མགྲོན་པོར་བསུ་མ་བྱེད་གྲབས་འདུག འགྲིམ་འགྲུལ་ལམ་ཆེན་རེ་རེའི་སྟེང་དུ་རླངས་འཁོར་བར་མེད་དུ་རྒྱུ་བཞིན་པ་དེ་ནི། རྩ་ལམ་དུ་ཟུངས་ཁྲག་རྒྱུ་བ་ནང་བཞིན། གཞུང་ལམ་འགྲམ་རྒྱུད་ཀྱི་སྡེ་བ་ཀུན་ལ་གསོ་བཅུད་སྐྱེལ་བཞིན་ཡོད།

སྐར་མདའ་སྡེ་བའི“ཕྱུག་བསྒྱུར་མན་ངག”ལམ་འགྲམ་ན་གཟེངས་སུ་ཐོན་པས་གསལ་པོར་མཐོང་ཐུབ། དེ་ནི་སྐར་མདའི་ཀུན་ཕན་ཆེད་ལས་ཕྱོགས་བསྡུས་མཉམ་ལས་ཁང་རེད། མཉམ་ལས་ཁང་ནི2010ལོའི་ཟླ་ལྔ་པར་བཙུགས་ཤིང་། སྡེ་དམངས་ཀྱིས་དམངས་གཙོའི་སྒོ་ནས་བདག་གཉེར་ལ་རྒྱུས་ཡོད་པ་དང་། དོ་དམ་ལ་མཁས་པ། ལས་དོན་སྒྲུབ་པ་ལུགས་མཐུན་དྲང་གཞག་ཡིན་པའི་མི་བདམས་ཏེ་མཉམ་ལས་ཁང་གི་འགོ་ཁྲིད་ཚན་ཁག་གྲུབ་ཏུ་བཅུག་པ་དང་ཆབས་ཅིག ལྟ་ཞིབ་པའི་ལྷན་ཚོགས་བདམས་ཐོན་བྱུང་སྟེ། མཉམ་ལས་ཁང་ལ་ལྟ་སྐུལ་དོ་དམ་བྱེད་པའི་འགན་ཁུར་ཡོད།

འདི་རུ་རང་འདེམ་ཚོང་ཁང་དང་གསོ་སྤེལ་རྟེན་གཞི། རྩམ་པ་འཐག་ས། འཁྱགས་མཛོད་རྟེན་གཞི། ལག་ཤེས་བཟོ་ཁང་། མགྲོན་ཁང་བཅས་དབུལ་ཐར་ཁྱིམ་ཚང་གིས་མ་རྐང་ཕྱོགས་བསྡུས་གཅིག་སྡུད་དང་། རང་བདག་བདག་གཉེར་གྱི་བྱེད་ཐབས་སྤྱད་དེ། དབུལ་ཁྱིམ་གྱི་ཐོན་ལས་ཁྱིམ་ཚང་དུ་ཐོན་པའི་རོགས་སྐྱོར་མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་བཞི་ཁྲི་དགུ་སྟོང་བདུན་ལྷག་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་མཉམ་ལས་ཁང་དུ་བཏང་སྟེ། རིམ་གྱིས་བདག་གཉེར་གྱི་རྒྱ་བསྐྱེད་པ་དེས། སྡེ་དམངས་སྐོར་ཞིག་གི་འཚོ་ཚིས་གནད་དོན་ཐག་བཅད་པར་མ་ཟད། སྡེ་བའི་ཐུན་མོང་དང་སྡེ་དམངས་ཡོངས་ལ་ལོ་རེར་ཁེ་སྤོགས་འཕར་མ་བགོ་རྒྱུ་ཡོད་དུ་བཅུག

