གྲོང་གསེབ་དར་སྤེལ་དུ་བཏང་སྟེ། “ཁྱད་ལྡན་ཐོན་ལས”ལེགས་པོར་སྒྲུབ་པ།
2021.09.14 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 12

“ངས་འདི་ནས་ཏང་དང་མི་དམངས་ཀྱི་ཚབ་བྱས་ཏེ་རྔམ་བརྗིད་ལྡན་པའི་ངང་ཡོངས་བསྒྲགས་བྱ་རྒྱུར། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་རྒྱུན་མཐུད་འབད་འཐབ་བྱས་པ་བརྒྱུད། ང་ཚོས་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་པ་དང་། ཀྲུང་ཧྭའི་ཡུལ་གྲུ་ཀུན་ཏུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་པ་དང་། བལྟོས་མེད་དབུལ་ཕོངས་ཀྱི་གནད་དོན་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་ཐག་བཅད།”

རྔམ་བརྗིད་ལྡན་པའི་ཡོངས་བསྒྲགས་དེ་གཙང་པོའི་མགོ་ཁུངས་ཀྱི་ས་གཞི་ཡོངས་སུ་ཁྱབ་ཅིང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་བཀྲ་ཤིས་དར་ཐང་སྡེ་བའི་ཉིན་རེའི་རྣམ་པ་གསར་པའི་འཕེལ་རྒྱས་ནི་ཡོངས་བསྒྲགས་དེའི་གསོན་ཉམས་ལྡན་པའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། ས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཀྱིས་གྲོང་གསེབ་དར་སྤེལ་གཏོང་བའི“མཐུད་རྒྱུག་དབྱུག་པ”དམ་པོར་བཟུང་སྟེ། ཡིད་ཆེས་བརྟན་པོའི་ངང་རྒྱང་སྐྱོད་གསར་པའི་མགོ་བརྩམས།

“ཚང་མས་དཀའ་ལས་ལ་མི་འཛེམ་པར། ལས་ཚད་ཇེ་མགྱོགས་སུ་བཏང་སྟེ་ལས་ཀ་སྒྲུབ་ས་གསར་བར་གཙང་སྦྲ་བྱེད་རོགས།” ཟླ7པའི་ཚེས13ཉིན། ཡུས་ཧྲུའུ་གྲོང་ཁྱེར་བཀྲ་ཤིས་དར་ཐང་ཞིང་ཕྱུགས་ཉོ་ཚོང་ཚོང་ར་རུ། བཀྲ་ཤིས་དར་ཐང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་འབྲུག་གྲགས་ཚེ་རིང་གིས་ཨར་ལས་བཟོ་པར་ལས་ཀ་བགོ་བཞིན་འདུག ཁོས་སྐམས་ཤའི་ཚོང་བྲིན་པའི་དུས་ལ་མ་སླེབས་པའི་སྔོན་ལ་ཚོང་རའི་བསྒྱུར་བཀོད་རིམ་སྤར་ལེགས་འགྲུབ་བྱུང་བ་དང་། ཚོང་གཉེར་ཁྱབ་ཁོངས་རྒྱ་བསྐྱེད་དེ། སྡེ་དམངས་ལ་སྔར་ལས་མང་པའི་ཁེ་བཟང་བསྐྲུན་རྒྱུའི་རེ་བ་བཅངས་ཡོད།

བཀྲ་ཤིས་དར་ཐང་སྡེ་བའི་མི་རེར་ཆ་སྙོམས་ཀྱིས་ས་མུའུ0.5རེ་མ་གཏོགས་མེད་པས། དཔེ་མཚོན་ཅན་གྱི“མི་མང་ས་ཉུང་”གི་མཁར་དཀྱིལ་སྡེ་བ་ཞིག་ཡིན་པ་དང་། 2016ལོའི་ཡར་སྔོན་ལ་ད་རུང་དབུལ་ཕོངས་སྡེ་བ་ཞིག་རེད། ཉེ་བའི་ལོ་འགར། ཡུས་ཧྲུའུ་གྲོང་ཁྱེར་གྱི་མཁར་གྲོང་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས། བཀྲ་ཤིས་དར་ཐང་སྡེ་བས་ས་ཁོངས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་པ་དང་། ཐོན་ལས་གསུམ་པ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་བཏང་སྟེ་སྡེ་བའི་ཐུན་མོང་དཔལ་འབྱོར་རྒྱ་ཆེར་བཏང་བ་དང་། འབྲོག་པ་མང་ཚོགས་ཀྱིས་ལས་རིགས་བསྒྱུར་བར་ཧུར་ཐག་གིས་ཁྲིད་སྟོན་བྱས་ཏེ། ཡོང་སྒོ་འཕར་ཐུབ་པ་བྱུང་།

