“མགྱོགས་བགྲོད་འཁོར་ལམ”གྱིས“ཕྱུག་བསྒྱུར་བགྲོད་ལམ”ཡངས་པར་ཕྱེས།
2021.09.22 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 11

“ཧྲང་ཧའེ་པ་ནི་ང་ཚོ་མགོ་ལོག་པའི་ཁྱིམ་མཚེས་བཟང་པོ་ཡིན།” ཧོང་ཕུའུ་གཙང་པོ་དང་བར་ཐག་ལ་སྤྱི་ལེ2700ཡོད་པའི་མདོ་དབུས་མཐོ་སྒང་གི་དབྱར་མགོའི་དུས་ཚིགས་སུ་སྔོ་ལྗང་གཡུ་ལོ་ཐགས་སུ་བཀྲ། ས་དེ་རུ“ཧྲང་ཧའེ་ནས་ཡོང་བ་ཡིན”ཞེས་བཤད་ཐེངས་རེར། ངོ་གདོང་སྨུག་ཅིང་འཛུམ་རྒྱ་གྲོལ་བའི་མི་དེ་དག་གིས་དེ་མ་ཉིད་དུ་ལག་ཟུང་ཕར་བསྲིངས་ཏེ་ལག་འཇུ་བྱེད་ངེས།

ན་ནིང་གི་ཟླ11པར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གི་འབྲོག་དམངས་སྐྱིད་བདེ་བཟའ་མི་གང་བོ་མཚེར་ཆེན་ཐང་གི་གནས་སྤོར་བཀོད་སྒྲིག་ཁུལ་དུ་གནས་སྤར་ནས་ཡུན་རིང་མ་འགོར་བར། ཁྱིམ་ཚང་གི་སྒོ་ཁར་ཧྲང་ཧའེ་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་ངལ་རྩོལ་མཉམ་སྒྲུབ་དང་དབུལ་སྐྱོར་གནས་སྤོར་བཀོད་སྒྲིག་ཁུལ་གྱི་སྐོར་སྐྱོད་གདན་ཞུ་ཚོགས་འདུ་བསྡུས་ཏེ། ཧྲང་ཧའེ་ནས་ཐོན་པའི་ཕུལ་བྱུང་ཁེ་ལས10ལྷག་གིས་ལས་རྐང200ལྷག་འདོན་སྤྲོད་བྱས་ཏེ། ངལ་རྩོལ་མཉམ་སྒྲུབ་དེ“ཁྱིམ་ཚང་གི་སྒོ་ཁ”ནས“བཟོ་གྲྭའི་སྒོ་ཁར”སླེབས།

ཚེ་འདིར་ཕ་ཡུལ་དང་ཐེངས་དང་པོར་ཁ་བྲལ་བ་ནི་གླ་ཡོན་མི་དགོས་པའི་གནམ་གྲུར་བསྡད་དེ་གྲོང་ཁྱེར་ཆེན་མོར་སྒོར་མོ་བཙལ་དུ་སོང་བ་དེ་ཡིན་པ་སྐྱིད་བདེའི་ཡིད་ལའང་དྲན་མ་མྱོང་། ང་ཚོ་མི་བཅུ་ལྷག་པད་མ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་རྩ་འཛུགས་འོག་ཧྲང་ཧའེ་རུ་འབྱོར་ནས་ལོ་ཕྱེད་འགོར་ཡོད་ཅིང་། ཡར་སྔོན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་པའི་རྩལ་ནུས་གསོ་སྦྱོང་གི་ལས་གཞི་བརྒྱུད་དེ་ལག་ཤེས་འགའ་བསླབས་ཡོད། ད་ལྟ་གྲོང་ཁྱེར་ཆེན་མོ་ནས་ཡུལ་མི་ཚོའི་རེ་བ་སྟོང་ཟད་དུ་མི་གཏོང་བར། བྱ་བར་འབད་འབུངས་དང་ལག་རྩལ་སྔར་ལས་མང་པོ་སྦྱངས་ཏེ། འཚོ་བ་ཇེ་བཟང་ནས་ཇེ་སྐྱིད་རུ་གཏོང་རྒྱུ་ཡིན་ཞེས་བཤད་སྐབས་སྐྱིད་བདེར་དགའ་སྤྲོ་དཔག་མེད་སྐྱེས་འདུག