ཡུས་ཧྲུའུ་གྲོང་ཁྱེར་བྱ་ཆུ་ཁོག་སྲང་ལམ་དོན་གཅོད་ཁང་གཞུང་ལས་ཁང་གི་ཀྲུའུ་རིན་བསམ་གཏན་ལྷུན་འགྲུབ་ཀྱིས་ངོ་སྤྲོད་བྱས་ཏེ་བཤད་རྒྱུར“ཁྱེད་ཀྱིས་ལྟོས་དང་། ང་ཚོའི་རང་འདེམ་ཚོང་ཁང་གི་མདུན་ན་ཞིང་ཆེན་གཞུང་ལམ308ཡོད་ལ། དེ་ནི་འབྲི་སྟོད་རྫོང་དང་ཆུ་དམར་ལེབ་རྫོང་། ཡུས་ཧྲུའུ་གྲོང་ཁྱེར་རོང་པོ་གྲོང་རྡལ་དང་ཧ་ཤུལ་ཡུལ་ཚོ་བཅས་སུ་འགྲོ་པའི་ངེས་བརྒྱུད་བགྲོད་ལམ་ཡིན་ལ། མཐའ་འཁོར་གྱི་འབྲོག་པ་མང་ཚོགས་དང་ཕར་འགྲོ་ཚུར་འོང་གི་ལམ་འགྲོ་བ་ཚང་མ་ང་ཚོའི་སྐུ་མགྲོན་ཡིན་ཁར་ཁང་གླ་སྟེར་མི་དགོས་ལ། ཚོང་ཟོང་འདྲེན་ན་ང་ཚོའི་མཉམ་ལས་ཁང་ལ་སྐྱེལ་འདྲེན་རུ་ཁག་ཡོད་སྟབས། མ་རྩ་བཏང་བ་ཉུང་ཞིང་ཕྱིར་འཚོང་བྱེད་རྒྱུར་སེམས་ཁུར་བྱེད་མི་དགོས་པས་ཡོང་སྒོ་མང་བ་ཡིན”ཟེར།

ཁྲ་ཆིལ་དགུ་ཆིལ་གྱི་རང་འདེམ་ཚོང་ཁང་ནས་ཕྱིར་བུད་རྗེས། བསམ་གཏན་ལྷུན་འགྲུབ་ཀྱིས་གསར་འགོད་པ་ཁྲིད་དེ་རང་འདེམ་ཚོང་ཁང་རྒྱབ་ཕྱོགས་ཀྱི་ཁང་པ་ཆེན་པོ་ཞིག་གི་ཕྱོགས་སུ་སོང་། ནང་དུ་སོང་སྟེ་བལྟས་པ་ན། མཛེས་བཟོ་བྱས་པར་དགའ་སྟོན་གྱི་རྣམ་པ་ཀུན་ནས་ཤར་ལ། རྐུབ་སྟེགས་རེ་རེའི་སྟེང་དུ་རས་ཐུམ་དམར་པོས་བཏུམས་འདུག བསམ་གཏན་ལྷུན་འགྲུབ་ཀྱིས་བཤད་རྒྱུར། འདི་ནི་ང་ཚོའི་མཉམ་ལས་ཁང་གི་གསོལ་སྟོན་ཚོམས་ཆེན་རེད། གསོལ་སྟོན་ཚོམས་ཆེན་འདི་བདག་གཉེར་བྱེད་ནའང་བྱང་རྩལ་ལྡན་དགོས།

“མཉམ་ལས་ཁང་གིས་གསོལ་སྟོན་ཚོམས་ཆེན་ལ་ཟས་སྣ་སྐོར་ཞིག་འདོན་སྤྲོད་ཐུབ་པ་དང་། གསོལ་སྟོན་སྟེང་སྤྱད་མ་ཚར་བའི་སྐོམ་ཆུ་ཕྱིར་རང་འདེམ་ཚོང་ཁང་དུ་ཕྱིར་སློག་ཆོག་ལ། ཞབས་ཞུ་པ་ཚང་མ་གསོ་སྦྱོང་བྱས་མྱོང་བའི་རང་སྡེའི་སྡེ་དམངས་ཡིན།”

“ཞིབ་རྩིས་རྒྱག་མཁས”པའི་སྐར་མདའ་སྡེ་བའི་སྡེ་དམངས་ཀྱི་མཐོང་རྒྱ་འདི་ཙམ་ལས་ག་ལ་ཚད། ཡུས་ཧྲུའུ་ཁོ་ནར་ལྡན་པའི་དམངས་སྲོལ་དང་ཡུལ་སྲོལ་གོམས་གཤིས་སྔོག་འདོན་བྱས་ཏེ། སྐར་མདའ་སྡེ་བས་ཆུ་ངོགས་སུ་རྩྭ་ཐང་གི་ཡུལ་སྲོལ་གོམས་གཤིས་ཀྱི་སྤྲོ་གསེང་སྡེ་བ་ཡང་བསྐྲུན། ཁེ་བཟང་རེག་པའི་སྐར་མདའ་སྡེ་བས་སྐྱེ་ཁམས་སྲུང་སྐྱོབ་ཀྱང་སྡེ་བའི་སྤྲོ་གསེང་ཡུལ་སྐོར་གྱི་ནང་དུ་བཞག་ལ། “སྐྱེ་ཁམས་ཁལ་རྟ་རུ་ཁག”ནི་སྐར་མདའ་སྡེ་བའི་སྤྲོ་གསེང་གི་ཆེས་ཁྱད་ཆོས་ལྡན་པའི་ཡུལ་སྐོར་གྱི་རྣམ་གྲངས་སུ་གྱུར།