“ཐོན་ལས་གསུམ་པ་ནི་ང་ཚོ་སྡེ་བའི་ཁྱད་ཆོས་ཡིན་པས། སྡེ་དམངས་ཀྱི་ཡོང་འབབ་ལ་ཁག་ཐེག་དང་། འཚོ་བའི་སྤུས་ཚད་ཇེ་བཟང་དུ་གཏོང་དགོས་ན། ཐོན་ལས་འཕེལ་རྒྱས་ཀྱི་སྟེང་ནས‘ཁེ་སྤོགས’འཚོལ་དགོས།”འབྲུག་གྲགས་ཚེ་རིང་གིས་མུ་མཐུད་དུ་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་གསུངས་པ་ནང་བཞིན། མཐར་མཐུག་གི་དམིགས་ཡུལ་ནི་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་རྒྱུ་དེ་མ་ཡིན་པར། འཚོ་བ་གསར་པ་དང་འབད་འཐབ་གསར་པའི་མགོ་རྩོམ་རྒྱུ་དེ་རེད། གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ཆ་ནས། འབད་པ་ལྷོད་མེད་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བའི་རྨང་གཞིའི་སྟེང་། མུ་མཐུད་དུ་འབད་པ་བྱས་ཏེ། གྲོང་གསེབ་དར་སྤེལ་དུ་གཏོང་བའི་བྱ་བར་ཡར་སྐུལ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་བསྐྱེད་དེ། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་ཆེད་རང་གི་ནུས་པ་ཕྲན་བུ་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཟེར།

གྲོང་ཁྱེར་ཐོན་ལས་ལ་རྐང་བཙུགས་ཏེ་འཕེལ་རྒྱས་བརྩོན་ལེན་དང་། ཐོན་ལས་རིམ་སྤར་བྱེད་པ་ནི་བཀྲ་ཤིས་དར་ཐང་སྡེ་བའི་འཕེལ་ཕྱོགས་སུ་གྱུར་ཡོད། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་མགོ་ཁྲིད་ཚན་ཁག་གི་སྣེ་ཁྲིད་འོག་ཏུ། བཀྲ་ཤིས་དར་ཐང་སྡེ་བས་གྲོང་གསེབ་དར་སྤེལ་ལས་གཞིའི་མ་དངུལ་ཧྲག་སྡེབ་བྱས་པ་དང་། མ་དངུལ་སྒོར་མོ་ས་ཡ་གསུམ་བཏང་སྟེ། ད་ཡོད་ཀྱི་ཞིང་ཕྱུགས་ཉོ་ཚོང་ཚོང་རར་སྔར་ལས་ལྷག་པའི་སྒོ་ནས་རིམ་སྤར་བསྒྱུར་བཀོད་བྱས་ཏེ། སིལ་ཏོག་དང་སྔོ་ཚོད་སྡེབ་འཚོང་དང་། མེ་ཏོག་དང་བྱ་བྱིའུ། རྡོ་ངོ་མཚར་ཅན་དང་། ཟས་རིགས་ལས་སྣོན་བཅས་རིགས་སྣ་མང་བའི་ཕྱོགས་བསྡུས་རང་བཞིན་གྱི་སྡེབ་འཚོང་ཚོང་ར་ཞིག་ཏུ་བསྐྲུན་རྩིས་ཡོད།

“ཚོང་གཉེར་ན་ཚོང་ར་ཡོད་ལ། ལས་ཀ་འཚོལ་ན་ལས་རྐང་ཡོད།”འབྲུག་གྲགས་ཚེ་རིང་གིས་དེ་ལྟར་བཤད་པ་དང་། ད་ལྟ། ཞིང་ཕྱུགས་ཉོ་ཚོང་ཚོང་རར་ཟི་ལིང་དང་། ལྷ་ས། ཀ་ཅུ་བཅས་ཀྱི་དངོས་ཟོང་སྐྱེལ་འདྲེན་ལམ་ཐིག་གསུམ་ཡོད་ལ། ཚོང་རར་རིམ་སྤར་བསྒྱུར་བཀོད་བྱས་པ་དེས་བཀྲ་ཤིས་དར་ཐང་སྡེ་བར་ཡོང་སྒོ་སྔར་ལས་མང་པོ་བསྐྲུན་ཐུབ་པ་དང་། སྔོན་དཔག་བྱས་ན་ད་ལོའི་ཁེ་སྤོགས་ཀྱི་ཡོང་སྒོ་སྒོར་མོ་ས་ཡ་གསུམ་ལ་སླེབས་ཐུབ་པར་མ་ཟད། ཚོང་ཁང་རེ་རེ་ནི་ལས་རྐང་རེ་རེ་ཡིན་པས། སྡེ་དམངས་ཀྱིས་ཐག་ཉེ་ས་ནས་ལས་ཞུགས་མངོན་འགྱུར་བྱེད་ཐུབ།