སྐྱིད་བདེ་ཡིས་སྤྲོ་སེམས་འཁོལ་བའི་ངང་བཤད་རྒྱུར། ང་རང་ཧྲང་ཧའེ་རུ་ལས་ཚོགས་ལ་འགྲོ་བར་ཧ་ཅང་སྟབས་བདེ་ཡིན་ཏེ། མལ་ཁང་ལས་སྒོར་བུད་དེ་ཅུང་ཙམ་སོང་ན་བཟོ་གྲྭར་ཐོན་ཐུབ་ཅིང་། ཆ་སྙོམས་ཀྱིས་ཟླ་རེར་ཟླ་ཕོགས་སྒོར4000ཡས་མས་ཡོད་སྟབས། ང་ཚོ་གནས་སྤོར་ཁྱིམ་ཚང་གི་འཚོ་བར་སེམས་ཁྲལ་ཅི་ཡང་མི་འདུག”ཟེར།

སྐྱིད་བདེ་དང་འདྲ་བར་ཧྲང་ཧའེ་རུ་ཞོར་ལས་ལ་སོང་བའི་གནས་སྤོར་དབུལ་ཁྱིམ་གྱི་མི་བཅུ་ལྷག་ཡོད། པད་མ་རྫོང་གི་འབྲོག་པ་ཟླ་བ་ཡར་ཚེས་ཧྲང་ཧའེ་རུ་ཞོར་ལས་ལ་མ་སོང་བའི་སྔོན་ལ། སྡེ་བའི་ནང་གི་ཆེས་དབུལ་བའི“ཕྱུགས་རྫི”ཡིན་པ་དང་། ད་ལྟ་ཁོས་ཧྲང་ཧའེ་ཧྥེ་ཉི་ས་ཁེ་ལས་ནས་ཟླ6རིང་ལས་ཀ་ལས་ཏེ་སྒོར་ཁྲི་གཉིས་ཙམ་བསགས་ཡོད། དང་ཐོག་ཧྲང་ཧའེ་རུ་ཞོས་ལས་ལ་སོང་བ་ནི་ཁ་གསབ་རོགས་དངུལ་ལེན་པའི་ཆེད་དུ་ཡིན་མོད། འོན་ཀྱང་ཅུང་མ་འགོར་བར་རང་ཉིད་ཀྱི་བསམ་ཚུལ་ལ་འགྱུར་ལྡོག་བྱུང་སྟེ། བྱ་བ་དང་འཚོ་བར་ངེས་ཤེས་གསར་པ་རྙེད་པ་དང་། ད་ལྟ་ངས་ཕྱིར་འཚོང་གི་ཤེས་བྱ་སྦྱོང་བཞིན་ཡོད་ཅེས་བཤད་མཚམས་འདིར་སླེབས་སྐབས་ཟླ་བ་ཡར་ཚེས་ཀྱི་གདོང་ལ་འཛུམ་མདངས་རྒྱས།

ཁོས་ངོ་སྤྲོད་བྱས་པ་ལྟར་ན། ཧྲང་ཧའེ་ཡི་བཟོ་གྲྭ་འདིས་ཟླ་རེར་སྒོར་མོ་སྟོང་བཞི་དང་ལྔ་བརྒྱ་ཡི་ཟླ་ཕོགས་སྟེར་བར་མ་ཟད། བཟའ་བཏུང་དང་མལ་ཁང་གི་རིན་སྤྲོད་མི་དགོས་པ་རེད། ཁོས་བཤད་རྒྱུར། རང་ཉིད་མགོ་ལོག་རྩྭ་ཐང་དང་ཁ་བྲལ་མ་མྱོང་ལ། ཕ་མའི་གམ་ནས་བསྡད་ན་ཁྱིམ་ལས་ལས་རོགས་བྱེད་ཐུབ་མོད། འོན་ཀྱང་སྒོར་མོ་མ་བཙལ་ན། འཚོ་བ་ཇེ་བཟང་དུ་གཏོང་ཐབས་མེད་ཟེར།

ཟླ་བ་ཡར་ཚེས་ཀྱི་ཁྱིམ་མི་ཚོ་ལྷག་ཏུ་དགའ་སྤྲོ་དཔག་མེད་སྐྱེ་བཞིན་ཡོད། ངེད་ཚང་མི་རབས་ནས་མི་རབས་བར་ཕྱུགས་རྫི་ཡིན། ད་ཐེངས་བྱིས་པ་ཕྱི་རུ་ཞོར་ལས་ལ་སོང་བས། ཁྱིམ་ཚང་གི་འཚོ་བར་ཁ་གསབ་རྒྱག་ཐུབ་པར་མ་ཟད་མཐོང་རྒྱ་ཡང་བསྐྱེད་པས། ཏང་གི་སྲིད་ཇུས་བཟང་པོར་བཀའ་དྲིན་ཞུ་ཟེར།