“སྐར་མདའ་སྡེ་བ་ནི་རྫ་ཆུའི་མགོ་ཁུངས་སུ་ཡོད་པ་དང་། ས་ཁོངས་ནང་ཁུལ་དུ་ཆུ་མིག་ཉིས་བརྒྱ་ལྷག་ཡོད་ལ། སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་དེ་སྡེ་དམངས་ཀྱི་གོམས་གཤིས་སུ་གྱུར་བས། ང་ཚོས‘སྐྱེ་ཁམས་ཁལ་རྟ་རུ་ཁག’གིས་ཡུལ་སྐོར་མགྲོན་པོ་ཁྲིད་དེ་འབྲོག་པའི་འཚོ་བ་རོལ་མྱོང་བྱེད་དུ་འཇུག་པའི་དུས་མཚུངས་སུ། ཁོ་ཚོར་འབྲོག་པའི་འཚོ་བ་དང་རིག་གནས་ངོ་མ་འགྲེལ་བཤད་བྱེད་དུ་བཅུག་ཅིང་། སྐྱེ་ཁམས་ཁོར་སྲུང་གི་ཤེས་བྱ་ཁྱབ་གདལ་བཏང་སྟེ། ས་གཞན་གྱི་ཡུལ་སྐོར་མགྲོན་པོར་རྩྭ་ཐང་གི་འཚོ་བ་དངོས་རོལ་མྱོང་བྱེད་དུ་བཅུག དུས་མཚུངས་སུ། རང་བྱུང་ཁམས་ཆེན་མོར་གུས་བརྩི་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་འདུ་ཤེས་དེ་ཡུལ་སྐོར་པ་རེ་རེའི་སེམས་ལ་འཇགས་སུ་བཅུག”ཅེས་བསམ་གཏན་ལྷུན་འགྲུབ་ཀྱིས་དེ་ལྟར་བཤད།

ཐོན་ལས་ཇེ་མང་དུ་སོང་བ་དང་བསྟུན་ནས། སྐར་མདའ་སྡེ་བར་ལས་ཀ་པ་མི་འདང་བའི་དཀའ་ཁག་ལ་འཕྲད། བསམ་གཏན་ལྷུན་འགྲུབ་ཀྱིས་བཤད་རྒྱུར། “ཕྱི་རོལ་ནས་ལས་ཀ་བ་བསྡུ་བ་ལས་རང་མི་བཀོལ་ན་བཟང་། མཉམ་ལས་ཁང་གིས་ནུས་ཤུགས་གང་ཡོད་བཏོན་ཏེ་སྡེ་མི་རྣམས་ལ་རང་ཁྱིམ་གྱི་སྒོ་ཁ་ནས་རང་ལ་འཚམ་པའི་ལས་རྐང་རྙེད་དུ་བཅུག”

ད་ལྟ་སྡེ་བ་ཡོངས་སུ་རྩལ་ནུས་གསོ་སྦྱོང་བྱས་རྗེས་ཐག་ཉེ་ས་ནས་ལས་ཞུགས་མངོན་འགྱུར་བྱས་པའི་སྡེ་དམངས་ཀྱིས་བརྒྱ་ཆའི་དོན་ལྔ་ཡན་ཟིན་ལ། ཐ་ན་སྡེ་བའི་ལོ་ལོན་དག་ལའང་མཆོད་མེའི་སྡོང་རས་ལས་པ་ལ་བརྟེན་ནས་ཟླ་རེར་སྒོར་སྟོང་གཅིག་ལྔ་བརྒྱ་ཡས་མས་ཀྱི་ཡོང་འབབ་ཡོད་པ་རེད།

ད་ལྟའི་སྐར་མདའ་སྡེ་བས་སྒོ་ཟོག་འཚོས་ཏེ་འཚོ་བ་རོལ་བ་དང་། “གནམ་ལ་བརྟེན་ནས་ཟ་མ་ཟ་བ”སྟེ་དབྱར་རྩྭ་དགུན་འབུ་བརྐོ་བའི་འཚོ་བ་དང་རྩ་བ་ནས་གྱེས་ཏེ། ཐོན་ལས་ཡོད་པ་དང་བྱ་བ་ཡོད་པ། ཁེ་སྤོགས་བགོ་རྒྱུ་ཡོད་པའི་འཚོ་བ་སྐྱིད་པོ་རོལ་བཞིན་ཡོད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།