འཇམ་རྒྱལ་ནི་བཀྲ་ཤིས་དར་ཐང་སྡེ་བའི་སྡེ་དམངས་ཡིན་པ་དང་། སྡེ་བའི་ཐུན་མོང་གིས་ཐོན་ལས་གསུམ་པ་འཕེལ་རྒྱས་སུ་བཏང་སྟེ་ཐོབ་པའི་ཡོང་སྒོ་ལ་བརྟེན་ནས། བཟའ་མི་གང་པོས་འཚོ་བ་སྐྱིད་པོ་རོལ་བཞིན་ཡོད།  འཇམ་རྒྱལ་གྱིས་བཤད་རྒྱུར། ལོ་འདི་དག་གི་རིང་ལ། སྡེ་བའི‘ཨུ་ཡོན་ལྷན་ཁང་གཉིས’ཀྱིས་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་བཏང་བ་ལ་བརྟེན་ནས། ང་ཚོའི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་སོང་། བཟའ་མི་དྲུག་པོར་ལོ་རེར་ཡོང་སྒོ་སྒོར་མོ་ཁྲི་གསུམ་ལ་ཉེ་བ་ཡོད་པ་དང་། དེའི་ཐོག་ངས་ཞིང་ཕྱུགས་ཐོན་རྫས་ཉོ་ཚོང་ལྟེ་གནས་སུ་སྐྱེལ་འདྲེན་རླངས་འཁོར་བསྐོར་བའི་ཡོང་སྒོ་བསྣན་ན། ད་ལྟའི་འཚོ་བར་ང་རང་ཧ་ཅང་ཡིད་ཚིམ་ཡོད་ཟེར།

ཕུགས་བསམ་མདུན་ཕྱོགས་སུ་ཡོད་ལ། བགྲོད་ལམ་རྐང་འོག་ན་ཡོད། བཀྲ་ཤིས་དར་ཐང་སྡེ་བས་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ་ཕྱུག་བསྒྱུར་བྱེད་པའི་ཐད་ནས་དྲན་ཚུལ་སྔར་ལས་མང་པོ་ཞིག་རྙེད་བྱུང་། འཁྱགས་མཛོད་དང་། ལས་སྣོན་བཟོ་གྲྭ། རླངས་འཁོར་འཇོག་ས། མགྲོན་ཁང་བཅས་ཆ་སྡེབ་སྒྲིག་བཀོད་རབ་དང་རིམ་པ་འཛུགས་སྐྲུན་བྱས་ཏེ། ཐོན་ལས་སྦྲེལ་ཐག་ཆ་ཚང་ཞིག་ཆགས་སུ་བཅུག་ནས། སྡེ་བའི་ཐུན་མོང་དཔལ་འབྱོར་མུ་མཐུད་དུ་འཕེལ་རྒྱས་སུ་བཏང་བར་བརྟེན་ནས་འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་འཁོར་རྒྱུག་ལེགས་པོ་ཡོང་བར་སྣེ་ཁྲིད་བྱེད་རྒྱུ་རེད།

འབྲུག་གྲགས་ཚེ་རིང་གིས་བཤད་རྒྱུར། འཐབ་ལམ་གསར་པའི་སྟེང་། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་དམ་པོར་འཛིན་དགོས་ལ། ངས་མུ་མཐུད་དུ་གྲོང་གསེབ་དར་སྤེལ་གཏོང་བར་རྐང་བཙུགས་ཏེ། ང་ཚོའི་དགེ་མཚན་ལ་བརྟེན་ནས། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་། མང་ཚོགས་ཀྱི་འབྱོར་འབྲིང་གི་ལམ་བུ་སྔར་ལས་བརྟན་པོར་གཏོང་རྒྱུ་ཡིན་ཟེར།

རྒྱང་སྐྱོད་ཀྱི་འཐབ་ལམ་རིང་མོའི་སྟེང་། ང་ཚོས་བསྒྲུབ་རྒྱུ་ནི་འབད་འཐབ་བྱེད་རྒྱུ་དེ་ཡིན། ཡུས་ཧྲུའུ་གྲོང་ཁྱེར་བཀྲ་ཤིས་དར་ཐང་སྡེ་བའི་ལས་བྱེད་པ་དང་མང་ཚོགས་རྣམས་སྤོབས་པ་ཆེར་བསྐྱེད་དང་དཔའ་ངར་ཞུམ་མེད་ཀྱིས་ཕྱུག་བསྒྱུར་དང་འབྱོར་འབྲིང་གི་འབད་འཐབ་དམིགས་འབེན་ཕྱོགས་སུ་འབད་བརྩོན་ཆེན་པོས་མདུན་དུ་སྐྱོད་བཞིན་ཡོད།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།