བཟོ་གྲྭའི་འགན་འཁུར་པས་གསར་འགོད་པར་བཤད་རྒྱུར། ལས་ན་དལ་བ་དང་ལས་འཆུག་བྱུང་ན་སྐྱོན་མེད་དེ། ང་ཚོས་གོ་སྐབས་བྱིན་ཏེ་ངང་རྒྱུད་རིང་པོའི་སྒོ་ནས་ཁོ་ཚོར་སློབ་སྦྱོང་བྱེད་དུ་བཅུག་པ་ཡིན། རྒྱུན་དུ་ཟླ་གསུམ་རིང་ལ་ལག་ལེན་བྱས་རྗེས། ཁོ་ཚོ་བཟོ་པ་གཞན་དག་དང་གཅིག་འདྲར་འགྱུར་ཐུབ་པར་མ་ཟད། ལ་ལ་ཞིག་དེ་དག་ལས་ཀྱང་འཇོན་པོར་འགྱུར་ཐུབ། རེ་བ་ནི་གསོ་སྦྱོང་བརྒྱུད་དེ་ཁོ་ཚོ་གང་མགྱོགས་སྒོས་ལག་རྩལ་ལ་བྱང་བའི་ཐོན་ལས་བཟོ་པར་གསོ་སྐྱོང་བྱེད་རྒྱུ་དེ་ཡིན་ཟེར།

ལོ་འདི་དག་གི་རིང་ལ། པད་མ་རྫོང་གིས་ཧྲང་ཧའེ་གྲོང་ཁྱེར་ཆིང་ཕུའུ་ས་ཁུལ་གྱི་ཁ་གཏད་རོགས་སྐྲུན་ལས་ཁུངས་དང་མཐུད་སྦྲེལ་གང་ལེགས་བྱས་ཏེ། “ཕྱིར་བགྲོད་པ། གཏན་འཇགས་ཐུབ་པ”ཡི་བྱེད་སྟངས་སྤྱད་དེ་ཕྱི་ཕྱོགས་སུ་རྒྱ་བསྐྱེད་པ་དང་། ངལ་རྩོལ་མཉམ་སྒྲུབ་རིགས་དབྱེ་ནས་ལག་བསྟར་དང་བབ་བསྟུན་ལེགས་བཅོས་བྱས་ཏེ། རོང་འབྲོག་མང་ཚོགས་ཀྱི་བསམ་པའི་འདུ་ཤེས་བསྒྱུར་པར་སྐུལ་འདེད་དང་ཁྲིད་སྟོན་བྱས་པ་དང་། ལས་ཞུགས་ཀྱི་ཐབས་ལམ་རྒྱ་བསྐྱེད་ལ། དབུལ་ཐར་མཁྲེགས་གཏོར་དང་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ནུས་ལྡན་སྦྲེལ་མཐུད་བྱས་པ་རེད། ད་ལྟ་རོང་འབྲོག་མང་ཚོགས་བཅུ་ཧྲང་ཧའེ་རུ་ཞོར་ལས་ལ་འགྲོ་བའི“ཕྱུག་བསྒྱུར་གྱི་ལམ་བུ”སྟེང་སྐྱོད་ཅིང་། ངལ་རྩོལ་མཉམ་སྒྲུབ་ཀྱིས་ཁྱིམ་ཚང་གི་སྒོ་ཁ་ནས་བཟོ་གྲྭའི་སྒོ་ཁའི་བར་གྱི“མགྱོགས་བགྲོད་འཁོར་ལམ”ཤར་གཏོང་བྱས་ཡོད།

2018ལོའི་ཚུན་ལ། པད་མ་རྫོང་གིས་འབད་པ་ཆེན་པོས་ལས་ཞུགས་ཀྱིས་དབུལ་ཐར་མཁྲེགས་གཏོར་བྱེད་པའི་ལོ་གསུམ་བྱ་སྤྱོད་སྤེལ་ཏེ། རོང་འབྲོག་ཁུལ་གྱི་ངལ་རྩོལ་པ་ཕྱི་རོལ་དུ་སོང་སྟེ་ལས་ཞུགས་བྱེད་པའི་ཡིད་ཆེས་རྒྱུན་ཆད་མེད་པར་ཇེ་བརྟན་དུ་བཏང་བ་དང་། གྲོང་ཁྱེར་གྱི་འཚོ་བར་གོམས་ལོབས་སུ་འགྲོ་བའི་ནུས་པ་ཇེ་མཐོར་བཏང་སྟེ། “ལག་རྩལ་ཅན”གྱི་ངལ་རྩོལ་པ་སྔར་ལས་མང་པོས་ལས་ཞུགས་ལས་སྐྲུན་བྱེད་པར་སྐུལ་སྤེལ་བྱས། རོང་འབྲོག་ཁུལ་གྱི་ན་གཞོན་ཁྲོད་དྲིལ་བསྒྲགས་དང་སྐུལ་སློང་རྒྱ་ཆེར་བྱས་པར་མ་ཟད། ཁོ་ཚོར་འཕྲུལ་ཆས་ཞིག་གསོ་དང་། ཚ་ལ། ལྭ་བ་འཚེམ་བཟོ། ཁྱིམ་སྐྱོང་དང་། བཟའ་བཏུང་ཞབས་ཞུ་བཅས་ཀྱི་རྩལ་ནུས་གསོ་སྦྱོང་བྱས་ཏེ། རྩལ་ནུས་སྣ་གཅིག་ཁོ་ཚོའི་རྒྱུད་ལ་འབྱོར་བར་རོགས་རམ་བྱས་པར་མ་ཟད། ཧྲང་ཧའེ་ཡི་ཁེ་ལས་སུ་ངལ་རྩོལ་ལས་ཞུགས་བྱེད་པར་ཁ་གཏད་སྐྱེལ་མ་བྱས་ཏེ། མགྱོགས་མྱུར་ངང་དབུལ་ཐར་བྱེད་པ་དང་། བརྟན་འཇགས་ངང་དབུལ་ཐར་བྱེད་པ་མངོན་འགྱུར་བྱུང་།

དེ་དང་ཆབས་ཅིག པད་མ་རྫོང་གིས“ཁ་ཕྱོགས་གཏན་འཁེལ་ངང་ཕྱི་རུ་འགྲོ་བ”ཡི་ངལ་རྩོལ་མཉམ་སྒྲུབ་ཀྱི་ནང་རྐྱེན་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། འགུལ་རྣམ་ངང་ལྟ་ཞིབ་ཚད་ལེན་བྱས་ལ། སྤོ་སྒྱུར་ལས་ཞུགས་ངལ་རྩོལ་པ་སྐོར་ཐེངས་དང་པོ་ཧྲང་ཧའེ་རུ་ཐོན་རྗེས། ངལ་རྩོལ་པའི་ལས་ཀ་ས་ཚིགས་ཀྱི་ལས་བྱེད་མི་སྣ་དང་རྩ་འཛུགས་མངག་གཏོང་བྱས་པའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག མི་བཀོལ་ཁེ་ལས་བཅས་ཀྱིས་ངལ་རྩོལའི་རྗེས་མཐུད་རྗེས་འདེད་ཞབས་ཞུ་ལེགས་སྒྲུབ་བྱེད་པར་མཐུན་སྦྱོར་བྱས་ཏེ། སྒོ་ཕྱིར་གླ་རྒྱག་ཏུ་འགྲོ་བའི་མི་སྣས་འབད་པ་ཆེན་པོས་ལས་ཞུགས་བྱེད་པ་དང་། ལས་ཞུགས་བརྟན་འཇགས་ཡོང་བར་ཆ་རྐྱེན་བསྐྲུན་ཏེ། འབྱུང་འགྱུར་ལ་སེམས་ཁྲལ་མེད་པར་བྱས།

རྗེས་མར། པད་མ་རྫོང་གིས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་ཇེ་བརྟན་དང་རྒྱ་བསྐྱེད་པ་དེ་གྲོང་གསེབ་དར་སྤེལ་གཏོང་བ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པར་དམིགས་ཏེ། ངལ་རྩོལ་པ་ཕྱིར་གཏོང་གི་ཐབས་ལམ་མུ་མཐུད་དུ་ཇེ་ཡངས་དང་གཞི་རྒྱ་བསྐྱེད་དེ། ཞིང་སྡེའི་དབུལ་ཕོངས་ཁྱིམ་ཚང་གི་ངལ་རྩོལ་པ་སྤོ་སྒྱུར་ལས་ཞུགས་བྱེད་པར་སྐུལ་འདེད་དང་རྩ་འཛུགས་བྱས་ཏེ། སྤོ་སྒྱུར་ལས་ཞུགས་རྩ་འཛུགས་ཅན་དུ་འགྱུར་ཚད་ལ་རྒྱུན་ཆད་མེད་པར་ཤུགས་བསྣན་ཏེ། རོང་འབྲོག་ཁུལ་གྱི་ངལ་རྩོལ་པ་བརྟན་འཇགས་ངང་ལས་ཞུགས་བྱེད་པར་སྐུལ་འདེད་དང་། བརྟན་འཇགས་ངང་ལས་ཞུགས་དང་རྒྱུན་མཐུད་ངང་ཡོང་སྒོ་འཕར་བའི་དམིགས་འབེན་མངོན་འགྱུར་བྱེད་རྒྱུ་རེད།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།